2012-06-16

བྲལ་འཛོམས།

གཉིས་ཀའི་སེམས་ན་གསལ་བའི་དུས་ཚོད་དེར།།
སྐྱེལ་མི་འགྲོ་མི་བྲལ་སའི་ས་མཚམས་སུ།།
ཁྱེད་ཀྱིས་སེམས་པ་དྲོན་མོའི་མིག་ཆུ་ཡིས།།
ང་ལ་སྐྱེལ་མ་བྱས་པའི་མེ་ཏོག་ཡོད།།

 
ཁ་བྲལ་མེད་ན་མཉམ་འཛོམས་ག་ལ་ཡོད།།
འཛོམས་པ་མེད་ན་བྲལ་བ་ཅི་ལ་སྲིད།།
སེམས་དང་སེམས་པ་འཁྱུད་པའི་བརྩེ་དུང་དེ།།
བྲལ་འཛོམས་སྐབས་ཀྱི་ཞིམ་མངར་འོ་ཡིས་མཚོན།།

སྙིང་གི་གཏམ་དག་ཡོངས་རྫོགས་བཤད་ཟིན་ཀྱང་།

ད་དུང་སྙིང་འདིས་ཅི་ཞིག་བཤད་འདོད་འདྲ།།
བརྩེ་ཞིང་དགའ་བའི་རྣམ་འགྱུར་ཡོངས་བསྟན་ཀྱང་།།
ད་དུང་སེམས་འདིས་གང་ཞིག་བསྟན་འདོད་འདུག །


“ལམ་ལ་གཟབ་གཟབ་གཟུགས་པོར་ཅ་ག་གནང་།།”
“ཐུགས་ཁྲལ་མ་གནང་མགྱོགས་པོ་ཐུག་ཡོང་ངོ།།”
སྤྱིར་བཏང་སྤྱིར་བཏང་ཅན་གྱི་ཚིག་འདི་དག །
སྤྱིར་བཏང་མིན་པའི་སེམས་ཚོར་དྲག་པོས་བརྗོད།།

དལ་གྱིས་འགྲོ་བཞིན་ཁྱེད་ལ་ལག་གཡུག་བྱས།།

མདུན་དུ་སྐྱོད་བཞིན་ཕྱི་མིག་ཡང་ཡང་བལྟས།།
ཇེ་རིང་ཇེ་རིང་འགྲོ་བའི་གཟུགས་པོ་གཉིས།།
ཇེ་ཉེ་ཇེ་ཉེའི་སེམས་ཀྱི་ལྡོག་ཕྱོགས་ཆགས།།

ཁྱེད་ཀྱི་སེམས་ནས་སྨོན་འདུན་ཤིང་ལོ་འཕྱུར།།

ང་ཡི་སེམས་ནས་ལྷག་བསམ་བྱ་སྒྲོ་བཅངས།།
སྙིང་གི་བརྩེ་བ་མཚོན་པའི་ལག་པ་ཟུང་།།
ཐལ་མོ་སྦྱར་ཏེ་གསོལ་བ་སྨོན་ལམ་བཏབ།།

ང་རང་སོང་ཡང་སྙིང་ནི་ལུས་སོང་སྙམ།།

ཁྱེད་རང་བསྡད་ཀྱང་སྙིང་ནི་འཁྱེར་སོང་དྲན།།
གང་ལའང་བྲོ་བ་མེད་པའི་ལན་ཚྭའི་ཆུས།།
བརྩེ་དུང་རྒྱ་མཚོའི་ཟབ་ཚད་ངེས་པར་མཚོན།།

ཡར་འགྲོ་མར་འགྲོའི་མི་ཚོགས་འདི་དག་གི །

སེམས་རྩ་དེད་ན་དཀའ་ངལ་སྣ་རེ་མཆིས།།
ཕར་སྣོལ་ཚུར་སྣོལ་ལམ་ཁ་འདི་དག་ཀྱང་།།
སེམས་ཀྱི་ལམ་ཁ་འདི་ལ་སྦྲེལ་ནས་ཡོད།།

སྔོན་ཆད་འདི་ལྟར་ག་ཚོད་བྲལ་ཡོད་དམ།།

ཕྱིན་ཆད་འདི་ལྟར་ག་ཚོད་བྲལ་དགོས་སམ།།
ཁ་བྲལ་སྐབས་ཀྱི་གདུང་བ་ལྕི་མོ་དེ།།
མཉམ་འཛོམས་དགའ་སྤྲོས་ག་ཚོད་གསབ་ནུས་སམ།།
 

བྲལ་བ་ལུས་ལ་ཡོད་ཀྱང་སེམས་ན་མེད།།
ཟད་པ་ནོར་ལ་མཆིས་ཀྱང་བརྩེ་བར་མིན།།
ཕན་ཚུན་ཡིད་ཆེས་གཙང་མས་སྦྲེལ་ཚར་ན།།
མཉམ་འཛོམས་དུས་དེ་མི་རིང་ཡིད་ཆེས་ཡོད།། །།

ལྡི་ལི་གསར་པའི་གནམ་ཐང་ནས་སྔོན་གྱི་ཚུལ་དྲན་ནས་ཤར་མར་ཡི་གེར་སྤེལ་བའོ།། །།

17 comments:

  1. དངོས་ནས་སྙན་པོ་འདུག་ ཕལ་ཆེར་མཚམས་ལགས་དྲན་པའི་སེམས་འཚོར་ཡིན་བ་འདྲ་ འོན་ཀྱང་བྲལ་འཛོམས་ཀྱི་སེམས་འཚོར་དེ་སུ་ལ་ཡང་ཡོང་སྲིད་པ་ཞིག་རེད།

    ReplyDelete
  2. སྙན་ངག་འདི་སྙན་པོ་འདུག ཚིག་རྐང་ཁ་ཤས་བློ་ལ་འགྲོ་པོ་བྱུང་། "སྙིང་གི་གཏམ་དག་ཡོངས་རྫོགས་བཤད་ཟིན་ཀྱང་།
    ད་དུང་སྙིང་འདིས་ཅི་ཞིག་བཤད་འདོད་འདྲ།།བརྩེ་ཞིང་དགའ་བའི་རྣམ་འགྱུར་ཡོངས་བསྟན་ཀྱང་།།ད་དུང་སེམས་འདིས་གང་ཞིག་བསྟན་འདོད་འདུག །སྤྱིར་བཏང་སྤྱིར་བཏང་ཅན་གྱི་ཚིག་འདི་དག །སྤྱིར་བཏང་མིན་པའི་སེམས་ཚོར་དྲག་པོས་བརྗོད།།ང་རང་སོང་ཡང་སྙིང་ནི་ལུས་སོང་སྙམ།།ཁྱེད་རང་བསྡད་ཀྱང་སྙིང་ནི་འཁྱེར་སོང་དྲན།།་་་་་་་་"

    ReplyDelete
  3. མཚན་མི་གསལ་བའི་གྲོགས་པོ་ཁྱེད་ཅག་གིས་རྩོམ་འདིར་མཉེས་པོ་གནང་བར་ཐུགས་རྗེ་ཆེ། རྩོམ་ཡིག་འདི་ཐོལ་བྱུང་དུ་བྲིས་པ་ཞིག་ཡིན་སྟབས་ད་དུང་བཟོ་བཅོས་དགོས་ས་ཁ་ཤས་འདུག

    ReplyDelete
  4. ངས་གཅིཡག་ཀློག འོན་ཀྱང་ང་ནི་མང་ཆེ་ང་བ་མགོ་འཇུག་ལོག་མཁན་ཡིན་པས། ཕ་ཡི་སྙན་རྩོམ་སྙན་ཚིག་འདྲ། །བུ་ཡི་ཉིན་ཐོ་དོ་ཧ་འདྲ། །བྱུང་།།

    ReplyDelete
  5. སྐུ་ཞབས་ལགས། དོ་ཧ་ཟེར་ན་ག་རེ་རེད།

    ReplyDelete
  6. སྣང་གསལ།June 18, 2012 at 10:55 AM

    གྲོགས་པོ་འགས་དེང་སང་རྒན་ཆུང་ལགས་ཀྱིས་སྙན་ངག་འབྲི་བཞིན་འདུག་ཟེར། དེ་ནི་བདག་ལ་མཚོན་ན་རེ་སྒུག་གི་གཏམ་བཟང་ཞིག་ཡིན། ཡང་གྲོགས་པོ་འགས་ཁོང་སྙན་ངག་གི་བཟང་བཙོན་ལས་ཐར་འདུག་ཟེར། དེ་ཡང་བདག་ལ་སྔར་བཞིན་གཏམ་བཟང་རེད།

    ReplyDelete
  7. ང་ལ་མཚོན་ནའང་རྒན་ཆུང་ལགས་ཀྱི་རྩོམ་ཡིག་ནི་རེ་སྒུག་བྱེད་ས་ཞིག་ཡིན། ཁོང་གིས་དཔྱད་རྩོམ་དང་སྙན་ངག ཡིག་སྒྱུར། སྒྲུང་སོགས་ག་རེ་གནང་ནའང་སྤུས་ཚད་ལེགས་ཤིང་གོ་བདེ། ལྷག་པར་སྙན་ངག་གི་ཚིག་གཤིས་འཇམ་ཞིང་སྙན་ལ། ནང་དོན་རྟོགས་བདེ་བ། ཚོར་སྣང་ཤུགས་ཆེན་པོ་སྤྲོད་ཐུབ་པ་ཞིག་ཡིན། འོན་ཀྱང་ལོ་བཅུ་གྲངས་ནང་ཁོང་གིས་སྒྱུ་རྩལ་རྩོམ་ཡིག་འབྲི་མཚམས་བཞག་པ་དེར་བློ་ཕམ་ཡོད་ལ། ད་ཆ་ཡང་བསྐྱར་སྙན་ངག་གི་འཇིག་རྟེན་དུ་ཕེབས་པར་དགའ་སྤྲོ་ཆེ། ཡིག་སྒྱུར་གནང་ན་ལེགས་ཀྱང་། དེ་ཚོ་ནི་མི་གཞན་གྱིས་བརྩམས་པ་རེད། སོ་སོས་གསར་རྩོམ་གནང་སྟེ་མུ་མཐུད་དེ་ང་ཚོའི་ཡིད་དབང་འགུག་རོགས། བལ་ཡུལ་ནས་རྒྱལ་མཚན་ཆོས་བཟང་གིས་ཕུལ།།

    ReplyDelete
  8. སྣང་གསལ་ལགས་དང་རྒྱལ་མཚན་ཆོས་བཟང་ལགས་ཀྱིས་གདེང་འཇོག་དང་སྐུལ་མ་གནང་བར་ཐུགས་རྗེ་ཆེ།
    སྒྲིག་གཞི་བཙན་པོས་ལག་ཟུང་དམ་དུ་བསྐྱིགས།།
    གུ་དོག་ལྕགས་ཁྲས་རྣམ་ཤེས་བཙོན་དུ་བཅུག །
    ཕྲག་དོག་ཐོ་བས་སྨྱུ་གུའི་རྣོ་དབལ་རྟུལ།།
    སྙན་ངག་མཁན་གྱིས་མྱངས་པ་ཉུང་ཉུང་མིན།།

    ཚར་མེད་ལས་ཀྱིས་གསར་གཏོད་གཤོག་པ་བཅད།།
    ཟིན་མེད་བྱ་བས་སྙིང་གི་ཟུངས་ཀྱང་གྲོན།།
    བྱས་པ་རྗེས་མེད་མཚན་མོ་རིང་རིང་པོར།།
    མིག་མཐའ་བརླན་པའི་བྱིའུ་ང་བདེ་མ་མྱོང་།།

    གཞིས་བྱེས་གཞུང་འདིར་ཞེན་པ་ལྷད་མེད་ཡིན།།
    རང་ནུས་འདོན་པའི་ལས་ཤིག་ཅང་མ་སྩལ།།
    གཞུང་ཡིག་ལས་བསྡོམས་བྲིས་ནས་སྨྱུ་གུ་ཟད།།
    དེ་ཚོའི་བར་དུ་སྙན་ངག་ཇི་ལྟར་འཁྱོངས།།

    ReplyDelete
  9. དགྱེས་ཁའི་སེམས་ཀྱི་འཚོར་བ་སྐྱུར་མོ་འདི།།
    ནག་ནོག་ཤོག་བུར་སྤྲིངས་པར་བྱས་འགྱུར་ཀྱང་།།
    སེམས་ཀྱི་དཀའ་སྡུག་སེམས་ཀྱི་འཁུར་བ་ལས།།
    ཤོག་བུས་འཁེར་ན་སེམས་ཚོར་རྫུན་མར་སྣང་།།

    འཛོམས་བྲལ་འཚོ་བ་ལྕི་མོ་འདིས།།
    ལུས་སེམས་གནར་བའི་ལོ་རྒྱུས་མང་།།
    ཉམས་ཆུང་བརྩེ་དུང་ཟབ་མོ་འདི།།
    སྟོབས་ཆུང་འབྱུང་བས་བཅོམ་མ་ནུས།།

    ReplyDelete
  10. སེམས་སྡུག་གྲོགས་ལ་བཤད་ཚེ་ཡང་སྣང་ཤར།།
    སྐྱོ་གླུ་དབྱངས་སུ་བླངས་ན་བདེ་སྣང་སྐྱེ།།
    སེམས་གསང་ཤོག་བུར་བཀོད་པས་ཚིམ་གྱུར་པ།།
    སྔར་ཡང་མང་བྱུང་ད་ཡང་འདི་ན་མཆིས།།

    སྒྱུ་རྩལ་ཞེས་གྲགས་ལྷ་བུ་འདྲ་བ་དེ།།
    ས་ལ་ཕབ་ན་རང་སེམས་མཚོན་བྱེད་ཙམ།།
    བརྩེ་བ་ཞེས་གྲགས་ས་གྲགས་གནམ་གྲགས་དེ།།
    དངོས་སུ་མྱངས་ན་ཕལ་ཆེར་འདོད་ཆགས་ཙམ།།

    ཕན་ཚུན་གསང་བ་མེད་ཅིང་དམ་ཚིག་གཙང་།།
    ཆགས་བཅས་རྒྱུད་དག་ལྡན་པའི་གཤིས་བཟང་གིས།།
    ཕན་ཚུན་འདོད་དང་མི་འདོད་ཡོངས་ཤེས་པ།།
    འཇིག་རྟེན་འདི་ཡི་བརྩེ་བར་འཇོག་ཏུ་རུང་།།

    དེ་མིན་གཟུགས་ཙམ་ལ་ཆགས་ཆགས་པ་དེ།།
    རྩྭ་རྩེའི་བད་འདྲ་འབྱུང་བས་ལམ་སེང་འཇོམས།།
    གྲོགས་ཁྱེད་བརྩེ་དུང་བདུད་རྩིར་རོལ་འདོད་ན།།
    གཟུགས་ལས་འདས་པའི་མཛེས་སྡུག་མྱོང་བ་གལ།།

    ReplyDelete
  11. འགྱུར་མེད་ཀྱི་དམ་བཅའ་ཞིག་གི་འདེད་ནས།
    ངས་གཡོ་ལྷད་མེད་པའི་དྭངས་གཙང་གི་སེམས་པ་འདི་འཁྱེར་ནས།
    མཐའ་ཡས་པའི་བརྩེ་དུང་ཞིང་ཁམས་འདིར་འགྲིམས་དུས།
    རོགས་ན་ཟླ་ཡི་ན་གཟུགས་མྱོང་བའི་བརྩེ་དུང་གི་སྨྲེ་ངག་འདོན་བཞིན།
    ཡོད་ཚད་བརྩེ་དུང་གི་བྱས་ཉེས་སུ་བརྩིས་ནས་མཆོངས་ལ་ཐལ།
    སེམས་གཉིས་ཀྱི་ཞེན་ས་ནི་ཆ་རྐྱེན་བྲལ་བའི་དྭངས་མའི་ཆུ་གཤེལ་ཞིག་ཡིན།
    གཤེལ་གདངས་ཀྱི་ངོ་མཚར་འདིས་བསྒྲུན་མེད་ཀྱི་བརྩེ་དུང་འདིར་འོད་དཀར་ཞིག་སྒྲོན་ངེས།
    ཆ་རྐྱེན་ནི་བརྩེ་དུང་ལ་ཡོང་མི་སྲིད།
    ལྷད་མེད་ཀྱི་བརྩེ་དུང་ནི་ཆགས་པ་མིན།
    འདི་ནི་ནམ་ཡང་འགྱུར་ཐབས་མེད་པའི་ལྷད་མེད་ཀྱི་འཚོར་བ་ཞིག་ཡིན།

    ReplyDelete
  12. ངོ་མ་།
    ཕྱིར་ལོག་ཤག
    སྙན་ངག་ལ་དུང་བའི་མི་བོ་ཞིག
    སྙན་ངག་གི་འཇིག་རྟེན་ནས་མཐར་གྱིས་བཞུད་དེ།
    སླར་ཡང་ཧོད་ཀྱིས་ཕེབས་བྱུང་ཡ།




    ReplyDelete
  13. མཁས་པའི་སོར་རྩེས་དྲངས་པའི་ཚོར་གཏམ་སྙན།།
    སྙན་མོའི་ཚིག་གིས་སྦྱོར་བའི་བརྗོད་དོན་ཟབ།།
    ཟབ་པའི་དོན་གྱིས་མི་སེམས་ངང་གིས་འགུལ།།
    འགུལ་བའི་སྙིང་ཆུང་ལོ་བསྙལ་བརྩེ་བས་བཟི།།
    བཟི་བའི་གཏམ་དེ་དབང་མེད་ངག་ནས་ཤོར།།
    ཤོར་བའི་ཚིག་འདི་དོན་སྦྱོར་ཅི་ལ་མཁས།།
    མཁས་པ་མིན་ཡང་ཡིད་དད་དགའ་མགུའི་ཚིག།
    མཁས་པ་ཁྱེད་ཀྱི་རྗེས་ཤུལ་རེ་རེ་ལ།
    མཁས་པའི་ཟོལ་གྱིས་བསྟོད་གླུ་མི་འབུལ་ཅི་ལ་ཡོད།

    ReplyDelete
  14. གྱེས་བྲལ་འབྱུང་བ་གཞི་བྱེས་ཕ་བུའི་ལོ་རྒྱུས་ཡིན།
    ལྷ་འཛོམས་ཉིན་དེ་གཞི་བྱེས་ཕ་བུའི་རེ་རྒུག་ཡིན།
    བྲལ་བའི་དུས་དེར་མཆི་མས་ཕེབས་སྐྱེས་མཛད་བྱུང་ལགས།
    འཛོམས་པ་རྨིས་པས་མིག་མཐའ་རླན་པ་མི་ཉུང་ལགས།
    བཟོད་པ་ལྷ་རྩེ་ནས།

    ReplyDelete
  15. ཆུང་ནས་སྙན་ངག་གོམས་པ་ཡི།། ཚེ་ལྡན་གཞུང་གི་ལས་ལ་ཞུགས།། རིང་རིང་ལོ་ངོ་བཅུ་བདུན་མཐར།། སླར་ཡང་སྙན་ངག་གླིང་ལ་ལོག། བྱས་འབྲས་ལག་རྗེས་ཐོན་དཀའ་ཡང་།། རང་སེམས་བདེ་བའི་ཁྱད་ཅིག་འདུག །དབང་ལྡན་མང་པོ་མི་དགྱེས་ཀྱང་།། དབང་མེད་མང་པོ་དགའ་བས་སྤྲོ།།

    ReplyDelete
  16. མཚན་མི་གསལ་བ་ཁྱེད་ཀྱིས་སྒྲ་རྒྱན་གྱི་ལམ་ནས་བསྔགས་བརྗོད་སྙན་པོ་ཞིག་གནང་བར་ཐུགས་རྗེ་ཆེ།
    མཁས་པ་ཟེར་བའི་བཤུ་གཞོག་མཁན་དག་དང་། །
    མཁས་དབང་ཟེར་བའི་དབང་ཅན་དེ་དག་གི །
    གྲལ་དུ་མི་འཚང་བདག་ནི་བདག་རང་ཡིན། །
    རང་མགོ་རང་གིས་མི་བསྐོར་ཆུང་ཚེ་ཡིན།།

    སྙིང་གི་གཏམ་དག་སྙན་པའི་དབྱངས་སུ་ལེན།།
    དགོས་པའི་ནོར་བུ་རང་གི་སྐད་དུ་བསྒྱུར།།
    བསྒྲུབ་འོས་ཞབས་ཕྱི་སེམས་ཅན་ཀུན་ལ་ཞུ།།
    བྱ་སྒྲོ་དཀར་པོའི་རེ་བ་དེ་ག་ཙམ།།

    ReplyDelete
  17. བཟོད་པ་ལྷ་རྩེ་ལགས། སྙན་ངག་འདི་བོད་ནང་གི་མཆོད་མེ་རྩོམ་རིག་དྲ་བའི་ལེགས་རྩོམ་ནང་དུའང་བཀོད་འདུག་ཅིང་། ཀློག་པ་པོ་ཁ་ཤས་ཀྱིས་ཁྱེད་དང་འདྲ་བར་བྲལ་འཛོམས་ཀྱི་བསྟན་དོན་དང་། གཞིས་བྱེས་གཉིས་ཀྱི་ལས་དབང་ལ་འབྲེལ་བ་ཡོད་པའི་ངོས་འཛིན་གནང་འདུག ཐུགས་རྗེ་ཆེ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete