2012-06-20

༅༅།། དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ།

ཤེལ་དཀར་གླིང་པས་བརྩམས།

(མཆན། ཕྲན་རང་བོད་ནང་ཡོད་སྐབས་སློབ་དེབ་སོགས་སུ་ལྷ་ས་དྲན་གླུ་བཀོད་པ་རྣམས་ཀྱི་ཚིག་རིས་བློ་ལ་ཡོད་པ་དང་། ཕྱིས་རྒྱ་གར་ལ་སླེབས་རྗེས་མཐོང་བའི་ལྷ་ས་དྲན་གླུའི་ཚིག་རིས་ལ་ཁྱད་པར་ཡོད་པ་མཐོང་བར་བརྟེན། གཤམ་དུ་བཀོད་པའི་ལྷ་ས་དྲན་གླུ་ནི། ལོ་ངོ་གཉིས་ཙམ་རིང་མ་དཔེ་མང་པོ་བཙལ་མཐར་གཙོ་བོ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་ཚགས་པར་དུ་བཀོད་པའི་ལྷ་ས་དྲན་གླུ་དང་། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་ལག་བྲིས་ཕྱག་དཔེ་“རབ་བྱུང་ ༡༥ ལྕགས་ཁྱི། ཕྱི་ལོ་ ༡༩༡༠ ྋགོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་འཕགས་ཡུལ་རྡོ་རྗེ་གླིང་དུ་བཞུགས་སྐབས་ས་དབང་ཤེལ་གླིང་མཆོག་ནས་ལྷ་སའི་གནས་ལུགས་བཀའ་རྩོམ་གནང་བའི་ངོ་བཤུས་དགེ་”ཞེས་པ། དེ་བཞིན་ཧྥ་རན་སི་ནས་ཐོབ་པའི་དཔེ་ཆ་“དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ་ནོར་བུའི་དོ་ཤལ་”ཞེས་པ་རྣམས་གཤིབས་བསྡུར་བྱས་ཏེ་བཀོད་པ་ཡིན་པས། ད་ཕན་ཐོན་པའི་ལྷ་ས་དྲན་གླུ་ཡོངས་ཀྱི་ནང་ནས་འདི་ཉིད་ཆ་ཚང་ཤོས་དང་ཅུང་ཟད་དག་པ་བྱུང་ཡོད་པའི་སྤོབས་པ་ཡོད། ཆུང་ཚེ་རིང་གིས།)


གང་གང་རྐྱེན་ལས་གྲུབ་པའི་དངོས་མ་ལུས།།
དེ་དེ་རང་བཞིན་ཉིད་ཀྱིས་སྟོང་གྱུར་ཀྱང༌།།
བདེན་བདེན་རྒྱུ་འབྲས་སྟོན་པའི་རྗེ་བླ་མ།།
མཁྱེན་མཁྱེན་ཉམས་ཆུང་བདག་ལ་ཐུགས་རྗེས་གཟིགས།།


ཤེས་ཤེས་ཐོབ་ཐོབ་ཅང་མེད་འབྲོག་འཐོམས་ངས།། 

རྡོག་རྡོག་དོན་སྙིང་ལྷ་ས་དྲན་དྲག་ནས།།
ཐོལ་ཐོལ་གང་ཤར་བྲིས་པའི་བླུན་གཏམ་ཞིག །
ཤོད་ཤོད་གཏོང་བས་གྲོགས་དག་ཚུར་གསན་དང༌།།
 

ཁྲུང་ཁྲུང་ངང་པ་མང་པོ་རྩེ་དགའི་གནས།།
ཆིལ་ཆིལ་རླབས་ཀྱི་ཕྲེང་བ་མཁའ་ལ་འཕྱོ།།
ལྷུང་ལྷུང་སྒྲོག་པའི་ཆུ་ཆེན་སྐྱིད་ཆུ་ནི།།
དལ་དལ་གཡས་སུ་འཁོར་བའི་ལྷ་ས་དྲན།།


གཤོངས་གཤོངས་ས་གཞི་ཡངས་ཤིང་འཁོད་སྙོམས་པར།།

ལྗང་ལྗང་རྩྭ་དང་ཤིང་ནགས་ཕྲེང་བས་སྤྲས།།
འཚེར་འཚེར་ཉི་ཟླའི་བྱོན་ལམ་བདེ་བ་དང༌།།
སྣུམ་སྣུམ་བཀྲག་མདངས་ལྡན་པའི་ལྷ་ས་དྲན།།

མུན་མུན་སྨུག་པ་སངས་པའི་དུས་མེད་པ།།

ཛུབ་ཛུབ་ཐིབ་པ་འདི་འདྲ་མ་ཡིན་པར།།
བསིལ་བསིལ་དགུན་དུས་དྲོ་ལ་དབྱར་གྲང་ཞིང༌།།
མཆོར་མཆོར་རྒྱན་ཆས་སྤུད་པའི་ལྷ་ས་དྲན།།

ཐེར་ཐེར་ས་ལ་པད་མ་འདབ་བརྒྱད་དང༌།།

ཡོར་ཡོར་རིའི་ལོགས་བཀྲ་ཤིས་རྟགས་བརྒྱད་ཚང༌།།
ཟླུམ་ཟླུམ་འཁོར་ལོའི་དབྱིབས་འདྲ་ནམ་མཁའ་སོགས།།
མཚར་མཚར་ས་བཀྲ་ཤིས་པའི་ལྷ་ས་དྲན།།

ལོང་ལོང་ཁྲོམ་མང་ཚོགས་པའི་དོ་ར་ན།།

ལྡེམ་ལྡེམ་གཟུགས་ཀྱི་རྣམ་འགྱུར་སྟོང་སྤྲོ་ཞིང༌།།
མཛེས་མཛེས་མ་ལུས་བསྡུས་པའི་ཡིད་འོང་མ།།
འཛུམ་འཛུམ་བཞིན་རས་ངོམས་པའི་ལྷ་ས་དྲན།།

བར་བར་རྣམ་སྲས་མཛོད་ལ་འགྲན་ནུས་པའི།།

ལེགས་ལེགས་དངོས་པོའི་འབྱོར་ཚོགས་དཔག་མེད་ཀྱིས།།
འཛག་འཛག་གཏམས་པའི་ཚོང་ཁང་བལྟ་བའི་ཞོར།།
ཡང་ཡང་བར་སྐོར་འཁོར་བའི་ལྷ་ས་དྲན།།

བྲེལ་བྲེལ་ཚུབ་ཚུབ་འདི་འདྲ་མ་ཡིན་པར།།

ལྷོད་ལྷོད་མི་རྣམས་ངང་རྒྱུད་ཆེས་རིང་ཞིང༌།།
མུར་མུར་ཁ་ཟས་བཟའ་ཞིང་དྲང་པོའི་ལས།།
བརྟན་བརྟན་ཏིག་ཏིག་བྱེད་པའི་ལྷ་ས་དྲན།།

ལྷུག་ལྷུག་གྲོལ་བའི་མེ་ཏོག་བཞད་དབུས་སུ།།

དགའ་དགའ་སྐྱིད་སྐྱིད་གཏོང་དུ་གླིང་ཁར་ཕྱིན།།
ཙེའི་ཙེའི་འུའུ་འུའུ་འབའ་ཆ་ཧོར་གླིང་དང༌།།
ཨིའི་ཨིའི་འབི་ཤུའི་སྒྲ་ལྡན་ལྷ་ས་དྲན།།

ཞིམ་ཞིམ་རྒྱ་ཟས་བསྒྲིགས་པའི་གསོལ་སྒྲའོ་ནི།།

གཟེངས་གཟེངས་བཏེགས་ནས་སྐུ་མདུན་དུ་ཕུལ་རྗེས།།
གང་གང་བཟའ་བར་འདོད་པ་དེ་བླངས་ནས།།
ཧྲུག་ཧྲུག་སྒྲ་བཅས་གསོལ་བའི་ལྷ་ས་དྲན།།

སྙིང་སྙིང་མེ་ཏོག་ལྷ་མཛེས་ཁྲུང་ཞུ་མས།།
ཟིམ་ཟིམ་མིག་གིས་ཟུར་མདའ་འཕེན་བཞིན་པར།།
བཞེས་བཞེས་མཆོད་མཆོད་སྨྲ་ཞིང་ཆང་རག་ནི།།
ཡང་ཡང་གུས་པས་འདྲེན་པའི་ལྷ་ས་དྲན།།

ཧོ་ཧོ་ཆོས་ལྡན་རྒྱལ་ཁབ་མངའ་ཐང་ནི།།

སྔོན་སྔོན་ནམ་མཁའི་ཁམས་ཀུན་ཁེངས་འདྲ་བ།།
རྩི་རྩི་འཁུམ་འཁུམ་མེད་པར་སྦྱིན་གནས་ལ།།
མཆོད་མཆོད་སྦྱིན་སྦྱིན་འགྱེད་གནས་ལྷ་ས་དྲན།།

འཇོལ་འཇོལ་ཟ་འོག་གིས་བཀླུབས་དཔོན་རིགས་རྣམས།།

ཞིབ་ཞིབ་མོལ་མོལ་བློ་གྲོས་ལེགས་བསྡུར་ནས།།
འཁྱུག་འཁྱུག་ཡི་གེ་འབྲི་སོགས་བསྟན་སྲིད་དོན།།
འཕྲལ་འཕྲལ་ལེགས་པར་སྒྲུབ་པའི་ལྷ་ས་དྲན།།

ཚ་ཚ་འཇམ་འཇམ་ཟུང་འབྲེལ་རྒྱལ་ཁྲིམས་ནི།།

འཁྱོག་འཁྱོག་མེད་པ་ཚངས་པའི་ཐིག་ཤིང་འདྲ།།
གཡས་གཡས་གཡོན་གཡོན་ཁག་དཀྲི་མི་མཛད་པར།།
རང་རང་བྱེད་ལུགས་རྗེས་འགྲོ་ལྷ་ས་དྲན།།

ཆབ་ཆབ་ཕོར་ཤུབས་སྟོང་སྐུད་ཕོད་ཛར་དང༌།།

འཐིབ་འཐིབ་སོག་ཞྭའི་འཇའ་ལ་འགྲན་པ་ལ།།
ཕྲུལ་ཕྲུག་སོག་བྱིལ་འཕྱ་བས་དགོད་པ་འདྲའི།།
བསིར་བསིར་སྒེར་གཡོག་ཚོགས་ཡུལ་ལྷ་ས་དྲན།།

སྙན་སྙན་འགྱུར་ཁུག་སྟོང་ལྡན་གླུ་གཞས་སོགས།།

ཀྱུར་ཀྱུར་སྐད་ཀྱིས་བདག་ཡིད་བརྟན་པ་འཕྲོགས།།
འཇམ་འཇམ་ལག་པ་རེག་པས་བདེ་སྟེར་བ།།
གཞོན་གཞོན་བུ་མོའི་འདུ་གནས་ལྷ་ས་དྲན།།

སྐབས་སྐབས་འཆམ་དང་ལྷ་མོ་ལ་སོགས་པ།།

ལིང་ལིང་གར་གྱི་ཉམས་འགྱུར་ལྟད་མོའི་ཚོགས།།
རེ་རེ་ལ་ཡང་མིག་ཁྲག་ཀུན་ལུག་པའི།།
དུས་དུས་མཆོད་མཆོད་མང་པོའི་ལྷ་ས་དྲན།།

ཁུག་ཁུག་ཀྱོག་ཀྱོག་འགྲོ་ལམ་གང་ཡོད་དུ།།

ངན་ངན་ཞ་ལོང་རྒན་བྱིས་སྤྲང་པོ་ཡང༌།།
མངར་མངར་སྐྱུར་སྐྱུར་ཆང་གིས་རབ་མྱོས་ཏེ།།
འཁྱོར་འཁྱོར་འགྲོ་ཞིང་ཉལ་བའི་ལྷ་ས་དྲན།།

ཕ་ཕ་ད་དུང་གསོན་དང་ཞུ་རྒྱུ་འདུག །

གཅེས་གཅེས་ལུས་འདི་འཚོ་བྱེད་ལྷ་རྗེ་དང༌།།
དུང་དུང་བརྩེ་བ་ལྡན་པའི་མཛའ་གྲོགས་དང༌།།
བྱམས་བྱམས་ཕ་མའི་བསྟི་གནས་ལྷ་ས་དྲན།།

གསལ་གསལ་མར་མེ་ལ་སོགས་མཆོད་ཚོགས་དབུས།།

བརྗིད་བརྗིད་མཚན་དཔེའི་དཔལ་འབར་ཇོ་ཤཀ་གཉིས།།
གུས་གུས་མཆོད་མཇལ་ཞུ་གྲོགས་དང་བཅས་ཏེ།།
ཤོབ་ཤོབ་སྨོན་ལམ་འདེབས་གནས་ལྷ་ས་དྲན།།

ལ་ལ་དཔལ་ལྷ་ཞི་དྲག་བསྟི་གནས་སུ།།

ཀི་ཀི་སྭོ་སྭོའི་ང་ངོས་རི་རབ་ཀྱང༌།།
བེར་བེར་གཡོ་བའི་སྐད་དང་དར་འཕྱར་ཞིང༌།།
འཕྱུར་འཕྱུར་བསང་དུད་གཏོང་བའི་ལྷ་ས་དྲན།།

ཡོད་ཡོད་ལྟོས་ཤིག་གྲུ་འཛིན་གཞལ་མེད་ཁང༌།།

མེར་མེར་རྟེན་གྱིས་ཁེངས་པ་མཇལ་མ་ཐག །
ཧྲིག་ཧྲིག་མིག་ནས་དད་པའི་མཆི་མ་ནི།།
ཉིལ་ཉིལ་དབང་མེད་འབབ་པའི་ལྷ་ས་དྲན།།

ཆེ་ཆེ་བཟང་བཟང་བླ་མ་ཁྲིར་བཞུགས་ནས།།

ཟབ་ཟབ་ཐེག་ཆེན་ཆོས་ཆར་འབབ་པའི་ཚེ།།
མང་མང་སྐྱེ་བོས་ལག་པད་བཟུང་བཞིན་པར།།
སིམ་སིམ་ཉན་པའི་ཆོས་རྭ་ལྷ་ས་དྲན།།

པ་པ་ཨ་མ་རྒན་པོ་མང་པོ་ཞིག །

འདར་འདར་རྐང་པས་ལུས་པོ་ཐེག་དཀའ་རུང༌།།
སྒུར་སྒུར་ཕྱག་དང་སྐོར་བས་གླིང་སྐོར་ལམ།།
རོང་རོང་བསྐྱོད་པས་ཡོངས་ཁེངས་ལྷ་ས་དྲན།།

འཛྷིམ་འཛྷིམ་རྔ་སྦུག་དཀྲོལ་བའི་ཨ་མཆོད་རྣམས།།

འཐུལ་འཐུལ་མེ་ཏོག་འབྲུ་སྣ་འཐོར་བ་དང༌།།
ཧུཾ་ཧུཾ་ཕཊ་ཕཊ་སྔགས་སྒྲས་འདྲེ་རྒོད་དཔུང༌།།
འཁུམ་འཁུམ་རྒྱང་རིང་སྐྲོད་པའི་ལྷ་ས་དྲན།།

ཧྲིལ་ཧྲིལ་མ་ཎི་ཁྲི་བསྐོར་ཆེ་ཆུང་རྣམས།།

ཐིང་ཐིང་དྲིལ་བུའི་སྐད་ཀྱིས་འགྲོ་དོན་ལ།།
བྱོན་བྱོན་ཞེས་པ་སྨྲ་བས་བསྐུལ་བ་བཞིན།།
འཁྱིར་འཁྱིར་བསྐོར་མི་མང་བའི་ལྷ་ས་དྲན།།

དད་དད་འཕགས་ནོར་ལྡན་པའི་སེར་སྐྱ་འགའ།།

ཞོར་ཞོར་འཁྱམས་རའི་སྒོ་མཆོར་ལ་སོགས་སུ།།
ལེབ་ལེབ་རྡོ་དང་པང་གཅལ་ཕྱག་གདན་སྟེང༌།།
ཤུར་ཤུར་རྐྱང་ཕྱག་གསོག་པའི་ལྷ་ས་དྲན།།

ཕྱོགས་ཕྱོགས་ཀུན་ནས་མཆོད་སྦྱིན་སྤེལ་བའི་ཕྱིར།།

རུབ་རུབ་འདུས་པའི་སྐྱེ་བོའི་བསོད་ནམས་མཚོ།།
འཁྱོམ་འཁྱོམ་བགྱིས་ཀྱང་འཐོར་བར་མི་འགྱུར་བར།།
འཁྱིལ་འཁྱིལ་གཅིག་ཏུ་འཁྱིལ་བའི་ལྷ་ས་དྲན།།

གཅིག་གཅིག་བསྐལ་བར་བརྙེད་དཀའི་དལ་འབྱོར་རྟེན།།

ཡུད་ཡུད་ཚེ་ནི་མི་བརྟན་འགྱུར་བ་དང༌།།
སྡུག་སྡུག་ངན་འགྲོའི་དུ་ཁ་བསམ་བཞིན་དུ།།
ལེགས་ལེགས་ཐར་པ་སྒྲུབ་གནས་ལྷ་ས་དྲན།།

ཟེར་ཟེར་ཙམ་མིན་བླ་མ་མཁའ་འགྲོའི་ཚོགས།།

ཕུང་ཕུང་སྤྲིན་ཚོགས་འཐིབས་ལྟར་ཡུར་དེར་བཞུགས།།
ཆུང་ཆུང་བདག་དང་བདག་འདྲའང་ཐར་ལམ་དུ།།
ཤར་ཤར་དཀྲི་བར་མཛད་པའི་ལྷ་ས་དྲན།།

དཀར་དཀར་ལྷག་བསམ་ལྡན་རྣམས་རང་ཁྱིམ་ནས།།

འཁོན་འཁོན་ཐོགས་ཐོགས་མེད་པར་རབ་ཏུ་བྱུང༌།།
ནག་ནག་སྐྲ་བཅད་ལུས་ལ་ངུར་སྨྲིག་གོས།།
དམར་དམར་སེར་སེར་གྱོན་གནས་ལྷ་ས་དྲན།།

ཐོས་ཐོས་ཆོས་ཀྱི་དོན་ལ་བསམ་བསམ་ནས།།

སེར་སེར་དགེ་བཤེས་ཚོགས་དབུས་རྩོད་པའི་ཚེ།།
ཐག་ཐག་ཕྱག་གི་སྒྲ་བཅས་ཐེ་ཚོམ་ཀུན།།
བསང་བསང་སེལ་བའི་ཆོས་ར་ལྷ་ས་དྲན།།

མཁས་མཁས་ལྡན་གྲོལ་གཉིས་ལྡན་དགེ་འདུན་རྣམས།།

འགྲིག་འགྲིག་གྲལ་ལ་འཁོད་ནས་དབྱངས་གཅིག་གི།།
འུར་འུར་ཆོས་སྒྲ་སྒྲོག་པ་ཐོས་པས་ཀྱང༌།།
འཇིག་འཇིག་ངན་འགྲོར་མི་ལྟུང་ལྷ་ས་དྲན།།

འགྲམ་འགྲམ་རི་ཁྲོད་དབེན་ཞིང་ཉམས་དགའ་བར།།

དཀྲོང་དཀྲོང་ལུས་གནས་བསྲངས་པའི་སྒོམ་ཆེན་འགའ།།
བྱིང་བྱིང་འཐིབ་རྨུག་ཁྲོ་རྒོད་སྐྱོན་མེད་པར།།
ཆམ་ཆམ་མཉམ་པར་འཇོག་པའི་ལྷ་ས་དྲན།།

ཟིར་ཟིར་འདུ་འཛི་འདོད་ཡོན་རྒྱ་ཆེ་བས།།

ཞོར་ཞོར་ཙམ་ལས་ལྷ་ཆོས་མ་ཁོམ་ཀྱང༌།།
ཏུར་ཏུར་ངེས་འབྱུང་སྐྱོ་ཤས་སྙིང་རྗེ་སོགས།།
ངམ་ངམ་ཤུགས་ཀྱིས་བསྐྱེད་པའི་ལྷ་ས་དྲན།།

འོལ་འོལ་སྣང་བ་རྣམ་རྟོག་མ་ལུས་དང༌།།

བུན་བུན་ཉམས་ཀྱི་བྱེ་བྲག་མཐའ་ཡས་པ།།
རྗེན་རྗེན་རིག་སྟོང་ཆོས་ཉིད་ཀློང་ཆེན་པོར།།
སིབ་སིབ་རང་སར་གྲོལ་བའི་ལྷ་ས་དྲན།།

ང་ང་བདག་བདག་ཟེར་བའི་གཉིས་འཛིན་ནི།།

ལྡན་ལྡན་འཛིན་མེད་དབྱིངས་སུ་བག་ལ་ཞ།།
ཝལ་ཝལ་སྣང་ཞིང་སྟོང་པའི་གཟུགས་སྣང་དང་།།
ལྷང་ལྷང་གྲགས་སྟོང་སྒྲ་སྒྲོག་ལྷ་ས་དྲན།།

ཐོམ་ཐོམ་ཁྱིམ་བྱ་བདག་ཀྱང་གོ་གནས་ཁྲི།།

མཐོ་མཐོའི་སྟེང་དུ་དོན་གཉིས་སྒྲོ་གཤོག་ཟུང༌།།
ལྷབ་ལྷབ་གཡོ་ཞིང་མགྲིན་པ་གཟེངས་བསྟོད་ནས།།
འཛེར་འཛེར་སྒྲ་སྐད་སྒྲོག་གནས་ལྷ་ས་དྲན།།

སྐྱིད་སྐྱིད་དགེ་བཅུ་ཚང་བའི་ཡུལ་ཕྱོགས་དེ།།

རྨོངས་རྨོངས་བདག་གི་སྐྱེ་ཡུལ་མ་ཡིན་ཡང༌།།
སྔར་སྔར་བསགས་པའི་ལས་ཀྱིས་དེར་འཕངས་པས།།
ལམ་ལམ་ཡིད་ལ་དབུས་ལྗོངས་ལྷ་ས་དྲན།།

དེ་དེའི་ལྷ་སའི་གནས་ལུགས་བསམ་བཞིན་དུ།།

ཅེར་ཅེར་མིག་གིས་ཕྱོགས་དེའི་ནམ་མཁའ་ལ།།
ཧྲིག་ཧྲིག་བལྟ་ཞིང་མགྲིན་པའི་ཀན་སྦུག་ནས།།
ཏོག་ཏོག་སྒྲ་ཡང་འབྱིན་པའི་ཚུལ་འདིར་གཟིགས།།

རེད་རེད་འོན་ཀྱང་ལྷ་གཅིག་སྤྱན་རས་གཟིགས།།

དེང་དེང་འདི་ན་བཞུགས་པས་ལྷ་ས་ཡང༌།།
ཅང་ཅང་ཞིག་ལས་མེད་པར་ཐག་ཆོད་པས།།
ཀྱེ་ཀྱེ་གྲོགས་དག་འདི་གར་བློ་གཏད་བྱོས།།

ངར་ངར་རྒྱ་མིའི་དམག་གིས་མཐའ་ནས་བསྐོར།།

ཤོག་ཤོག་རྒྱུགས་རྒྱུག་ཁྲལ་གྱིས་ལུས་སེམས་མནར།།
ལབ་ལབ་ཚིག་གི་མཐོ་དམར་སྲོག་འདོར་བས།།
ད་ལྟ་ལྷ་ལྡན་ཡུལ་ལའང་ཞེན་ཆགས་ཆུང༌།།

ཐུང་ཐུང་ཚེ་མཇུག་འདི་ལ་འཁོར་བའི་ལས།།

ཅམ་ཅམ་རང་སར་བསྐྱུར་ནས་དབེན་གནས་སུ།།
ཟིམ་ཟིམ་མིག་གིས་ཞི་བའི་ལྟ་སྟངས་བཅས།།
འཕྱལ་འཕྱལ་ལྷུང་བའི་ཉམས་ལེན་སྐྱོང་བ་དང༌།།

རིང་རིང་སྐལ་པར་ཡང་ཡང་ལུས་སྦྱིན་པའི།།

མ་མ་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན།།
ལྷག་ལྷག་ཤུལ་ཤུལ་མེད་པར་དག་ཞིང་དུ།།
མྱུར་མྱུར་འདྲེན་པའི་བྱེད་པོར་བདག་གྱུར་ཅིག །

དེ་དེའི་གྲོང་ཚིག་སྨྲ་བའི་ཕ་རྒན་བདག །

སྦྱངས་སྦྱངས་སྦྱང་འབྲས་སྐྱེས་སྟོབས་གཉིས་ཀ་མེད།།
ཚོད་ཚོད་ཚོད་ལ་བྲིས་པ་འདིར་གཟིགས་དང༌།།
ཧེ་ཧེ་བཞད་མོ་ཤོར་པོ་ཁ་ཤས་ཡོད།། 



བཀྲ་ཤིས། ཞལ་དྲོ། མངྒ་ལམ།། །།

6 comments:

  1. མང་མང་ལྔ་རིག་གནད་ཀ་སྟོན་པའི་བཤད་གྲྭ་དང་།།
    ཡང་ཡང་ཆོས་ཀྱི་སྒྲ་དབྱངས་སྒྲོག་པའི་གྲུ་འཛིན་གནས།།
    མཚར་མཚར་་ས་ལ་ཆགས་པའི་ཆོས་ཀྱི་དོ་ར་དག།
    ལྷང་ལྷང་ཡིད་ལ་འཁོར་དུས་ཆོས་ལྡན་ལྷ་ས་དྲན།།

    དལ་དལ་ཡར་ཀླུང་གཙང་པོའི་ངུ་ངག་དང་།།
    བརྗིད་བརྗིད་ཕོ་བྲང་དམར་པོའི་བྲལ་གདུངས་གཉིས།།
    གསལ་གསལ་རྣ་བར་མཐོས་པའི་དུས་དེ་ན།།
    སྔོན་སྔོན་བླ་མ་བཞུགས་སྐབས་་ལྷ་ས་དྲན།།

    དམར་དམར་གུང་ཧྲན་དམར་པོའི་བཙན་གནོན་གྱིས།།
    དལ་དལ་སྐྱིད་པའི་གངས་ཅན་པ་རྣམས་གཉིས་སུ་དབྱེ།།
    ཕན་ཕན་གངས་རིའི་བདེན་མཐར་སྨིན་སླད་བླ་མ་ཡིས།།
    བསྐོར་བསྐོར་གོ་ལར་བསྐོར་དུས་འདས་པའི་ལྷ་ས་དྲན།།


    རྒན་ཆུང་ཚེ་རིང་ལགས།
    འདས་པའི་གྲངས་ཆ་ཁ་ཤས་སྔོན་ལ་ཕྲན་གྱིས་ལྷ་ས་དྲན་གླུ་འདི་མཚར་འགའ་ཞིག་བཀླགས་པ་ཡིན། འོན་ཏེ་ལོ་ཤས་ནང་སེམས་འཚོར་ཡོངས་སུ་སྒྲོན་པའི་སྒྲ་རྒྱན་གྱི་བཅིངས་པའི་སྙན་ངག་དེ་ལྟ་བུ་ཞིག་ཡོད་པ་བརྗེད་ལ་སོང་འདུག དེ་རིང་སླར་ཡང་སྐུ་ཉིད་ནས་སྔོན་མ་བཀླགས་མ་མྱོང་བ་དང་མཐོང་མ་མྱོང་བའི་དྲན་གླུ་འདིའི་ཁ་སྐོང་དང་བཅས་པ་ཞུ་དག་ནན་གནང་གིས་དྲྭ་ལམ་སྟེང་སྟོན་གནང་བར། རྒྱ་ཆེའི་དྲྭ་གྲོགས་ཡོངས་ཀྱི་རྣམ་པར་རྫུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ReplyDelete
  2. ཛམ་གཡུ་སྤེན་ཚེ་ལགས།
    སྙན་སྙན་ལྷ་ས་དྲན་གླུའི་ཚིག་དོན་གྱིས།།
    དུང་དུང་ཡིད་སེམས་མ་འཕྲོག་སྲིད་འདིར་དཀོན།།
    ཆུང་ཆུང་བྱིས་ནས་རྣ་བར་གོམས་པ་ཡི།།
    ལེགས་ལེགས་རྩོམ་འདི་ཉམས་ལ་ཤིན་ཏུ་ཕངས།།

    འཐིབ་འཐིབ་གནམ་ངན་མཐོང་དུས་རྩོམ་འདི་དྲན།།
    རྔུལ་རྔུལ་ཚད་པས་གཙེས་དུས་རྩོམ་འདི་དྲན།།
    བྱམས་བྱམས་ཕ་མ་དྲན་དུས་རྩོམ་འདི་དྲན།།
    སྐྱིད་སྐྱིད་ཕ་ཡུལ་དྲན་དུས་རྩོམ་འདི་དྲན།།

    རང་རང་དགའ་བའི་ལས་ལ་འཇུག་པའི་ཚེ།།
    དཀའ་དཀའི་སྣང་བ་ཡེ་ནས་མི་འབྱུང་བས།།
    མཛེས་མཛེས་སྙན་ངག་འདི་ལ་ཞབས་ཏོག་ཅིག །
    བརྩོན་བརྩོན་བྱས་འདི་བདག་གི་སྐལ་བཟང་ལགས།།

    ReplyDelete
  3. སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱིས་ཕ་རན་སི་ནས་ལྷ་ས་དྲན་གླུ་ཞིག་བཀའ་རྩོམ་གནང་བ་ཡིན་ས་རེད་བསམ་ནས་གཅིག་ཀློག་པ་ཡིན། འོན་ཀྱང་ཁོང་གི་རྩོམ་པ་མ་ཡིན་པར་ས་དབང་ཤེལ་དཀར་གླིང་པས་བཀའ་རྩོམ་དེ་སླར་ཡང་ཀློག་རྒྱུའི་གོ་སྐབས་ཞིག་ཐོབ་བྱུང་། ཐུགས་རྗེ་ཆེ།

    ReplyDelete
  4. བློ་བཟང་ལགས། ཤེལ་གླིང་ཉི་མའི་དཀྱིལ་འཁོར་མདུན།། ཆུང་ཚེ་སྲིན་བུ་མེ་འཁྱེར་ཡིན།། རྩོམ་འདིའི་འཕྲིན་ལས་སྤེལ་བའི་ཕྱིར།། རྡ་རམ་ས་ནས་བསྐྱར་སྤེལ་ཞུས།། གང་གིས་ཐུགས་སྣང་མཛད་པ་ལ།། ཐུགས་རྗེ་ཆེ་ཞེས་ཞུ་བ་ལགས།། ཡང་ཡང་འདི་རུ་ཕེབས་ནས་ནི།། དགོངས་འཆར་ཅི་མཆིས་གསུངས་རོགས་གནང་།།

    ReplyDelete
  5. ཀུན་དགའ་རྒྱལ་མཚན།July 7, 2012 at 3:58 PM

    ད་ལན་ཆུང་ལགས་ཀྱིས་ལྷ་ས་དྲན་གླུའི་མ་དཔེ་གསུམ་གཤིབས་བསྡུར་གྱིས་སླར་ཡང་དེ་ཉིད་དྲ་ཟིན་དུ་བཀོད་པ་ཤིན་ཏུ་ལེགས་ཀྱང་། ད་དུང་ལྷ་རབ་བྱུང་ན། མི་མཚུངས་པའི་ཁྲོད་ནས་མ་དཔེ་གང་ལྟར་བཀོད་པའི་མཆན་བུ་ཡོད་ན། དེང་གི་ཉམས་ཞིབ་བྲོ་བའི་སྤོད་འཕར་མ་གཅིག་བཏབ་སྟེ་ཀློག་པ་པོའི་མདུན་དུ་སྤྱན་བསྟར་ཞུ་ཐུབ་པའི་དགེ་མཚན་ཆེ་སྙམ།

    ReplyDelete
  6. དགོངས་འཆར་ཤིན་ཏུ་ལེགས་ཀྱང་། ད་དུས་ཁོམ་ཡོང་དཀའ། ཡིན་ནའང་བསམ་གཞིགས་བྱ་ཡི་ཡིན།

    ReplyDelete