2012-05-20

༺ མུན་དབྱངས་ལོ་མ་ལྗང་ཁུ། ༻

༓ ༓ ༓ ༓ ༓ ༓ ༓ ༓ ༓
ཕྱི་རུ་མུན་པའི་སྨུག་སྤྲིན་འདུ་ལོང་ལོང་།།
ནང་དུ་སེམས་ཀྱི་བུ་ཆུང་དགའ་ལྡིང་ལྡིང་།།
སྙན་ངག་རྒུན་ཆང་བསིལ་མའི་མཆོད་པ་འདིས།།
ང་དང་ཁྱོད་ཀྱི་སྐོམ་གདུང་སེལ་བར་བྱ།།



མེ་རླབས་གཡོ་བའི་རྒུན་ཆང་དམར་པོའི་དྲི།།
རླུང་རླབས་ཁྲོད་དུ་རོལ་དབྱངས་བཞིན་དུ་ཁྱབ།།
འགྲེལ་བ་མེད་པའི་སྙན་ངག་ཐུང་ཐུང་དེ།།
སྙིང་ལ་ཉར་བཞིན་ཕན་ཚུན་འཛུམ་ཙམ་བྱས།།

ཆང་ཕོར་བཏེགས་ཏེ་བཀྲ་ཤིས་བདེ་ལེགས་ཞུས།།
ཆང་ཕུད་གཏོར་ཏེ་གསོལ་བ་སྨོན་ལམ་བཏབ།།
ཆང་འདིའི་མཐའ་ན་ད་དུང་རེ་སྨོན་ཚོགས།།
ཆང་ས་བཞིན་དུ་འདུ་འདུ་ལོང་ལོང་རེད།།

ཆང་ཁང་ཕྱི་རུ་མུན་སྨག་ཡོལ་ནག་བཞིན།།
ཆང་ཁང་ནང་དུ་གློག་སྒྲོན་ཉི་ཟླ་བཞིན།།
འོད་ཀྱིས་སྲོག་ལ་སྡང་བའི་ཕྱེ་ལེབ་དང་།།
མུན་པས་མིག་ཟུང་ཕྱེ་བའི་སྲིན་བྱ་འཕུར།།

ཡར་འགྲོ་མ་འགྲོའི་ཆང་ཁང་ཐེམ་པ་དེར།།
མིག་གིས་ཅེར་ནས་མི་ལོ་བཅུ་གྲངས་བརླག །
བློ་ཐག་ཆོད་པའི་ཕབས་ཤིག་དེ་རིང་བརྙེད།།
ནས་འབྲུ་དཀར་མོ་བདུད་རྩིའི་ཆང་དུ་སྨིན།།

ཀུན་གྱིས་མོས་པའི་འོད་ལམ་ཆེམ་ཆེམ་དང་།།
ཚང་མས་སྡང་བའི་མུན་ལམ་དབྱིབས་མེད་གཉིས།།
ཁྱེད་ཀྱི་སྤྱན་དུ་གང་ཞིག་མཛེས་ལགས་སམ།།
ང་ཡི་མིག་ནང་མུན་པ་ཁྱེད་ལས་མཛེས།།

ང་རང་མུན་པའི་ནང་དུ་དལ་གྱིས་འགྲོ།།
སུས་ཀྱང་མི་མཐོང་སུ་ཡང་མཐོང་མི་དགོས།།
ཁྱེད་རང་འདོད་ན་འོད་སྣང་ནང་དུ་བཞུགས།།
སུས་ཀྱང་མཐོང་ཞིང་སུ་ཡང་མཐོང་སྲིད་མོད།།

ནག་པོ་སྙིང་ལ་ཉལ་བའི་འོད་གླིང་དེ།།
ནག་ནག་འཐིབས་འཐིབས་འདི་ནས་ཐར་མི་སྲིད།།
བརྩེ་བ་རུས་ལ་བསྟིམས་པའི་མུན་གླིང་ན།།
ལོ་མ་ལྗང་ཁུས་ང་ལ་བསྒུགས་བཞུགས་ཡོད།།

ཤེལ་དེམ་གཡུག་པའི་ཏང་སྒྲ་སྙན་སེ་སྙན།།
ཤེལ་ཕོར་གཏུགས་པའི་ཏིང་སྒྲ་ལྷང་སེ་ལྷང་།།
ཐམས་ཅད་མཐོང་ཐོས་ཐུབ་པའི་ཆང་ཁང་དེར།།
ཞེན་ཆགས་ཡོད་ཀྱང་ད་ནི་བྲལ་བར་བྱ།།

ཉིན་མོའི་ཇོ་བཟང་མཚན་མོའི་འཆལ་མོ་རེད།།
མཚན་མོའི་འུག་པ་ཉིན་མོའི་རྨ་བྱ་རེད།།
ཉིན་མཚན་དཀར་ནག་བར་གྱི་ཟློས་གར་ལས།།
ཁྱོད་དང་ང་ཡི་རང་གཤིས་བརྙེད་པའང་སྲིད།།

གོམ་གསུམ་མཚམས་ན་བརྡབ་སྐྱོན་རེ་རེ་ཡིས།།
ལུས་པོ་བསྣད་པའི་ཟུག་གཟེར་རྣོ་ན་ཡང་།།
སེམས་ཀྱི་ཤེའུ་དགའ་ནས་མཛའ་གླུ་བླངས།།
ལོ་མ་ལྗང་ཁུས་ཕལ་ཆེར་གསན་ས་ཡོད།།

མུན་པ་ཟེར་བའི་ནག་ཁུང་འདི་ཡི་ནང་།།
ཤེས་རབ་ཟེར་བའི་སྣང་བ་ཡོད་པ་ཤེས།།
གློག་སྒྲོན་མེད་པའི་ཁང་ཆུང་གྲུ་བཞིའི་ནང་།།
ཁྱུང་ཕྲུག་གླལ་བའི་མིག་ཆུའི་འཛུམ་ཁ་ཡོད།།

ཡུན་རིང་ཡུན་རིང་ཞིག་ལ་སོང་བའི་མཐར།།
ངལ་ཞིང་དུབ་པས་གཉིད་ཅིག་ཉལ་བར་འདོད།།
བྱ་སྒྲོ་ལྟ་བུའི་སེམས་པ་སོབ་སོབ་འདི།།
ལོ་མ་ཁྱེད་ཀྱི་སྙིང་ཁར་རུམ་རོགས་གནང་།།

མུན་ཁུང་མུན་ནག་དེ་ཡི་གཏིང་རིམ་ན།།
གློ་བུར་གོ་རྟོགས་རྨི་ལམ་ལན་ཅིག་རྨིས།།
ལྟས་ངན་སྐར་ཚོགས་དེ་དག་འཐོར་ནས་སོང་།།
ལོ་མ་ལྗང་ཁུའི་དྲི་བསུང་རྒྱང་ནས་ཚོར།།

གཡུ་ལོ་བཀོད་དེ་འདི་ནས་མི་རིང་འདྲ།།
མརྒད་ལོ་མས་ང་ལ་བརྩེ་བ་འདྲ།།
སེམས་ལ་གདེང་ཚོད་རྙེད་པའི་དྲོད་ཅིག་གིས།།
གཙང་པོའི་ཆུ་ལས་བདུད་རྩིའི་བྲོ་བ་ཚོར།།

མུན་པ་ཟེར་བའི་འཇིགས་འཇིགས་འདི་ཡི་ནང་།།
ཕོ་མོ་འཁྱུད་པའི་སེམས་གསང་གསལ་ལམ་ལམ།།
ཉེན་ཅན་བྱོལ་བའི་རྐང་རྗེས་ཁྲ་ལམ་ལམ།།
སྙིང་གཏམ་འཕྱོ་བའི་མཚོ་མོ་ཁུ་སིམ་སིམ།།

འདི་ནས་གང་དུ་ཇི་ལྟར་འགྲོ་དགོས་དང་།།
འདི་ཡི་མཐའ་རུ་གང་དང་ཅི་ཡོད་སོགས།།
བདག་གིས་མི་ཤེས་ཤེས་འདོད་དེ་བས་མེད།།
གཅིག་རང་ཤེས་པ་ལོ་མ་ལྗང་ཁུ་ཡིན།།

ཨེ་མ་ལོ་མའི་རི་མོ་མ་མཐོང་ཡང་།།
ཆང་ལས་མངར་བའི་ལོ་དྲི་འཐུལ་བཞིན་འདུག །
ཕྱི་ཡི་དངོས་དག་མ་རིག་མ་མཐོང་ཡང་།།
ང་ཡིས་ང་རང་རིག་པས་སྐྱིད་ཅིག་ཚོར།།

སྡུག་བསྔལ་ཆང་ལྷག་དེ་ནས་ཧུབ་ཅིག་བཏུང་།།
རེ་བའི་བག་ལེབ་དེ་ནས་ཁམ་གང་བཟས།།
གཡུ་ལོའི་ཞིང་ཁམས་ད་དུང་མ་རིག་ཀྱང་།།
ང་རང་ལམ་སྣེ་ཟིན་པའི་ཡིད་ཆེས་ཡོད།། །།


17 comments:

  1. སྐུ་ཞབས་ལགས་ཀྱི་སྙན་རྩོམ་འདི་ནི་རང་ཉིད་ཀྱི་དངོས་མྱོང་ཞིག་ལ་སྤྱར་བའི་བྲིས་པ་ཞིག་ཡིན་དུས་བཟི་ཁ་འདུག་ངོ་མ་སྙན་མོ་འདུག

    ReplyDelete
  2. ཐུགས་རྗེ་ཆེ། སྙན་ངག་འདི་ངའི་བསམ་བློའི་འཕོ་འགྱུར་མཚོན་པའི་ས་རྟགས་ཆུང་ཆུང་ཞིག་ཡིན། ངས་དཀར་ནག་དང་དཔེ་དོན། སྒྱུ་རྩལ་དང་དངོས་དོན་ཟེར་བ་དེ་ཚོའི་ཐིག་སྐུད་ཕྲ་མོ་ཕར་བརྒལ་ཚུར་བརྒལ་བྱེད་བཞིན་ཡོད། ཁྱེད་རང་ངོ་དེབ་སྒང་ལ་མཆན་འཇོག་མཁན་འབྲི་མར་སེར་པོ་ཟེར་བ་དེ་ཡིན་པ་འདྲ།(མཆན་གྱི་དོན་གཅིག་པ་ཡིན་པའི་ཆ་ནས་ཞུས།)ཐུགས་རྗེ་ཆེ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete
  3. སྙན་ངག་འདི་ཧ་ཅང་སྙན་པོ་བྱུང་། དོན་དག་ནི་འདི་རེད་ཟེར་མི་ཐུབ་པ་ཞིག་འདུག གཅིག་བྱས་ན་ངས་གོ་བ་མ་ལོན་པ་ཡིན་གྱི་རེད། གང་ལྟར་སྙན་པོ་དང་སེམས་ནང་ཚོར་བ་ཤུགས་ཆེན་པོ་སྟེར་གྱི་འདུག

    ReplyDelete
  4. སྙན་ངག་སྨྱོ་བའི་སྨྱོ་སྒྲ སྙན་ངག་གཟི་བས་གཟི་སྒྲ དགེ་སློང་གི་ཡུལ་མ་ཡིན་ནའང་། ཉན་པར་ཐལ།

    ReplyDelete
  5. དགེ་སློང་ལགས། འདིར་ཕེབས་ནས་ཕྲན་གྱི་སྙན་ངག་གཟིགས་པར་མ་ཟད། དགོངས་འཆར་གནང་བར་དགའ་པོ་བྱུང་། འདིར་འདོད་པའི་གཏམ་མངོན་གསལ་དུ་བརྗོད་པ་མེད་པས། ཕལ་ཆེར་དགེ་སློང་གིས་ཀྱང་གཟིགས་ན་ལོས་འགྲིགས། ཁྱེད་ལྟ་བུའི་དགེ་སློང་རྣམ་པར། སྙན་ངག་འདི་ལྟ་བུ་ནི་འཁོར་བའི་ཚུལ་ལུགས་གཟིགས་ཐབས་ཀྱི་ལམ་ཞིག་ཏུ་གྱུར་སྲིད་པའང་རེད། ཐུགས་རྗེ་ཆེ།

    ReplyDelete
  6. གོང་དུ་མཚན་མི་གསལ་བའི་གྲོགས་པོ་ཁྱེད་ཀྱིས་ངའི་སྙན་ངག་སྙན་པོ་བྱུང་གསུངས་པར་དགའ། ཁྱེད་ཀྱིས་གསུངས་པ་བཞིན། སྙན་ངག་འདི་ལ་ང་སྒེར་གྱི་མི་ཚེ་དང་། དེ་ལས་རྒྱ་ཆེ་བའི་དཀར་ནག་གི་ངོས་འཛིན། དམིགས་ཡུལ་དང་ལག་ལེན། ལྟ་བ་དང་སྤྱོད་པ། ད་དུང་སྲིད་ལུགས་དང་གནོན་ཤུགས། བརྩེ་དུང་དང་མཛེས་ཉམས། ནང་གི་ཉམས་སྣང་དང་ཕྱིའི་སྣང་བ་སོགས་ཕྱོགས་ངོས་དུ་མ་ནས་གོ་རྒྱུ་ཡོད་སྲིད།

    ReplyDelete
  7. ཆང་དང་ལོ་མ་མུན་པ་གསུམ་པོ་ལས།།
    འཕྲོས་པའི་སྙན་ངག་འདི་ནི་ཚད་ལྡན་ཞིག།
    ཡིན་པ་བུ་མོའི་ཡིད་ཆེས་ཁོ་ན་ལས།།
    བདུད་རྩི་རོལ་བའི་ལྕེ་དབང་ང་ལ་དབེན།།

    བཀླགས་དུས་གོ་བ་འདྲ་པོ་ཡོད་ན་ཡང།།
    བསྡོམས་དུས་གོ་བ་མ་ལོན་སེམས་འདི་སྐྱོ།།
    སྔན་ངག་རྩོམ་རིགས་ཡུལ་གྱི་གསར་འབྱོར་ང་།།
    རྩོམ་ཀྱི་ཕྱོགས་སུ་འབད་འབུང་བྱེད་ཀྱིན་གནས།།

    ReplyDelete
  8. ཡང་ནས་ཡང་དུ་བཀླགས་པ་ཡིན། དཔེ་སྙན་པོ་འདུག་ལ་ཁ་ཏུག་གོ་ཡང་བདེ་པོ་འདུག འོན་ཀྱང་རང་སྙན་ངག་གི་གཞུང་སྦྱོངས་མྱོང་སློབས་མྱོང་རྩ་ནས་མེད། མཚམས་རེ་སྙན་ངག་ཟེར་བ་དེ་ཏོག་ཙམ་འབྲི་ཀློག་གི་བྲོ་བ་མྱང་ཤེས་ན་ཅི་མ་རུང་སྙམ་གི་ཡོད། དོན་དག་ཡང་སྙིང་ཁྱེད་ཀྱི་སྙན་ངག་ནང་གཡུ་ལོ་བཀོད་པ་དང་ལོ་མ་ལྗང་ཁུ་། དེ་བཞིན་སྐུ་ཉིད་གཞན་དང་མ་འདྲ་པ་མུན་ནག་ལ་དགའ་བ་སོགས་ནི་གནད་འགག་ཞིག་ལགས་ན། དེའི་དོན་ངོ་མ་མཚུངས་པ་དང་། ་ཅི་ཞིག་སྦྱར་དགོས་སོགས་ཀྱིས་སྙན་གི་བདུད་རྩིའི་བྲོ་བ་མྱོང་མ་ཐུབ། སྐུ་མཁྱེན་རྒན་ཆུང་ལགས་དུས་ཚོད་ཡོད་ན་། སྙན་ངག་ཟེར་བ་དེ་འབྲི་དུས་དང་ཀློག་དུས་ཀྱི་གཙོ་བོ་དོ་སྣང་བྱེད་དགོས་པ་གང་དག་སོགས་གསུང་རོགས་གནང། ངའི་རེ་བ་ཞུ་བཞིན་ཡོད། ང་རང་ཡང་སྙན་ངག་འབྲི་འདོད་ཧ་ཅང་ཆེ། ཡང་ན་དང་པོ་སྦྱང་དུས་དེབ་སོགས་གང་དག་ལེགས་སམ། ཐུགས་ཆེ་། ཁྱེད་ཀྱི་སྙན་ངག་གི་དོན་ངོ་མ་ངས་རྟོགས་མ་ཐུབ་ཀྱང་། གཞི་རྩའི་རྩོམ་དེ་བཀླགས་དུས་ལྟད་མོ་ལྟས་པ་ནང་བཞིན་། ཁྱེད་རང་ཆང་ཁང་ནང་དང་དེ་ནས་མུན་ནག་སོགས་ནང་ཕྱིན་པ་སོགས་མིག་གིས་ལྟས་པ་ནང་བཞིན་བྱུང་བས་ང་ལ་སྙན་པོ་བྱུང། ངའི་བསམ་ཚུལ་ང་ཞུ་བ་ལ་སྣང་ཆུང་མ་གཏོང་མ་གཏོགས་བློ་ཕམ་ཆེན་པོ་སྐྱེས་ངེས་ཡིན། ང་སྙན་ངག་གི་གཡུ་ལོ་བཀོད་པའི་ལྗོངས་ལམ་སྣེ་ཆིས་ནས་ཀྱང་་སྟོན་རོགས་ཞུ། ཐུགས་རྗེ་ཆེ།།

    ReplyDelete
  9. ཨོ་་་་ངའི་མིང་ལ་གངས་རིའི་སྒྲོལ་མ་ཟེར། གོང་གི་མཆན་མཐའ་མ་གཉིས་ཆ་ངས་བཏབ་པ་ཡིན། ཐུགས་ཆེ།

    ReplyDelete
  10. གངས་རིའི་བུ་མོ་ལགས། ཁྱེད་ཀྱིས་ངའི་སྙན་ངག་འདིའི་ཤོ་ལོ་ཀ་རེ་རེའི་དོན་མཁྱེན་ཀྱང་། སྤྱི་སྡོམ་མ་མཁྱེན་པར་གསུངས་པ་འདི་ནི་གནད་འགག་ཅིག་རེད། དྲང་པོ་ཞུས་ན། ཕྲན་གྱི་སྙན་ངག་འདི་ལ་སྤྱིའི་གོ་དོན་རྡོག་རྡོག་འདྲ་བོ་བཤད་ཤོག་ཟེར་ན། བཤད་རྒྱུ་ཞིག་མེད། ཀུན་གྱིས་བཟང་བཟང་དུ་འཛིན་པ་ཞིག་ལ་སྙན་ངག་ནང་གི་མི་སྣ་དང་པོས་ཞན་ཆ་ཡོད་པར་མཐོང་ཞིང་། ཀུན་གྱིས་སྐྱོན་ཅན་དུ་འདོད་པ་ཞིག་ལ་མི་སྣ་དང་པོས་རིན་ཐང་ཡོད་པ་དང་། འཚོལ་སྙེགས་བྱ་རིན་ཡོད་པའི་བསམ་པ་ཞིག་གི་ཐོག་ནས་བསམ་གཞིགས་ཡུན་རིང་བྱས་མཐར། མུན་ནག་ནང་འཁྱམས་ཏེ། ལོ་མ་ལྗང་ཁུ་བཙལ་དང་འཚོལ་བཞིན་པ་རེད་ལ། ལོ་མ་ལྗང་ཁུས་རང་ལ་བརྩེ་བ་དང་། རང་ཉིད་ལོ་མ་ལྗང་ཁུ་དང་རྒྱང་ཐག་མི་རིང་བའི་ཡིད་ཆེས་བྱེད་བཞིན་ཡོད། བསྟན་དོན་དེ་འདྲ་ཞིག་རེད། ཡིན་ནའང་ངས་སྙན་ངག་འདིའི་ནང་དཀའ་ལས་རྒྱག་ས་གཙོ་བོ་དེ། སྙན་ངག་འདིའི་བརྗོད་དོན་དེ་ཀློག་པ་པོས་རང་རང་གི་འཚོ་བའི་གནས་ཚུལ་དང་། བསམ་བློའི་གནས་བབས་གཞི་བཟུང་གོ་བ་མང་པོ་བླངས་ཆོག་པ་དང་གཅིག བརྗོད་དོན་མཚོན་སྟངས་དེ་ཚིག་སྦྱོར་ཙམ་གྱི་སྒང་ལ་མ་བཞག་པར། སྒྲོམ་གཞི་སྒྲིག་སྟངས་ཐད། ཆང་ཁང་གི་ཕྱི་ནང་ངམ་སྣང་བ་དང་མུན་པ་སྟེ་ཏག་ཏག་ལྡོག་ཕྱོགས་ཡིན་པའི་ལྗོངས་བཀོད་ཅིག་བདམས་པ་དང་གཉིས། ཀུན་གྱིས་ཡིན་ཤག་ཤག་ཏུ་བརྩི་བའི་དོན་གནད་ལ་དོགས་སློང་དང་། མིན་ཤག་ཤག་ཏུ་བརྩི་བའི་དོན་གནད་ཅིག་གི་དགེ་མཚན་བརྗོད་དེ། བློ་སྟོབས་ཆེན་པོས་དེ་རྗེས་སུ་བསྙེགས་པ་དང་གསུམ་བཅས་གནད་འགག་ཡིན། གོ་དོན་རབ་རིབ་འདི་འདྲ་ཞིག་ལས་ལྷག་པའི་འགྲེལ་བཤད་ངས་ཞུ་ཐུབ་མ་སོང་།

    རང་རེ་བོད་ཀྱི་སྙན་ངག་སློབ་སྦྱོང་གནང་གི་ཡིན་ན།
    ༡) སྙན་ངག་གི་གཞུང་མེ་ལོང་མ་དང་། དེའི་འགྲེལ་པ་ཁག་གི་ནང་དོན་རྟོགས་པ་དང་། དཔེར་བརྗོད་བརྩམས་ཏེ་སྦྱོང་བརྡར་གནང་ན་ཡག་པོ་འདུག
    ༢) རྗེ་ཙོང་པ་ཆེན་པོ་དང་། མདོ་མཁར་ཞབས་དྲུང། མཁས་གྲུབ་རྗེ། བོད་མཁས་པ། དགེ་འདུན་ཆོས་འཕེལ་སོགས་ཀྱི་སྙན་ངག་རྣམས་ཡང་ཡང་གཟིགས་ན་ལེགས།
    ༣) དེ་མིན་དེང་རབས་ཀྱི་རྩོམ་གཞུང་ཁག་ལའང་སློབ་གཉེར་གནང་ན་ཡག་པོ་འདུག
    ༤) གལ་འགངས་ཆེ་ཤོས་ཨུ་ཚུགས་བརྒྱབ་སྟེ་འབྲི་དགོས་པ་དེ་གལ་ཆེ། དེ་ཡང་ཐེངས་གཅིག་གཉིས་ཙམ་མ་ཡིན་པར་རྒྱུན་མཐུད་ནས་འབྲི་སྦྱོང་གནང་གལ།

    མ་གཞི་ངས་ཁ་བདེ་པོ་བཤད་པ་མ་གཏོགས། ང་རང་སྙན་གཞུང་ལ་སྦྱངས་པ་དེ་ཙམ་བྱེད་མ་མྱོང་ལ། ཅུང་ཟད་སྦྱངས་པ་རྣམས་ཀྱང་ད་ཆ་ཧ་ལམ་བརྗེད་ཚར་འདུག ཐུགས་རྗེ་ཆེ།

    ReplyDelete
  11. སྙན་པོ་བྱུང་ཐུགས་རྗེ་ཆེ།

    ReplyDelete
  12. ཁ་སྒང་ཤེས་རབ་རྒྱ་མཚོ།June 15, 2012 at 2:31 PM

    བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གང་ཐད་ནས་སྒྱུ་རྩལ་གྱི་བྲོ་བ་རྨ་མེད་པ་ཞིག་འདུག

    ReplyDelete
  13. ཆུང་ནས་སྐྱེས་སྦྱང་རིག་པའི་མེ་རླབས་ཀྱིས། །མུན་པའི་ཚང་ཆེན་བསྲེག་པའི་དཔའ་བོ་སྟེ། སྐད་རིགས་སྨྲ་བའི་ཉི་མ་ཁྱེད་ཉིད་ནི། དེང་རབས་མཁས་པའི་ཁྲོད་དུ་ལྷམ་མེར་འབར།

    ReplyDelete
  14. ཆུང་ལགས། གོང་གི་མཆན་གཉིས་ཕྲན་བྱ་འཕུར་གྱིས་བཀོད་པ་ཡིན། Blog ཐོག་ཏུ་མཆན་འགོད་པར་ཉམས་མྱོང་མེད་པས་ངའི་ Blog རྙིང་པ་ཞིག་གི་མིང་རང་བཞིན་གྱིས་སླེབས་སོང་། གང་ལྟར་ blog རྙིང་པ་དེ་ཡུན་རིང་ཞིག་ནས་བེད་སྤྱོད་བཏང་མེད་པའི་གསལ་བཤད་དུ།

    ReplyDelete
  15. ཁྱུང་ཆེན་རིག་པའི་གཤོག་རླབས་ཡངས་པ་ཡི།། བྱ་འཕུར་གྲོགས་ཀྱི་མཆན་མཐོང་དགའ་བ་སྐྱེས།། ཆོས་ལུགས་ཆོལ་ཁའི་ར་ཁ་འཛིང་ས་དང་།། གཏན་དུ་གྱེས་པའི་ཆུང་ཚེ་སྐྱིད་ནས་ཡོད།། ཆང་རག་དུ་བར་ང་ཡང་དགའ་བ་མིན།། འཕྲོད་བསྟེན་ཆེད་དུ་རྒུན་ཆང་ཅུང་ཙམ་སྤྱོད།། འཆར་སྣང་མཁའ་འགྲོའི་བདུད་རྩིར་རྟག་རོལ་པས།། བཟི་གཏམ་འདི་འདྲ་ད་ནས་མང་དུ་ཡོང་།། སྟོབས་ཆེན་ཨ་རིའི་ཡུལ་ནས་གྲོགས་ཁྱེད་ཉིད།། ཡུན་ཐུང་ཞིག་ལ་མཇལ་ཡང་ཞལ་ལག་ལ། མགྲོན་འབོད་ལྟར་དུ་ངོ་བཅར་མ་ཐུབ་པར། །ཕྲན་རང་ད་དུང་འགྱོད་པ་ཅུང་ཟད་ཡོད། །སེམས་དང་སེམས་པ་ཉེ་ན་ཉེ་བ་ཡིན།། དེ་མིན་ལུས་ཐག་ཉེ་ཡང་ག་ལ་ཉེ། །དེ་ཕྱིར་ཁྱེད་མཚོན་རིག་གྲོགས་དག །སྙིང་དུ་ཉར་འདི་མ་འདྲིས་གྲོགས་ངའི་གཤིས། ཆུང་ཚེ་རིང་གིས་ལྡི་ལི་ནས་ཤར་མར་སྤེལ་བའོ།། །།

    ReplyDelete
  16. ཁ་སྒང་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཕྲན་གྱི་སྙན་ངག་འདིར་གདེང་འཇོག་གནང་བར་ཐུགས་རྗེ་ཆེ

    ReplyDelete