2012-05-03

བདེན་པ་སྙིང་ནས་འབོད།

ཁང་བརྩེགས་གནམ་ལ་ཟུག །
གཡག་གུའི་རྨིག་སྒྲ་མེད།།
ང་རང་གཞན་ཡུལ་འདུག །
ད་ནི་རང་ཡུལ་དྲན།།

མི་ཚོགས་རླབས་བཞིན་འཁྱོམ།།

དབེན་པ་སེམས་ན་མེད།།
ཁོ་བོའི་སེམས་ཀྱི་སྤྲིན།།
ཕ་ཡུལ་ཕྱོགས་ལ་འཁོར།།

བོད་དེ་རང་བཙན་ཞེས།།

བདེན་པ་སྙིང་ནས་འབོད།།
བོད་མི་བོད་ཡུལ་དང་།།
བྲལ་དགོས་ཇེ་མང་རེད།།

མེ་འཁོར་དུག་སྦྲུལ་རིང་།།

སྦྲ་ནག་སེམས་ན་འཁྱིལ།།
ལུས་ཐག་རིང་ནས་རིང་།།
སེམས་ཐག་ཉེ་ནས་ཉེ།།

རང་དབང་ལུང་པའི་རླུང་།།

འགྱིག་ཤོག་ནང་དུ་བཏུས།།
ཀུན་ལས་ལེགས་དེ་ཡིན།།
ཀུན་ལ་མཁོ་དེ་རེད།།



བོད་ཡུལ་བོད་མིའི་ཞེས།།

བདེན་པ་སྙིང་ནས་འབོད།།
བོད་ཕྲུག་བོད་ཡུམ་དང་།།
གྱེས་དགོས་མང་སེ་མང་།།

རླངས་འཁོར་སྐད་སྒྲ་ལས།།

ལུ་གུའི་འབའ་སྒྲར་ཉན།།
འཁྲུལ་སྣང་རྩྭ་ཐང་ནས།།
དྲན་པའི་མེ་ཏོག་བཏུས།།

འདྲ་མཉམ་འདྲ་མཉམ་ཞེས།།

སྨོན་པ་སེམས་ལ་ཉར།།
སྤྲང་པོའི་སྤོབས་པ་དེ།།
འཁྱམ་པོའི་རེ་སྙེགས་དེ།།

བོད་བདག་བོད་མི་ཞེས།།

བདེན་པ་སྙིང་ནས་འབོད།།
བོད་མི་བོད་ཡུལ་དུ།།
གྲངས་ཀ་ཇེ་ཉུང་རེད།།

མཚོ་ཁའི་བྱེ་མ་ཡིས།།

སེམས་ཀྱི་ཁང་པ་བཅོས།།
ང་དང་བོད་མི་ཚོར།།
རང་ཁྱིམ་རང་བདག་བསམས།།

ཁྲོམ་ར་ཆེན་མོ་ན།།

རྒྱ་ཟོག་རྒྱ་ལས་མང་།།
བོད་ཀྱི་ཤ་དང་ཁྲག །
ཉོ་མཁན་ཚོང་མཁན་མང་།།

བོད་ལྷ་བོད་མགོན་ཡིན།།

བདེན་པ་སྙིང་ནས་འབོད།།
བོད་བླ་བོད་ལྗོངས་ན།།
མཛད་འཕྲིན་རྒྱས་ས་མེད།།

ངའི་སེམས་སྤྲིན་པ་དཀར།།

དལ་གྱིས་མཁའ་ལ་འཕགས།།
རང་དབང་མང་གཙོའི་ཆར།།
བོད་སར་འདྲེན་ཁུལ་བྱས།།

ལྷད་མེད་ཤུགས་པ་ལ།།

སེམས་ཤུགས་མེ་ཞིག་སྤར།།
དུ་བ་སྔོ་ལྷོག་ལྷོག །
ཕ་ཡུལ་ཕྱོགས་སུ་ལྡིང་།།

བོད་བདག་བོད་མི་ཡིན།།

བདེན་པ་སྙིང་ནས་བསྒྲགས།
བདག་པོ་སྒོ་ཕྱིར་བསྐྲད།།
ཀྱེ་ཧུད་ལས་འདི་ངན།།

རྒྱལ་ཁའི་སེང་དར་འཕྱར།།

མཐུན་སྒྲིལ་ཁུ་ཚུར་བསྒྲེངས།།
ང་ཚོ་མདུན་སྐྱོད་ལས།།
ཕྱི་བཤིག་ནམ་ཡང་མེད།།


“བོད་དེ་རང་བཙན་རེད”
“བོད་དེ་བོད་མིའི་རེད”
ཁུ་བྱུག་གསུང་ལ་གྲགས།།
བདེན་པའི་བྲག་ལ་བརྐོས།། །།



༢༠༡༢།༥།༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༤ པར་བྲིས།

23 comments:

  1. ཁང་གསར་ཀརྨ་བསྟན་འཛིན།May 3, 2012 at 11:23 AM

    ཚིག་སྦྱོར་སྙན་ཞིང་འཇམ། །
    དོན་ནི་ཟབ་ཅིང་རླིང། །
    སྐུ་ཞབས་ཁྱེད་ཀྱི་རྩོམ། །
    ཡང་ཡང་ཀློག་པར་དགའ། །

    ReplyDelete
  2. དབའ་དབྱི་ཚབ་དང་སེང་གོ་མྱི་ཆེན་སོགས་ཀྱིས་ཕན་ཚུན་ལ་ལེན་བཞིན་པའི་སྐད་ཆའི་མགུར་གྱི་རྣམ་པ་ལྡན་པའི་སྙན་ངག་ཡག་པོ་ཞིག་བྲིས་འདུག རྨ་དུག་ལྕེ་ཟེར་བའི་ལས་དབང་ཁྱེད་དང་གཅིག་པ་ཞིག་གིས་བཀླགས་ནས་བུད་སོང་།

    ReplyDelete
  3. This comment has been removed by the author.

    ReplyDelete
    Replies
    1. བྲེལ་བ་འཚུབ་འཚུབ་ངང་།།
      སྙན་ངག་རྟ་ཕོར་བཞོན།།
      ཟ་ཟིའི་ཚོར་སྣང་གིས།།
      སེམས་པ་དྲག་ཏུ་མྱོས།།
      སེམས་སྡུག་ཞི་འདོད་ན།།
      བྱ་སྒྲོའི་སྤྱི་གླིང་དུ།།
      མ་བོས་མགྲོན་བཞིན་དུ།།
      ངལ་དུབ་སྤངས་ནས་ནི།།
      སྙན་ངག་བདུད་རྩི་ཐུངས།།

      Delete
    2. This comment has been removed by the author.

      Delete
  4. མཁྱེན་ལྡན་ངག་རྣམ་གྱི།།
    ཚིག་གི་རོལ་མོ་སྙན།།
    ལེགས་སོ་སྙིང་ནས་ཞུ།།
    ཡང་ཡང་མགྲོན་དུ་ཕེབས།།

    ReplyDelete
  5. ཁང་གསར་ཀརྨ་དང་།
    རྨ་དུག་ལྕེ་གཉིས་ཀྱིས།།
    གདེང་འཇོག་གནང་བ་ལ།།
    ཐུགས་རྗེ་ཆེ་ཞེས་ཞུ།།

    ReplyDelete
  6. རྩོམ་འདི་བཀླགས་པ་ཡིན།།
    ཚོར་བ་དམིགས་བསལ་བྱུང་།།
    ཡང་བསྐྱར་ཀློག་པའི་སྐབས།།
    གོ་རྒྱུ་ཆེན་པོ་འདུག །

    ཡ་མཚན་ཆེ་ཤོས་ནི།།
    ཚིག་ནི་དཀྱུས་མ་རེད།།
    སྐད་ཆའང་དཀྱུས་མ་རེད།།
    ཡིན་ནའང་ཚོར་བ་ཆེ།

    རྒྱུ་མཚན་གང་ཡིན་པ།།
    འགྲེལ་བཤད་གནང་རོགས་གནང་།།
    ཁྱེད་ཀྱི་འབྲི་སྟངས་དེ།།
    དངོས་གནས་ཁྱད་མཚར་རེད།།

    གངས་ཕྲུག་གིས་ལྷ་ས་ནས་ཕུལ།།

    ReplyDelete
  7. གངས་ཕྲུག་ལགས། གདེང་འཇོག་གནང་བར་ཐུགས་རྗེ་ཆེ། སྙན་ངག་འདི་ཚོ་མ་བྲིས་གོང་ལ་བསམ་བློ་མང་པོ་བཏང་སྟེ་འཆར་གཞི་བསྒྲིགས་པ་དེ་འདྲ་མ་རེད། གང་དྲན་ཐོལ་བྱུང་དུ་བཀོད་པ་རང་ཡིན། ཡིན་ནའང་ངས་སྙན་ངག་དང་རོལ་མོ། རི་མོ་དེ་ཚོར་ཐུན་མོང་གི་ཁྱད་ཆོས་མང་པོ་ཞིག་ཡོད་པ་མཐོང་གི་ཡོད། དང་པོ་ནི། གོ་བ་རྒྱ་ཆེ་ས་ནས་ལེན་ས་ཡོད་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད། གཉིས་པ་ནི། ཕྱོགས་སམ་ངོས་གཅིག་ཁོ་ན་མ་གླེང་བར། ངོས་གཉིས་དང་གསུམ་གྱི་ཐོག་ནས་མཚོན་ཐབས་བྱས་ཡོད། དཔེར་ན། སྙན་ངག་འདིའི་ནང་རང་དབང་ལུང་པའི་མཐོང་སྣང་དང་རིན་ཐང་། བོད་ནང་གི་གནས་སྟངས། སྙན་ངག་མཁན་གྱི་བསམ་པ་བཅས་ཕྱོགས་ངོས་ཁ་ཤས་ནས་མཚོན་ཐབས་བྱས་ཏེ། བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་ཇེ་མང་་དང་། སྐྱབས་བཅོལ་བས་བོད་ཡུལ་དྲན་ཚུལ། སྐྱབས་བཅོལ་བས། རང་བཙན་དང་བདེན་པ། རང་དབང་། མང་གཙོ། འདྲ་མཉམ་བཅས་ལ་བཅོལ་བའི་ཕུགས་འདུན་མཚོན་པར་བྱས་ཡོད། གསུམ་པ། མཚོན་ཐབས་ཀྱི་ཡི་གེ་དང་རྒྱན་ནི་ཧ་ཅང་དཀྱུས་མ་དང་གསལ་པོ་བཀོལ་ཡོད་ཀྱང་། མཚོན་ཐབས་གསར་པ་མང་པོ་ཡང་ཚོད་ལྟ་བྱས་པ་དཔེར་ན། རང་དབང་ལུང་པའི་རླུང་དེ། སྐྱབས་བཅོལ་བའི་འཚོ་བ་དཀྱུས་མ་འགྱིག་ཤོག་གི་ནང་དུ་བླུགས་ཏེ། དེ་ལ་དགའ་ཞེན་དང་གཅེས་སྤྲས་བྱེད་ཚུལ་མཚོན་པར་བྱས་པ། བཞི་པ། ཏག་ཏག་ལྡོག་ཕྱོགས་ཡིན་པའི་གནས་ཚུལ་ལ་བརྟེན་ནས་གནས་ཚུལ་ཞིག་དྲན་གསོ་ཐེབས་ཚུལ་བཀོད་པ་དཔེར་ན། གྲོང་ཁྱེར་གྱི་ཁང་བརྩེགས་དང་མེ་འཁོར་སོགས་ལ་བརྟེན་ནས་བོད་ཀྱི་གཡག་གུའི་རྨིག་སྒྲ་དང་རྩྭ་ཐང་། ལུ་གུའི་འབའ་སྒྲ་སོགས་དྲན་སྐུལ་ཐེབས་ཚུལ་བཀོད་ཡོད་ལ། ཕྱོགས་དང་ངོས་དུ་མ་ནས་གླེང་ཡང་། དེ་དག་ཚང་མའི་འབབ་སའི་གཞི་གཅིག་ཡིན། འདི་ཚོ་ནི་ཧ་ཅང་དཀྱུས་མ་རེད་ལ་ཧ་ཅང་གིས་རྙོག་ཟིང་ཅན་ཡང་རེད། ང་ལ་དེ་རིང་ལས་ཀ་མང་བས་འགྲེལ་བཤད་འདི་ཙམ་ལས་ཞུ་ཐུབ་མ་སོང་བས་དགོངས་འགལ་མེད་པ་ཞུ། ཁྱེད་རང་ཐུགས་འདོད་ཚིམ་པའི་རེ་བ་ཡོད།

    ReplyDelete
  8. བསྟོད་པའི་ཚིག་དག་རྣ་བར་སྙན།།
    དྲངས་བའི་གཏམ་ནི་སྙིང་ལ་གཟན།།
    རྩོམ་འབྲི་ལས་ཀྱི་འགྲོས་རིམ་ལ།།
    རྟག་ཏུ་དེ་འདྲ་འབྱུང་བར་ཤོག།

    སེམས་པ་དྲན་ཚད་ལག་གིས་འབྲི་པ་ངའི་གཤིས་ཀ་ཡིན། དགོངས་དག་ཞུ།
    གཅན་བཟོད་རྒྱམ་པས།

    ReplyDelete
  9. བསྟོད་པར་མི་དགའ་དཀོན་ན་ཡང་།།
    བསྟོད་པ་ཁོ་ནར་བསྒུགས་པ་མིན།།
    བཟོད་རྒྱམ་དྲང་པོའི་གཏམ་དག་ལ།།
    གདེང་འཇོག་མ་བྱས་ཡེ་ནས་མེད།།

    ཆུང་ནས་རིག་པའི་ཆུ་བཏུང་པས།།
    རྩོད་པའི་རལ་ཁ་རྣོ་བའང་སྲིད།།
    སེམས་ཀྱི་སྦྲང་རྩི་མ་བཅོས་པ།།
    བུང་བ་རྣམས་ཀྱིས་མངར་ཞེས་གླེང་།།

    ReplyDelete
  10. ཤར་མར་བྲིས་པའི་སྙན་ཚིག།
    རྣ་བར་སྙན་པོ་མ་བྱུང་།།
    རྩོད་ཚིག་རེ་གཉིས་བྲིས་པ།།
    ཡ་ཆུང་གངས་ལ་འཐིམ་སོང་།།

    ཚིག་ལ་དམ་ལྷོད་རན་པ།།
    དོན་ལ་གོ་རྒྱུ་ཡོད་པ།།
    ཚིག་དོན་འདི་འདྲ་བྲིས་ན།།
    ཡང་ཡང་ཀློག་སྙིང་འདོད་ཀི།།༼ང་དང་རྩོད་ཚིག་དེ་ཚོར་ཟེར་བ་ཡིན།

    གྲི་དེ་རྣོན་པོ་ཡིན་པ།།
    རྡར་ལ་བརྡར་བས་ལོས་ཡིན།།
    ཚིག་དོན་ལྷུ་ཚིགས་འགྲིག་པ།།
    འབྲི་སྦྱངས་གོམས་པས་ལོས་ཡིན།།༼ཁྱོད་ལ་ཟེར་བ་ཡིན།༽

    ཐད་ཀར་བྲིས་པའི་སེམས་དེར།།
    གོ་དོན་གཞན་པ་མ་མཆིས།།
    གང་དྲན་ཡུད་ཙམ་བྲིས་པས།།
    ཐུགས་ལ་ཕོག་པ་མ་གནང་།།

    སེམས་གཏམ་ཕྱི་ནང་མེད་པ།།
    ང་རེའི་གཞིས་སུ་གྲུབ་ཡོད།།
    ད་དུང་ཡང་ཡང་ཡོང་ནས།།
    སེམས་དོན་རི་མོར་འབེབ་ཡོང་།།

    གཅན་བཟོད་རྒྱམ་པས།

    ReplyDelete
  11. སེམས་གཏམ་ཕྱི་ནང་མེད་པ།།
    ང་རེའི་གཤིས་སུ་གྲུབ་ཡོད།། ༼གཞིས་མ་རེད།༽
    ད་དུང་ཡང་ཡང་ཡོང་ནས།།
    སེམས་དོན་རི་མོར་འབེབ་ཡོང་།།

    གཅན་བཟོད་རྒྱམ་པས།

    ReplyDelete
  12. ངའི་འཛིན་གྲོགས་ངག་དབང་རྡོ་རྗེ་དང་ངེད་གཉིས་རྟག་ཏུ་ཚིག་རྩོད་འདི་འདྲ་འབྲི་བཞིན་ཡོད། ཁྱོད་གཉིས་ཀྱི་ཚིག་གི་སྦྱོར་བ་སྤེལ་སྟངས་དང་དོན་གྱི་གནད་འབྱིན་སྟངས་ཀྱང་ཅུང་འདྲ་སྙམ་སྐྱེས།
    འདི་ནི་འཚོ་གནས་ཁོར་ཡག་གི་གཤིས་ཀར་འབྲེལ་བ་ཡོད་སྲིད་སྙམ།
    ཨོ་རེད།
    ༼ཆུང་ནས་རིག་པའི་ཆུ་བཏུང་པས།།
    རྩོད་པའི་རལ་ཁ་རྣོ་༽ཞེས་པ་ལྟ་བུ་ཚིག་དོན་དང་དཔེ་དཔེ་ཅན་གྱི་གོ་བ་འབྱིན་སྟངས་ལ་བསམ་ཞིབ་ཅིག་ཅིས་ཀྱང་ཡོད་སྙམ་མོད། ཞིབ་ཏུ་བྲི་བའི་ངལ་བ་མི་བྱ། འདི་ལྟར་ཁྱོད་ཀྱི་ཚིག་དོན་ལ་བསམ་གཟས་ནས་བཙིར་བ་ལྟར་མི་སྣང་བར་མཁྱེན། ད་དུང་དྲང་གཏམ་མང་པོ་བཤད་པར་ངག་སྒོ་འགག་ཙམ་འདུག་ན། ཕྱིར་སུ་ག་ལེར་ལུད་ཆོག་པར་ཞུ།

    གཅན་བཟོད་རྒྱམ་པས།

    ReplyDelete
  13. ལ་ལ་རོལ་མོའི་སྒྲ་ལ་སྲོག་ཀྱང་གཏོང་།།
    ལ་ལ་རོལ་མོ་ཐོས་ན་གཉིད་ཀྱིས་བཟི།།
    ཐམས་ཅད་དགྱེས་པའི་སྙན་ངག་བདུད་རྩི་ཞིག །
    བླུན་པོ་ང་འདྲས་འབད་ཀྱང་དཀའ་མོ་རེད།།

    འགའ་ཞིག་རི་མོ་མཐོང་ན་མིག་ཆུ་འཆོར།།
    ཁ་ཤས་རི་མོར་བལྟ་བཞིན་མགོ་བོ་གཡུག །།
    གཅིག་གིས་དགའ་དང་གཞན་གྱིས་མི་དགའ་ཡིས།།
    བཟང་དང་ངན་གྱི་སྐད་ཆར་མདུད་པ་བརྒྱབ།།

    ལ་ལས་སི་པན་རོ་དེ་བདུད་རྩིར་མཐོང་།།
    ལ་ལས་ཁ་ཏིག་ཚལ་དེ་སྨན་དུ་བརྩི།།
    གོམས་དང་མ་གོམས་དགའ་ཁ་ཁྱེར་ཕྱོགས་འདིར།།
    ཁྱོད་དང་ང་ཡིས་སྡོམ་ཚིག་འཇོག་ཐབས་བྲལ།།

    སྙན་ན་སྙན་ཞེས་ཡང་དང་ཡང་དུ་རོལ།།
    མི་སྙན་དེ་དག་ཇ་རོ་བཞིན་དུ་དོར།།
    བྱ་སྒྲོ་དཀར་པོའི་སྨྱུག་ཁ་རོ་ལྡན་ཡིན།།
    མངར་སྐྱུར་འདྲེས་མའི་རི་མོ་རིམ་གྱིས་གསལ།།

    ཆུང་ཚེས་བྲིས་ཚད་ཆུང་ཆུང་ཡིན་སྲིད་ཀྱང་།།
    ཆེན་པོས་བྲིས་ཚད་ཆེན་པོ་ཡིན་མི་སྲིད།།
    རང་གི་བློ་ཁ་རྫོགས་པའི་རི་མོའི་གཞུང་།།
    ལྷ་མོའི་གླུ་ལ་འགྱུར་བའི་རེ་བ་མེད།།

    གུ་དོག་གཞུང་ལུགས་དེ་ཚོར་གྱེས་ཕྱག་ཞུས།།
    གཞན་རྩོམ་བརྐུ་བཤུའི་སྤྱོད་པ་རྡོག་པས་མནན།།
    གཞན་དག་དགའ་དང་མ་དགས་ཁྱད་པར་མེད།།
    བྱ་སྒྲོ་དཀར་པོའི་རྩོམ་གཤིས་དེ་རང་ཡིན།།

    བརྡ་དང་ཐ་སྙད་བཙན་གྱིས་སྦྱོར་བ་དང་།།
    རྒྱ་ཆེ་གཏིང་ཟབ་མ་ཡིན་ཡིན་མདོག་དག །
    ཆུང་ཚེའི་རྩོམ་ལ་བཙལ་ཡང་བརྙེད་མི་སྲིད།།
    བྲོ་བ་མྱོང་ན་དེ་ཚོ་མཁྱེན་པར་འཚལ།།

    དཔེ་དང་དཔེ་ཅན་ཟེར་བཞིན་བུ་མོའི་སྐེད།།
    རྩྭ་རིའི་སྨྱུག་མར་བརྙད་ལ་ཧང་སངས་སངས།།
    རྟ་གཡག་མགོ་སྦྲེལ་ཟེར་བཞིན་འབྲེལ་མེད་དུ།།
    འཛིན་པ་ཚོ་ཡིས་ཅི་ཡང་ཚོར་མི་སྲིད།།

    ཉི་མར་བལྟ་བཞིན་ཟླ་བ་རེད་ཅེས་སྨྲོས།།
    སྨྲ་བརྗོད་རང་དབང་ཟེར་བཞིན་བྲོ་ཞིག་འཁྲོབས།།
    མིང་དང་མིང་ཅན་བར་གྱི་འབྲེལ་བའི་སྐུད།།
    གཅོད་པར་འདོད་ཀྱང་ཆད་པ་ཧ་ཅང་དཀོན།།

    རང་སེམས་འཁན་པ་སྐམ་པོའི་དྲི་མ་དེ།།
    ངག་རིག་མེ་ལ་བདུག་པའི་སྦྱོར་བ་བརྩམས།།
    ལ་ལར་ཞིམ་དང་ལ་ལར་མི་ཞིམ་པ།།
    ཅི་ཡང་སྲིད་འདིར་ཅི་གང་བྱ་རྒྱུ་མེད།།

    འོན་ཀྱང་ཁྱེད་ཀྱི་བློ་ཡི་རྒྱ་མ་དེས། །
    ང་ཡི་མིག་ཆུའི་དྲོ་གྲང་མ་ཚད་་ཅིག །
    འཇལ་བྱ་འཇལ་བྱེད་འབྲེལ་བ་མ་གྲུབ་པར།།
    ཚད་འཇལ་བྱེད་པ་དཔྱོད་ལྡན་མ་ཡིན་ནོ།།

    སྙན་ངག་མཁན་ལ་སྡུག་ཡུས་སྡུག་སྐད་མང་།།
    ཚོང་པའི་བུ་མོར་མ་ཡོད་ཡོད་རབས་མང་།།
    མཚན་ཉིད་པ་ལ་སྒྲུབ་བྱེད་སྒྱུ་མཚན་མང་།།
    རྟོག་གེ་པ་ལ་མང་དེ་ང་ཡིས་བཤད་མི་དགོས།།


    དེ་སྐད་གསལ་བཤད་ཁ་བཏགས་དཀར་པོ་འདི།།
    ནུབ་གླིང་པེ་རི་སེ་ནས་ཐོལ་གྱིས་འཕངས།།
    མ་འདྲིས་དཔྱོད་ལྡན་བཟོད་རྒྱམ་གང་དེའི་དྲུང་།།
    ལེགས་སོའི་མེ་ཏོག་ཚུལ་དུ་འབབ་གྱུར་ཅིག །

    འཕྲལ་མར་སྤེལ་བའོ།། །།

    ReplyDelete
  14. སྙན་ངག་མཁན་ལ་སྡུག་ཡུས་སྡུག་སྐད་མང་།།
    ཚོང་པའི་བུ་མོར་མ་ཡོད་ཡོད་རབས་མང་།།
    མཚན་ཉིད་པ་ལ་སྒྲུབ་བྱེད་སྒྱུ་མཚན་མང་།།
    (རྟོག་གེ་པ་ལ་གང་མང་བཤད་མི་དགོས།།) ཞེས་བཅོས་རོགས།

    ReplyDelete
  15. ལགས་སོ།།

    གཅན་བཟོད་རྒྱམ་པས།

    ReplyDelete
  16. ཕྱི་རུ་སྨུག་སྤྲིན་བུ་མོ་འདུ་ལོང་ལོང་།།
    ནང་དུ་སེམས་ཀྱི་བུ་ཆུང་དགའ་ལྡིང་ལྡིང་།།
    སྙན་ངག་རྒུན་ཆང་བསིལ་མའི་མཆོད་པ་འདིས།།
    བྱ་སྒྲོ་དཀར་པོའི་སྨྱུག་ཁ་ཟད་ཀྱང་ཟད།།

    བཟོད་རྒྱམ་གྲོགས་ལ་ཕུལ་བའི་ཁ་བཏགས་དཀར།།
    མ་རྙིང་མེ་ཏོག་ཚུལ་དུ་བབས་པ་དེར།།
    ལགས་སོའི་ལན་ཞིག་གནང་བར་དགའ་འོས་ཀྱང་།།
    སེམས་ཀྱི་རྣོ་འདི་ད་དུང་མ་ཚིམ་འདྲ།།

    ཡ་རབས་ཟེར་བའི་ཕྱུ་པ་འདི་ཡི་འོག །
    སྒྲིག་གཞི་ཟེར་བའི་སྐེད་འཆིང་དེ་ཡི་བར།།
    འཆར་ཡན་ཟེར་བའི་ཁྱུང་གི་ཁྱུང་ཕྲུག་ཅིག །
    འཆི་མ་གསོན་དུ་ད་བར་དལ་གྱིས་ཡོང་།།

    མུན་པ་ཟེར་བའི་ནག་ཁུང་དེ་ཡི་ནང་།།
    ཤེས་རབ་ཟེར་བའི་འོད་ཅིག་ཡོད་པ་ཤེས།།
    གློག་སྒྲོན་མེད་པའི་ཁང་ཆུང་གྲུ་བཞིའི་ནང་།།
    ཁྱུང་ཕྲུག་གླལ་བའི་མིག་ཆུའི་འཛུམ་ཁ་ཡོད།།

    རྒྱལ་ཞེན་ཟེར་བའི་ཚིག་སྙན་དེ་ཡི་འོག །
    རྒྱལ་ཚོང་མང་པོའི་ཉལ་ས་སྐུང་ས་མཆིས།།
    བློ་ཐག་ཆོད་པའི་ཕབ་ཅིག་བརྙེད་ཙ་ན།།
    ནས་འབྲུ་སྔོན་མོ་བདུད་རྩིའི་ཆང་དུ་སྨིན།།

    མུན་ཁུང་མུན་ནག་དེ་ཡི་གཏིང་རིམ་ན།།
    གློ་བུར་གོ་རྟོགས་རྨི་ལམ་ལན་ཅིག་རྨིས།།
    ལྟས་ངན་སྐར་ཚོགས་དེ་དག་འཐོར་ནས་སོང་།།
    ད་ནི་སུས་ཀྱང་མི་མཐོང་སྐྱིད་པ་ལ།།

    ཨ་ཧོ་ཆང་དཀར་རི་མོ་མ་མཐོང་ཡང་།།
    ཆང་དྲི་ཞིམ་པོ་ཞིམ་པོ་འཐུལ་བཞིན་འདུག །
    ཕྱི་ཡི་དངོས་དག་མ་རིག་མ་མཐོང་ཡང་།།
    ང་ཡིས་ང་རང་རིག་པས་སྐྱིད་ཅིག་ཚོར།།

    དེ་སྐད་ནང་གི་གསང་བའི་མྱོང་བ་ཐན་ཐུན་འདི།།
    འདྲིས་མེད་གྲོགས་ལ་སྨྱོ་ལབ་ཚུལ་དུ་ཕུལ།།
    གོ་ན་དགའ་དང་མ་གོ་སྐྱོ་བ་གཉིས།།
    བྱ་སྒྲོ་དཀར་པོའི་བློ་ལ་ནམ་ཡང་མེད།།

    འཕྲལ་མར་སྤེལ་བའི་ལབ་རྡོལ་ཡིན་ནོ།། །།

    ReplyDelete
  17. དེ་སྐད་གསང་བའི་མྱོང་བ་ཐན་ཐུན་འདི།།
    འདྲིས་མེད་གྲོགས་ལ་སྨྱོ་ལབ་ཚུལ་དུ་ཕུལ།།
    གོ་ན་དགའ་དང་མ་གོ་སྐྱོ་བ་གཉིས།།
    བྱ་སྒྲོ་དཀར་པོའི་བློ་ལ་ནམ་ཡང་མེད།།
    ཞེས་བཅོས་རོགས།།

    ReplyDelete
  18. ཁྱེད་ཀྱི་རྩོམ་དེ་ཚོ་སྙན་ལ་གོ་དོན་ཟབ། ལྷག་པར་བདེན་པ་སྙིང་ནས་འབོད་ཞེས་པ་འདིའི་ཚིག་དོན་ཟབ་མོ་འདུག ཐུགས་རྗེ་ཆེ།

    ReplyDelete
  19. མཚན་མི་གསལ་བའི་ཀློག་པ་པོ་ཁྱེད་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  20. སྙན་ངག་དཔའ་བོས་ལྕགས་ཚེ་གཡུག་ཐེངས་རེར།།
    གཉིད་ཀྱིས་གཟིར་བའི་སྐམ་སྨྱུག་རོ་ལངས་བརྒྱབ།།
    ཕྱི་ནང་གཉིས་ཀར་ཚ་བས་བསྲེགས་པའི་དུས།།
    འོ་ཇ་ཚ་པོས་ཚ་བ་བཅོམ་ན་ལེགས།།

    ReplyDelete
  21. སྙན་ངག་མཁན་ཞེས་སྤོབས་པས་རབ་མྱོས་ཤིང་།།
    དོན་ལ་བབས་ས་མེད་པའི་ལོག་གཏམ་མཁན།།
    རྐྱལ་སྟོང་དེ་ཚོའི་གྲལ་དུ་འཚང་པ་ལས།།
    བྱ་སྒྲོ་དཀར་པོ་རླུང་ལ་སྤུར་ན་ལེགས།།

    ReplyDelete