2012-06-25

བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རང་སྲེག་གི་གནས་ཚུལ་ཁག་གཉིས་གླེང་བ།

“ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་”_ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།

ཚེ་རིང་ཤཱཀྱ་དང་ཆུང་ཚེ་རིང་གིས་བྲིས།

༅༅། །བོད་ཀྱི་ལོ་རྒྱུས་ལ་ཞིབ་བལྟ་བྱས་ན། རང་ལུས་མེར་སྲེག་གིས་དབང་འཛིན་པར་ངོ་རྒོལ་བྱེད་པ་དང་། རང་ལུས་མེར་སྲེག་གིས་མཆོད་པ་འབུལ་བ་གཉིས་ཀ་འདས་པའི་ལོ་བརྒྱ་ཕྲག་མང་པོའི་གོང་དངོས་སུ་བྱུང་མྱོང་བ་ཞིག་ལས་གསར་པ་གང་ཡང་མིན།

ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་སྔ་ཤོས་ཀྱི་རང་ལུས་མེར་སྲེག་ནི་དུས་རབས་བརྒྱད་པའི་ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་ཡོད་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུའང་གནས་ཚུལ་རྒྱས་བསྡུས་ལ་མ་ལྟོས་པ་ཞིག་གསལ་ཡང། དེ་ཚོའི་ཁུངས་གཙོ་བོ་སྦ་བཞེད་ཡིན་ཞིང་། སྦ་བཞེད་ལ་ཚིག་འགྲོས་མི་མཐུན་པའི་དཔེ་སྣ་ཚོགས་ཤིག་མཆིས་ཀྱང་། རང་ལུས་མེར་སྲེག་གི་གནས་ཚུལ་དེ་ངེད་གཉིས་ཀྱིས་མཐོང་བའི་དཔེ་ཚང་མའི་ནང་ལ་གསལ་ཡོད། འདིར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྦ་བཞེད་སྤར་མ་ལས་ལུང་དྲངས་ན།


“དེའི་ཚེ་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བྱ་བ་གཅིག་བྲག་དམར་དུ་མཆིས་པ་ལ། དེས་ལུས་ངག་གི་ཆོས་བྱ་མི་དགོས། ལུས་ངག་གི་དགེ་བས་སངས་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་སངས་རྒྱ་ཟེར་ནས་སྒོམ་བསླབས་པས། བོད་ཀྱི་བཎྡྷེ་རིལ་པོ་ཕལ་གྱིས་ཁོའི་ཆོས་ལ་བསླབས་ཏེ། བསམ་ཡས་ལ་མཆོད་པ་འཕྲོ་བཅད། སློབ་གཉེར་དང་ལུས་ངག་གི་དགེ་སྦྱོར་འཕྲོ་བཅད། སྦ་རཏྞ་[ཡེ་ཤེས་དབང་པོ་]དང་། བཱཻ་རོ་ཙ་ན་དང་། དཔལ་དབྱངས་ལ་སོགས་པ་ཉུང་ཤས་གཅིག་བོ་དྷི་སཏྭའི་ཆོས་སློབ། དེར་ལྟ་བ་མ་མཐུན་ནས་རྩོད་དེ་འཁྲུགས་པ་ལ། བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མནམ་བ་མིན་ནམ་བྱས་པས་སྟོན་མིན་པ་བྱ་བར་གྲགས། གཅིག་ཤོས་ན་རེ། དྲང་སྲོང་བཟོད་པར་སྨྲ་བས་ལུས་ལ་མེ་བཏང་ནས་ཀྱང་མཆོད་པ་ཕུལ་བས་སེམས་ཅན་ལ་བརྩེ་བའི་བསམ་པས་ཚོགས་གསོག་པ་གལ་ཆེ་ཟེར་བས། རྒྱལ་པོ་ན་རེ། ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས། སྤྱིར་ལྟ་བ་དང་སྤྱོད་པ་འཛོམས་པའི་ཆོས་ཅིག་ཡིན་པར་བརྩེ་མིན་པའི་ལྟར་ཡིན་གསུངས་པས། སྟོན་མིན་པ་ཡི་ཆད་པ་ལྟར་བྱས་ནས། མ་ཧཱ་ཡ་ནའི་སློབ་མ་ལས། མྱང་ཤ་མིས་རང་གི་ཤ་གཏུབས། སྙ་བྱེ་མ་ལ་དང་། རྔོག་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས་ཏེ་གཞན་མ་རྣམས་ཀྱང་ཆུ་གྲི་རེ་རེ་སྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ། ངེད་ཀྱང་རིལ་ཕྲུ་མའི་ངོས་༌༌ལ་མཆིའོ། །”[1]
ཞེས་སྨྲས་ཤིང་། རྙོག་གྲ་ཆེན་པོ་ཆགས་སྟབས། རྒྱལ་པོས་རྒྱ་གར་ནས་སློབ་དཔོན་ཀཱ་མ་ལ་ཤི་ལ་གདན་དྲངས་ཏེ། ཧྭ་ཤང་དང་རྩོད་པ་བྱས་མཐར། ཧྭ་ཤང་ཕམ་པར་ཁས་བླངས་པ་སོགས་བྱུང་རབས་ཡོངས་གྲགས་རྣམས་ཡིག་ཚོགས་ལ་འཇིགས་ཏེ་འདིར་གླེང་མེད།

གོང་དུ་དྲངས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ལྟར་ན། སྐབས་འདིའི་རང་ལུས་མེར་སྲེག་བྱེད་ས་ནི་བོད་དབུས་གཙང་གི་བསམ་ཡས་ཕྱོགས་དང་། རང་ལུས་མེར་སྲེག་བྱེད་དོན་ནི། སྐབས་དེར་བོད་དུ་དར་ཆེ་བའི་རྒྱའི་ཧྭ་ཤང་གི་རིང་ལུགས་ཉམས་ལེན་དང་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་ཞིང་། དེང་སང་གི་བཤད་སྟངས་ལྟར་ན། ཆོས་དད་རང་མོས་ཀྱི་ཆེད་དུ་རེད། དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི་མེར་སྲེག་མཁན་བོད་མི་མ་ཡིན་པར་རྒྱ་མི་ཞིག་ཡིན་པ་དང་། རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད། སྦ་བཞེད་ཀྱི་མཇུག་དེར་བཞེད་པ་གཞན་དག་ཅིག་བཀོད་པའི་ནང་། རྒྱ་རིགས་ཆོས་པ་དེས་མགོ་ལ་མེ་སྤར་ཏེ་ནུབ་ཕྱོགས་བདེ་བ་ཅན་ལ་ཁ་བསྟན་ཏེ་འདས་ཞེས་གསལ་ཡོད་ཅིང་། ཡིག་ཆ་ཁ་ཤས་ཀྱི་ནང་རྒྱའི་སྟོན་པ་དེའི་མིང་ལ་“མེ་མགོ་”ཟེར་ཚུལ་འཁོད་ཀྱང་། དེ་ཁོང་གི་མིང་ངོ་མ་ཡིན་དང་། ཡང་ན་མགོ་ལ་མེ་སྤར་ནས་འདས་པའི་ཆ་ནས་ཕྱིས་སུ་བཏགས་པའི་མིང་ཡིན་མིན་ད་ལྟ་ཁ་ཚོན་གཅོད་ཐུབ་ཀྱི་མེད།

བོད་ཀྱི་ལོ་རྒྱུས་ཡིག་ལམ་དུ། རང་ལུས་མེར་སྲེག་གི་གནས་ཚུལ་གཞན་ཞིག་འཁོད་པ་དེ་ནི་བོད་བསིལ་བུར་འཐོར་རྗེས་དུས་རབས་བཅུ་གཅིག་པའི་གཡས་གཡོན་དུ་བྱུང་འདུག་ཅིང་། རང་སྲེག་བྱེད་མཁན་བོད་མི་ཡིན་པ་དང་མིང་ལ་མདོལ་ཆུང་བསྐོར་དཔོན་ཟེར། ཁོང་གི་མིང་རང་ནས་རོབ་ཙམ་ཤེས་ནུས་པ་ལྟར། ཁོང་ནི་སྤྱི་ཚོགས་ནང་གནས་བབས་ངེས་ཅན་ཡོད་པ་ཞིག་ཡིན།

དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་གསལ་བ་ལྟར་ན། འབངས་གྱེན་ལོག་བྱུང་རྗེས། ལྷ་སའི་ཇོ་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གཉིས་ལ་ཞབས་ཏོག་མེད་པར་སྤྲང་པོས་ཡུན་རིང་བཟུང་སྟེ། ལྷ་ཁང་ཐམས་ཅད་ལ་ཐབ་བཙུགས་ནས་དུ་བས་མོག་པོར་བྱས་སྟབས། མདོལ་ཆུང་བསྐོར་དཔོན་དང་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་གཉིས་ཀྱིས། ཐབས་ཤེས་དུ་མས་སྤྲང་པོ་རྣམས་གཙུག་ལག་ཁང་གཉིས་ནས་ཕྱིར་འབུད་ཐབས་བྱས་ཀྱང་ལམ་ལྷོང་མ་བྱུང་། མཐའ་མ་ཁོང་གཉིས་ཀྱིས་སྤྲང་པོ་སྡོད་ཡུལ་སྤྲང་ཁང་ཟུར་དུ་བརྩིགས་ཐོག །དམག་མི་སྦས་ཏེ་བཞག །གཙུག་ལག་ཁང་གཉིས་ལས་ཅུང་ཟད་རིང་བའི་སར་སྟོན་མོ་བཤམས་པས། སྤྲང་པོ་རྣམས་ཟས་ལ་བརྔམས་ཏེ་སྟོན་མོར་འདུས་པའི་སྐབས་དང་བསྟུན་ཏེ། གཙུག་ལག་ཁང་གཉིས་དམག་གིས་བཟུང་སྟེ་སྤྲང་ཚང་ཡོངས་སུ་བཏོན་པར་མ་ཟད། གཙུག་ལག་ཁང་གཉིས་ནང་ལྷ་སྐུ་གསར་བཞེངས་དང་ཉམས་གསོ་ཞབས་ཏོག་ཕུལ་དུ་བྱུང་བ་མཛད་ཡོད། དེ་འདྲའི་གལ་ཆེའི་མཛད་རྗེས་ཡོད་པའི་མདོལ་ཆུང་བསྐོར་དཔོན་གྱིས་ཕྱིས་སུ་རང་ལུས་མེ་མཆོད་དུ་ཕུལ་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གསལ་བ་འདིར་དྲངས་ན།

“ཕྱིས་མདོལ་ཆུང་བསྐོར་དཔོན་གྱིས་ལུས་སྣུམ་རས་ཀྱིས་བཅིངས་པ་ལ་སྤྱི་བོ་ནས་རིམ་པས་མར་མེར་སྤར་ཏེ་ཇོ་བོའི་དྲུང་དུ་ཕུལ་ནས་འགྲེང་བཞིན་དུ་བཟང་སྤྱོད་སྨོན་ལམ་གཉིས་བཏོན་ནས་གསུམ་པའི། མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པའི་སྐབས་སུ་ཉམས་འུར་ནས་བཀྲབས་ཏེ་སྐད་ཅིག་དེ་ལ་སྤྱི་བོ་ནས་ཐོད་པ་གོག་པའི་ཤུལ་ནས་འོད་ཆེན་པོ་ཞིག་ནམ་མཁར་སོང་། དེ་མ་ཐག་ས་གཡོས་མེ་ཏོག་གི་ཆར་ཆེན་པོ་བབ་སྐད།”[2]ཅེས་གསལ་འདུག
མདོལ་ཆུང་བསྐོར་དཔོན་གྱིས་རང་ལུས་མེ་མཆོད་དུ་ཕུལ་བ་འདི་ནི་ཕྱོགས་མང་པོ་ནས་གོང་དུ་རྒྱ་རིགས་ཆོས་པས་རང་བསྲེགས་ངོ་རྒོལ་བྱས་པ་དང་རྦད་དེ་ཐ་དད་ཆགས་ཡོད། དེ་ཡང་དེར་གཅིག་ནས་དབང་འཛིན་པའི་གནོན་ཤུགས་མེད་པ་དང་། གཉིས་ནས་གནས་ཚུལ་འདིའི་རྒྱབ་ལྗོངས་སུ་སྤྱི་ཚོགས་ཀྱི་རྙོག་གྲ་གང་ཡང་མེད། གསུམ་ནས་རང་བསྲེགས་བྱེད་མཁན་གྱིས་སྲིད་གཞུང་ངམ་སྤྱི་ཚོགས་ལ་དགོས་འདུན་གང་ཡང་བཏོན་མེད། མདོར་བསྡུས་ནས་བཤད་ན། མདོལ་ཆུང་བསྐོར་དཔོན་གྱི་རང་ལུས་མེ་མཆོད་དུ་ཕུལ་བ་དེ་ནི་ཆོས་ཕྱོགས་རྐྱང་པ་ཡིན་པ་ལས། སྒྲིག་འཛུགས་སམ་མི་སྒེར་སུ་ལའང་ངོ་རྒོལ་གྱི་ཀུན་སློང་དང་དམིགས་ཡུལ་མེད་པ་གསལ་པོ་རེད།

གོང་གསལ་བོད་ཀྱི་ལོ་རྒྱུས་སུ་འཁོད་པའི་རང་སྲེག་གི་གནས་ཚུལ་དེ་གཉིས་ལས། དང་པོ་ནི་པུར་རྒྱལ་བཙན་པོའི་བཀའ་དབང་ལ་ངོ་རྒོལ་དང་རང་གི་རིང་ལུགས་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་ཞིང་། ཕྱི་མ་ནི་རང་གི་ལུས་ངག་ཡིད་གསུམ་དཀོན་མཆོག་ལ་འབུལ་བའི་དད་དམ་འགྱུར་མེད་ཀྱི་སྙིང་སྟོབས་མཚོན་བྱེད་ཅིག་རེད། རང་སྲེག་གི་གནས་ཚུལ་འདི་གཉིས་ཀྱི་དུས་ཚོད་དང་རྒྱབ་ལྗོངས། དམིགས་ཡུལ་སོགས་ལ་ཁྱད་པར་ཇི་ཙམ་ཆེ་ནའང་། དེ་གཉིས་ཀར་ཐུན་མོང་གི་ཁྱད་ཆོས་མངོན་གསལ་ཞིག་ཡོད་པ་ནི། རང་སྲེག་བྱེད་མཁན་གཉིས་ཀའི་དད་པ་ཧ་ཅང་བརྟན་པོ་ཡིན་པ་དེ་རེད།

ཕྱོགས་གཞན་ནས་བསམས་ན། སྐབས་དེར་རྒྱའི་ཆོས་པས་རང་ལུས་མེར་སྲེག་གི་ངོ་རྒོལ་དང་། ཁོང་གི་ཕྱོགས་གཏོགས་ཀྱིས་གཞན་སྡེ་ཡོངས་རྫོགས་ཀྱང་གསོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱ་ཡུལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཆ་བཞག་ན། ཁོང་གིས་གནད་དོན་དེ་གལ་ཆེན་དུ་བརྩིས་ནས་ལམ་སང་བྱ་ཐབས་སྣ་ཚོགས་སྤྱད་པར་མ་ཟད། རྩོད་པ་ཆོས་ཕྱོགས་སུ་ཞི་ཆེད་དུ། གཙོ་བོ་རྒྱའི་ཧྭ་ཤང་གི་རིང་ལུགས་འཛིན་པ་དང་། རྒྱ་གར་པཎ་གྲུབ་ཀྱི་རིང་ལུགས་འཛིན་པ་གཉིས་ཕན་ཚུན་རིགས་པ་དང་རྒྱུ་མཚན་གྱི་ཐོག་ནས་བགྲོ་གླེང་བྱེད་དུ་བཅུག་སྟེ། དཀྱེལ་ཡངས་བསམ་ཤེས་དང་གྲོས་མོལ་གྱི་ལམ་ནས་རྙོག་གྲ་ཆེན་པོ་དེ་ཡོངས་སུ་ཞི་འཇམ་དུ་བཏང་ཡོད། ཚད་གཞི་དེའི་ཐོག་ནས་བལྟས་ན། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་སྟོབས་ཆེན་དང་ཡར་ཐོན་དུ་རློམ་པའི་རྒྱལ་ཁབ་དང་སྲིད་གཞུང་ལ་ལས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱེད་མཁན་ཚོར་འཛིན་པའི་སྲིད་བྱུས་དེ། ཧ་ཅང་རྗེས་ལུས་དང་ཧ་ཅང་ནུས་མེད་ཡིན་པ་ནི། དུས་རབས་ཉེར་གཅིག་པ་དང་དུས་རབས་བརྒྱད་པའི་བར་ལོ་གྲངས་ག་ཚོད་ཀྱི་ཁྱད་པར་ཡོད་པ་དེས་མཚོན་ནུས་པ་ཞིག་རེད།། །།

ལུང་ཁུངས་དཔེ་ཆ།
[1]
སྦ་བཞེད། སྦ་གསལ་སྣང་གིས་བརྩམས། ༡༩༨༢ ལོའི་པར་མ། མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༦༧ ལ་གསལ།
[2]
ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། ༡༩༨༦ མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༤༧ ལ་གསལ།

51 comments:

  1. ཁྱེད་རྣམས་གཉིས་ཀྱི་འདས་པའི་བཙན་པོའི་དུས་རབས་ལ་ཉམས་ཞིབ་གནང་པར་བཀའ་དྲིན་ཆེ། ངས་ཞུས་འདོད་པ་ཞིག་ནི། དེ་སྔ་དུས་རབས་བརྒྱད་པའི་ནང་བཙན་པོའི་དུས་རབས་སྐབས་རྒྱ་མིས་མེར་སྲེག་བཏང་པའི་གྲངས་འབོར་དང་བསྡུར་ན་དུས་རབས་ཉེར་གཅིག་ནང་བོད་མིས་མེར་སྲེག་བཏང་པའི་གྲངས་འབོར་ཧ་ཅང་མང་བ་འདུག་པས་ཁྱེད་རྣམ་གཉིས་ལ་བསམ་ཚུལ་ཇི་ལྟར་ཡོད་དམ།

    ReplyDelete
    Replies
    1. སྐུ་ཞབས་རྒྱལ་པོ་ལགས།
      འདི་ལ་ཁོང་གཉིས་ཀྱི་རྩོམ་གཞུང་གི་འཇུག་དོན་ནང་གསལ་བ་བཞིན་"ཚད་གཞི་དེའི་ཐོག་ནས་བལྟས་ན། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་སྟོབས་ཆེན་དང་ཡར་ཐོན་དུ་རློམ་པའི་རྒྱལ་ཁབ་དང་སྲིད་གཞུང་ལ་ལས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱེད་མཁན་ཚོར་འཛིན་པའི་སྲིད་བྱུས་དེ། ཧ་ཅང་རྗེས་ལུས་དང་ཧ་ཅང་ནུས་མེད་ཡིན་པ་ནི། དུས་རབས་ཉེར་གཅིག་པ་དང་དུས་རབས་བརྒྱད་པའི་བར་ལོ་གྲངས་ག་ཚོད་ཀྱི་ཁྱད་པར་ཡོད་པ་དེས་མཚོན་ནུས་པ་ཞིག་རེད།། །།"འདིས་སྐུ་ཉིད་ཀྱི་དྲི་བར་ལན་ཐེབས་ངེས་སྙམ།
      ད་ལྟའི་རྒྱ་ནག་གི་གཞུང་འཛིན་པ་དང་རྒྱལ་སྤྱིའི་གཞུང་འཛིན་པ་ཚོ་བོད་ཀྱི་གཏམ་དཔེར་ཡོད་པ་བཞིན། མགོ་རིལ་རྣ་བས་ཐོས་མ་ཐོས།། ཐོས་ཀྱང་ཡ་ལན་མ་བྱས།། ཟེར་བ་ལྟར་ང་ཚོ་བོད་མིའི་སྐྱིད་སྡུག་གིས་ཁོང་ཚོའི་ཕྱི་དངོས་པོའི་ཡར་རྒྱས་ལ་ཕན་པ་གང་ཡང་མེད་སྟབས། འཇམ་ཐིང་ངེར་འདུག་རྒྱུ་འདི་དཔལ་འབྱོར་གྱི་དུས་རབས་འདིའི་ལས་སྟངས་དང་གཞུང་འཛིན་སྟངས་ཞིག་རེད། ཁེ་ཕན་ཡོད་ན་མཐའ་ཡས་རྒྱ་མཚོའི་ཕ་རོལ་ནས་དམག་དྲངས་ནས་མི་བསད་ཡུལ་བཅོམ་བྱེད་ཀྱི་ཡོད་པ་ནི་ཨ་རི་དང་དབྱིན་ཡུལ་གྱིས་ཁ་ཆེའི་ཡུལ་ལ་འཛིན་པའི་སྟོང་ལོ་གསར་པ་ནས་འགོ་བཙུགས་ཏེ་ད་ལྟའི་བར་དུ་འཛིན་པའི་འགྱུར་བ་མེད་སྲིད་འཇུས་འདི་རེད།

      Delete
  2. སྨྱུག་ཐོགས་དཔའ་བོ་ཆུང་ཚེ་རིང་ལགས་དང་རྒྱལ་རབས་པ་ཚེ་རིང་ཤཱཀྱ་ལགས།
    རྣམ་པ་གཉིས་ནས་སྔོན་འབྱོན་མེས་པོའི་ཕྱག་རྗེས་འཁོད་པའི་ལོ་རྒྱུས་ཀྱི་བང་སོའི་ནང་ནས་དུས་རབས་ཀྱི་ཉམས་སྣང་ཤར་བའི་འདྲེན་བྱེད་དང་བློ་ཡིད་ཀྱི་བགས་སུ་ཉར་བར་འོས་པའི་བྱུང་བ་ཞིག་བཏོན་པར་ཐུགས་རྗེ་ཆེ། དེ་བཞིན་ཁྱེད་གཉིས་ཀྱིས་ལོ་རྒྱུས་དེར་དུས་རབས་སྔ་ཕྱིའི་དབར་འགྲན་བསྡུར་གྱིས་སྡོམས་ཤིག་ཀྱང་གནང་འདུག་པ་འདིས་བདག་ཡིད་གཏད།

    ཕྲན་གྱི་བསམ་པར་རྒྱ་མི་མེ་མགོ་དང་མདོལ་ཆུང་བསྐོར་དཔོན་གཉིས་ཀྱིས་དུས་རབས་སོ་སོར་ལུས་མཆོད་སྒྲོན་པ་དེ་དང་། ད་ལྟ་བར་བོད་རིགས་ཞེ་གཉིས་ཀྱིས་ལུས་སྲོག་མཆོད་སྒྲོན་དུ་འབུལ་མཁན་ཕྱོགས་གཉིས་ཀར་མཐུན་མོང་གི་ཆ་གཅིག་ཡོད་པ་ནི་ཁྱེད་གཉིས་ཀྱིས་བསྡོམས་སྐྱོན་པ་བཞིན་(དད་པ་)ཞེས་པ་དེ་རང་རེད། ལོ་རྒྱུས་ཀྱི་མི་གཉིས་པོས་གཅིག་གི་རང་གི་བསྟན་པ་ལ་ཐུག་པས་དད་པས་རང་ཉིད་བསྲེགས་པ་དང་གཅིག་གིས་བསིལ་བུའི་དུས་རབས་ནང་བོད་བརྒྱུད་ནང་བསྟན་གྱི་ཆགས་འཇིགས་ཀྱི་གནས་སྟངས་དང་བོད་མིའི་བསོད་ནམས་ཀྱི་ཞིང་ས་བཟང་ངན་ཕྱོགས་གང་དུ་བསྐྱོད་མིན་ལ་བཞིགས་ནས་དད་པས་རང་ལུས་བསྲེགས་པ་རེད་སྙམ། དེ་བཞིན་གོ་བརྒྱད་ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བཙལ་བྱོལ་ནས་འགོ་བཙུགས་ཏེ་དེ་རིང་གི་བར་ཧི་མ་རྒྱབ་འདུན་གཉིས་ནས་བོད་མི་ཞེ་གཉིས་ཀྱིས་མཁའ་ཁྱབ་འགྲོ་བའི་མ་འདྲིས་པའི་མཛའ་བཤེས་ལྷ་མིའི་བསླུ་མེད་ཀྱི་༧སྐྱབས་མགོན་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ཆོས་ལྡན་གྱི་ཞིང་དུ་གདན་འབོད་དང་གངས་ཅན་ཁ་བ་ཅན་གྱི་མུན་ནག་གི་ཡོལ་བ་བཤུ་བའི་དབྱངས་སྙན་འདི་ནི་བོད་མིས་རང་གི་རྩ་བའི་བླ་མར་གཡོ་ལྷད་བཟད་པའི་དད་པའི་གདན་འབོད་དང་རྒྱལ་གཅེས་ཀྱི་སྒྲོན་མེ་ཞིག་ཏུ་འགྱུར་སོང་བ་རེད།
    མདོར་ན་ད་ལྟའི་བར་དུ་ལྷེམ་ལྷེམ་་དུ་འབར་བཞིན་པའི་མེ་ལྕེའི་ཟེར་རེ་རེ་ལ་དད་པའི་གདངས་རེ་སྣང་།
    རྒན་ལགས་རྣམ་གཉིས་ལ་ཐུགས་རྗེ་ཆེ།

    ReplyDelete
  3. སྐུ་ཞབས་རྡོ་རྗེ་རྒྱལ་པོ་ལགས། སྐུ་ཉིད་ཀྱིས་གསུངས་པ་བཞིན། ཁྲི་སྲོང་སྐབས་སུ་བྱུང་བའི་རང་ལུས་མེར་སྲེག་དང་ད་ལྟའི་བོད་ནང་གི་རང་ལུས་མེར་སྲེག་གི་ཐད་དུ། མིའི་གྲངས་འབོར་མང་ཉུང་གི་ཁྱད་པར་ཙམ་དུ་མ་ཟད། ས་གནས་ཀྱི་ཆ་ནས་དང་། རྒྱུ་རྐྱེན་གྱི་ཆ་ནས། དགོས་འདུན་གྱི་ཆ་ནས། དེ་ལ་སྲིད་གཞུང་གིས་ཐག་གཅོད་བྱེད་སྟངས་ཀྱི་ཆ་ནས་སོགས་ཕྱོགས་མང་པོ་ནས་ཁྱད་པར་ཆེན་པོ་ཡོད་པ་དེ་དངོས་ཡོད་རེད་ལ། ངེད་གཉིས་ཀྱི་རྩོམ་ཡིག་གི་མཇུག་དེར་གསལ་པོ་བཀོད་ཡོད་པ་ལྟར། ཐག་གཅོད་བྱེད་སྟངས་ནི་ཁྲི་སྲོང་གི་སྐབས་སུ་ཧ་ཅང་གིས་བསྔགས་བརྗོད་འོས་པ་ཞིག་བྱུང་ཡོད།
    ཡིན་ནའང་། ཁྲི་སྲོང་གི་སྐབས་སུ། རྙོག་གྲ་འདི་ཇི་ཙམ་གྱིས་ཆེན་པོ་ལངས་པ་དང་། དུས་ཡུན་རིང་ཐུང་འགོར་བ། མི་ག་ཚོད་རྐྱེན་འདས་སུ་གྱུར་པ་སོགས་ཀྱི་སྐོར་ད་དུང་ཡང་ང་ཚོས་གསལ་པོ་ཤེས་ཀྱི་མེད། ད་ཡོད་ཀྱི་དཔྱད་གཞི་ཁུངས་བཙན་ཤོས་ནི་སྦ་བཞེད་ཡིན་ཅིང་། དེ་ནི་དཔེ་ཆའི་མིང་རང་ནས་ཤེས་ནུས་པ་ལྟར། སྦ་གསལ་སྣང་གི་བཞེད་པ་གཙོ་བོར་བཀོད་པ་ཞིག་ཡིན་པས། སྐབས་དེའི་བྱུང་བ་དངོས་ཆ་ཚང་ཞིང་ཕྱོགས་ལྷུང་མེད་པར་བཀོད་པ་ཞིག་འབྱུང་དཀའ་བ་རེད་ལ། རང་སྲེག་གི་གནས་ཚུལ་འདིའི་ཐད་ལའང་སྦ་བཞེད་ཁོ་ནའི་དབང་དུ་བྱས་རུང་། བཤད་སྟངས་ཕྲན་བུའི་མི་འདྲ་བ་གཉིས་ཡོད་པ་རེད། དེར་བརྟེན་ལོ་རྒྱུས་ཀྱི་གནས་ཚུལ་འདི་ཚོར་མུ་མཐུད་ཞིབ་འཇུག་བྱེད་དགོས་ཀྱི་ཡོད།

    ReplyDelete
  4. ཛམ་གཡུ་སྤེན་ཚེ་ལགས་ཀྱིས་ཕྲན་གཉིས་ཀྱི་རྩོམ་ཡིག་འདིར་གདེང་འཇོག་དང་། མཐུན་ཕྱོགས་ཀྱི་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  5. སླར་ཡང་སྐུ་ཞབས་མཁས་དབང་ཆུང་ཚེ་རིང་ལགས་སུ་ཞུ་རྒྱུར། ད་བར་བོད་ཀྱི་དཔའ་བོ་ཕོ་མོ་བཞི་བཅུ་ཞེ་གྲངས་ཞིག་རང་མི་རིགས་དང་ཆོས་དང་རིག་གཞུང་། ༸བདག་ཅག་རྣམས་ཀྱི་མགོན་སྐྱབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་མྱུར་དུ་གདན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད། ད་བར་བོད་མི་དེ་ཙམ་ཞིག་གི་རང་ལུས་མཆོད་མེར་སྒྲོན་ནའང་རྒྱ་ནག་གི་ཡ་ལན་གཅིག་ཀྱང་མེད་པ་ནང་བཞིན་བསྡད་ཡོད། རང་ལུས་མེར་སྲེག་གི་བོད་དོན་ཐོག་གཡོ་སྒུལ་ཐེབས་ཐུབ་བམ། ད་དུང་མུ་འཐུད་མེར་སྲེག་གི་ངོ་རྒོལ་བྱེད་མཁན་ཚོར་སྐུ་ཞབས་ཆུང་ཚེ་རིང་ལགས་ནས་རྒྱབ་སྐྱོར་ཡོད་དང་ཡང་ན་དེས་བོད་ཀྱི་གནད་དོན་སེལ་བར་གྲུབ་འབྲས་གང་ཡང་མ་སོན་པ་ཞིག་ལ་ངོས་འཛིན་གྱི་ཡོད་དམ། ༸གོང་ས་མཆོག་ནས་རང་ལུས་མེར་སྲེག་གི་ངོ་རྒོལ་དེའི་ཐོག་དགོངས་ཚུལ་ཅི་ཡང་གསུངས་མེད་པར་ཁྱེད་ལ་དགོངས་འཆར་གང་ཡོད་དམ། གལ་ཏེ་༸གོང་ས་མཆོག་ནས་དེའི་སྐོར་བཀའ་སློབ་ནན་པོ་ཞིག་མ་གསུང་ན་གུང་བྲན་ཏང་ནས་འཁྱོག་བརྗོད་བྱེད་པ་བཞིན་ཀུན་སློང་ཡོངས་རྫོགས་༸གོང་ས་མཆོག་ནས་གནང་པ་རེད་ལབ་བཞིན་ཡོད། སྔར་རྒྱ་གར་དབྱིན་ཇིའི་མི་སེར་སྤེལ་ཡུལ་འོག་ཡོད་པའི་སྐབས་རྒྱ་གར་མི་རིགས་རྣམས་ཀྱི་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད་དམ། ད་ཆ་རྒྱ་ནག་གུང་བྲན་ཏང་གི་གཉའ་གནོན་འོག་ཡོད་པའི་སོག་པོ་དང་། ཤིང་ཅང་སོགས་ནས་རང་ལུས་མེར་སྲེག་གི་ལས་འགུལ་མི་སྤེལ་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། མི་རིགས་འདི་གཉིས་ལ་བོད་དང་འདྲ་བར་ཆོས་དང་རིག་གཞུང་། མི་རིགས་ཀྱི་ལ་རྒྱ་ཞིག་ནི་ཡོད་ཀྱི་རེད་པ། གོང་དུ་ཞུས་པ་རྣམས་ལ་སྐུ་ཞབས་ཆུང་ཚེ་རིང་ལགས་ནས་དགོངས་ཚུལ་ཇི་ལྟར་ཡོད་པ་ཕྲན་ཉན་འདོད་ཆེན་པོ་འདུག

    ལྷོ་ཕྱོགས་ཀྱི་སྤྲང་འཁྱམས་པ་༼རྡོ་རྗེ་ཕ་ལམ།༽

    ReplyDelete
  6. རྡོ་རྗེ་ཕ་ལམ་ལགས། ཐོག་མར་ངས་ཁྱེད་ཀྱི་མཚན་རང་འཚམས་ངང་རྡོ་རྗེ་རྒྱལ་པོ་ཞེས་བྲིས་པར་དགོངས་འགལ་མེད་པ་ཞུ། དེ་བཞིན་ཁྱེད་ཀྱིས་ང་ལ་མཁས་དབང་ཞེས་བྲིས་གནང་འདུག །ང་ལྟ་བུ་ཞིག་ལ་མཁས་དབང་གི་མཚན་གནས་གནང་ན་འོས་འཚམས་མ་རེད། དོན་དམ་པའི་མཁས་དབང་ཞིག་ཕེབས་དུས་མཚན་གནས་ག་རེ་འབུལ་ལམ། ངས་ཁེངས་སྐྱུང་བ་གང་ཡང་མིན། ང་མཁས་དབང་གི་གྲལ་མཐར་ཡང་ཚུད་ཀྱི་མ་རེད།
    ཁྱེད་ཀྱི་དྲི་བ་ཁག་ཅིག་ལ། ང་རང་གཞུང་ཞབས་ཡིན་སྟབས་ལན་ཞུ་བདེ་པོ་མི་འདུག ཁ་ཤས་ཤིག་ལ་ལན་མདོར་བསྡུས་རེ་ཕུལ་བ་གཤམ་གསལ།
    ཀ) ད་བར་བོད་ཀྱི་དཔའ་བོ་ཕོ་མོ་བཞི་བཅུ་ཞེ་གྲངས་ཞིག་རང་མི་རིགས་དང་ཆོས་དང་རིག་ གཞུང་། ༸བདག་ཅག་རྣམས་ཀྱི་མགོན་སྐྱབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་མྱུར་ དུ་གདན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད། ད་བར་བོད་མི་དེ་ཙམ་ཞིག་གི་རང་ལུས་མཆོད་མེར་སྒྲོན་ནའང་རྒྱ་ནག་གི་ཡ་ལན་གཅིག་ཀྱང་མེད་པ་ནང་བཞིན་བསྡད་ཡོད། རང་ལུས་མེར་སྲེག་གི་བོད་དོན་ཐོག་གཡོ་སྒུལ་ཐེབས་ཐུབ་བམ། ཞེས་གསུངས་པའི་ཐད།
    ལན། བོད་ནང་གི་དཔའ་བོ་ཚོས་རང་སྲེག་ངོ་རྒོལ་གནང་བར་རྒྱ་ནག་གཞུང་གིས་ཡ་ལན་གཅིག་ཀྱང་མེད་པ་དེ་འདྲ་རྩ་བ་ནས་མ་རེད། དཔེར་ན། ཉེ་དུས་རྒྱ་གཞུང་གིས་བཟོས་པའི་རང་སྲེག་སྐོར་གྱི་བརྙན་འཕྲིན་པར་གཞི་དེ་གཅིག་པུར་བལྟས་ན། རྒྱ་ནག་གཞུང་གིས་གནད་དོན་དེ་ལ་བསམ་བློ་ཇི་ཙམ་བཏང་བ་དང་། ནུས་པ་ཇི་ཙམ་འདོན་གྱི་ཡོད་མེད་ཤེས་ཐུབ་ལ། དེ་ཚོའི་ཐད་ཕྱོགས་མང་པོ་ནས་ཞིབ་འཇུག་ཀྱང་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག
    བོད་དོན་ཐོག་གཡོ་འགུལ་ཇི་ཙམ་གཏོང་ཐུབ་བམ་ཞེས་ན། བོད་དོན་གྱི་གནས་བབ་དང་རྒྱ་ནག་གི་སྲིད་བྱུས་ལ་ངོ་བོའི་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་དེ་འདྲ་ལམ་སང་གཏོང་ཐུབ་རྒྱུ་དེ་ཁག་པོ་རེད། དེ་ནི་བོད་མིའི་སེམས་ཤུགས་དང་བློས་གཏོང་གཅིག་པུར་རག་ལས་པ་ཞིག་མིན་པར། རྒྱལ་སྤྱིའི་འཕོ་འགྱུར་དང་། རྒྱ་ནག་གི་འགྱུར་བ། གོ་སྐབས་སོགས་ཕྱོགས་མང་པོར་འབྲེལ་བ་ཡོད་པ་རེད། ཡིན་ནའང་། བོད་ནང་དཔའ་བོ་ཕོ་མོ་དེ་ཙམ་གྱིས་རང་སྲེག་ངོ་རྒོལ་གནང་བ་དེས། ༡) རྒྱལ་སྤྱིའི་ནང་བོད་དོན་གྱི་གནས་ཚད་སྔར་བས་མཐོ་རུ་བཏང་བ་དང་། ༢) བོད་མིའི་སེམས་ནང་རྒྱ་ནག་དམར་གཞུང་ལ་འཛིན་པའི་འཁོན་འཛིན་དང་བོད་ཕྱོགས་ལ་འཛིན་པའི་ལ་རྒྱ་ལྷག་བསམ་གཉིས་ཤུགས་ཆེན་པོ་སྤར་ཐུབ་ཡོད། དེ་བཞིན་བོད་དོན་འཐབ་རྩོད་པ་ཚོར་ཡང་གདེང་ཚོད་མཐོ་རུ་སོང་ཡོད། དེས་བོད་དོན་འཐབ་རྩོད་ཀྱི་རྨང་གཞི་དེ་བརྟན་དུ་བཏང་ཡོད།
    ཁ) ད་དུང་མུ་འཐུད་མེར་སྲེག་གི་ངོ་རྒོལ་བྱེད་མཁན་ཚོར་སྐུ་ཞབས་ཆུང་ཚེ་རིང་ལགས་ ནས་རྒྱབ་སྐྱོར་ཡོད་དང་ཡང་ན་དེས་བོད་ཀྱི་གནད་དོན་སེལ་བར་གྲུབ་འབྲས་གང་ཡང་མ་ སོན་པ་ཞིག་ལ་ངོས་འཛིན་གྱི་ཡོད་དམ། ཞེས་པའི་ཐད།
    ལན། བོད་སྤྱི་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྣམ་པར་ངའི་ངོས་ནས་རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད་ཟེར་དུས། རང་སྲེག་ངོ་རྒོལ་བྱེད་པར་སྐུལ་མ་བྱེད་པ་དང་། མཐུན་རྐྱེན་སྦྱོར་བ། ངར་སློང་བ་སོགས་ཟེར་གྱི་མེད། ཁོང་རྣམ་པས་དང་བླངས་ངང་སྤྱིའི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་བའི་དམིགས་ཡུལ་དང་ཆོད་སེམས་ལ་ཡི་རང་དང་བསྔགས་བརྗོད། དམིགས་ཡུལ་མངོན་འགྱུར་ཆེད་མཐུན་འགྱུར་ཞུ་རྒྱུའི་རྒྱབ་སྐྱོར་ཡོད་ཟེར་གྱི་ཡོད། བོད་དོན་གྱི་མཐར་ཐུག་གྲུབ་འབྲས་དེ། ཐིགས་པ་བསགས་ནས་རྒྱ་མཚོའི་དཔེ་ལྟར་ཡོང་དགོས་པ་ཞིག་ལས། གློ་བུར་ཐོལ་རྒྱག་ཏུ་ཡོང་གི་མ་རེད་སྙམ། དཔའ་བོ་ཕོ་མོ་ཚོའི་བློས་གཏོང་དེ་དག་ནི་འབྱུང་འགྱུར་གྱི་རྒྱལ་ཁའི་རྩ་བ་རེད།

    ག) ༸གོང་ས་མཆོག་ནས་རང་ལུས་མེར་སྲེག་གི་ངོ་རྒོལ་དེའི་ཐོག་དགོངས་ཚུལ་ཅི་ཡང་གསུངས་མེད་པར་ཁྱེད་ལ་དགོངས་འཆར་གང་ཡོད་དམ།
    ལན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རང་སྲེག་ངོ་རྒོལ་གྱི་ཐད་དུ་དགོངས་ཚུལ་ཅི་ཡང་མ་གསུངས་པ་དེ་འདྲ་རྩ་བ་ནས་མ་རེད། ༸གོང་ས་མཆོག་གིས། རང་སྲེག་ངོ་རྒོལ་བ་ཚོའི་སྙིང་སྟོབས་ནི་ཧང་སངས་དགོས་པ་ཞིག་རེད། ད་དེས་ནུས་པ་ག་ཚོད་ཐོན་མིན་དེ་གནད་འགག་རེད་ཅེས་བཀའ་སྩལ་བར་མ་ཟད། བོད་ནང་གི་དཀའ་ངལ་སྤྱི་དང་བྱེ་བྲག རང་སྲེག་གི་གནས་ཚུལ་འདི་ཚོའི་འབྱུང་རྐྱེན་ནི། རྒྱ་གཞུང་གིས་བོད་མིའི་བསམ་འདུན་ལ་མ་ཉན་པར་དྲག་གནོན་བྱེད་རྐྱང་དང་། བོད་ནང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་སོགས་ཀྱིས་ཡིན་པར་བཀའ་སྩལ་ཡོད།
    ང) དྲི་བ་གཞན་རྣམས་ཀྱི་གནད་དོན་ལ་ངས་ནམ་རྒྱུན་དོ་སྣང་དེ་ཙམ་བྱས་མེད། དེར་བརྟེན་སོ་སོས་ཞིབ་འཇུག་ཡག་པོ་མ་བྱས་པའི་གནས་ཚུལ་ཐད་སྐད་ཆ་བཤད་ན་ཡག་པོ་མི་འདུག །ལན་ཞུ་གི་མིན།
    ལན་འདི་ཚོ། ངེད་གཉིས་བར་གྱི་སྐད་ཆ་ཡིན་པས། གཞན་དུ་མ་སྤེལ་རོགས། ཐུགས་རྗེ་ཆེ།

    ReplyDelete
  7. སྐུ་ཞབས་བུ་ཆུང་ཚེ་རིང་དང་སྐུ་ཞབས་ཚེ་རིང་ཤཱཀྱ་གཉིས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆེད་རྩོམ་ཞིག་སྤེལ་གནང་འདུག་ལའང་རང་བསྲེག་འཚེ་བར་སྨྲ་བ་རྣམས་ལ་འགྲམ་ཅག་ཚ་ཐག་གཅོད་གཅིག་ཞུ་གནང་འདུག་བཀའ་འདྲིན་ཆེ། བཟོད་པ་ལྷ་རྩེ་བས།

    ReplyDelete
  8. བཟོད་པ་ལྷ་རྩེ་ལགས་ཀྱིས་རྩོམ་ཡིག་འདིར་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  9. ༡ སྟོན་མིན་བརྩི་མིན་ཞེས་པར་འགྲེལ་པ་བྱེད་སྟངས་ལ་བལྟས་ན་སྦ་བཞེད་ཟེར་བ་དེ་ཕྱིས་བྱུང་གི་ལོ་རྒྱུས་ཡིག་ཆ་ཡིན་པ་གསལ་པོར་སྒྲུབ་ཅིངཉ། ཐ་སྙད་དེ་གཉིས་ནི་རྒྱ་སྐད་དུ顿门དང་渐门ཞེས་པའི་དོན་ཡིན་པ་ལས་སྦ་བཞེད་ཟེར་བའི་དེབ་ནང་འཁོད་པ་ལྟར་བོད་ཡིག་མ་ཡིན། བོད་མཁས་པས་རྒྱ་བཙུན་གྱི་ལྟ་བ་གང་ཡིན་མ་ཤེས་པར་རྩོད་པ་སློང་མི་སྲིད་པ་མ་རེད་དམ།

    ༢་ རྒྱ་ཧ་ཤང་གིས་མེར་བསྲེགས་བཏང་ཚུལ་ཡང་ཁོའི་མིང་ལ་མེ་མགོ་བཏགས་པའི་རྒྱུ་མཚན་་ལ་བརྟེན་ནས་འགྲེལ་པ་བརྒྱབ་ཡོད་པ་ལས་རྒྱ་བཙུན་མེར་བསྲེགས་ཟེར་བ་རྟོགས་བཟོ་རྫུན་རང་དང་། དེ་ཡང་གོང་གི་སྟོན་མིན་དང་བརྩེ་མིན་ལྟར་ཁུངས་མེད་ཀྱི་རྫུན་གཏམ་དུ་ཁུམས།

    ༣་ རྣམ་པ་་གཉིས་ཀྱི་དཔྱད་གཞིའི་ནང་རྒྱ་ཡི་སྟོན་པས་བཙན་པོའི་ཁོ་བྲང་ནང་དུ་མེར་བསྲེགས་བྱས་ཚུལ་འཁོད་འདུག་ཀྱང་དཔྱད་གཞིའི་ནང་དེ་ལྟར་བྱས་ཚུལ་འཁོད་མི་འདུག་སྙམ་པས་དེ་མིན་གྱི་་སྒྲུབ་བྱེདགཞན་ཡོད་དམ། ཕྱོགས་ག་གེ་མོས་རྒྱལ་པོར་ངོ་རྒོལ་བྱས་ཚུལ་ཡང་གསལ་པོ་མི་འདུག་པས་ཁྱོད་གཉིས་ཀྱི་འགྲེལ་བཤད་བཀྱོན་ཕྱོགས་དེ་གང་ནས་གཟིགས་པ་ཡིན་ནམ།

    ༤་ལུས་པོ་མེར་བསྲེས་དང་རླིག་པ་བརྡུང་བར་བྱེད་པ་སོགས་ནི་ཆོས་ལུགས་ཆོ་གའི་རིགས་ཤིག་ཡིན་པར་མངོན་པ་ལས་དེ་བོད་ཀྱི་རྒྱལ་པོ་ལ་ངོ་རྒོལ་བྱེད་པའི་ལག་ཆ་ཞིག་ཏུ་འགྲུར་ཚུལ་ནི་་གསལ་མི་འདུག ཁྱོད་གཉིས་བོད་ཡིག་དཔྱད་གཞིར་་གོ་བ་ལེན་ཕྱོགས་ཐད་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་འདྲ་ཡོད་དམ།

    ༥་ དཀོར་དཔོན་ཟེར་བའི་མི་དེས་་མེ་མཆོད་ལྟ་བུའི་ཆོ་ག་ཞིག་བཞེངས་ཚུལ་སྣང་བ་་ལས་དེས་རང་ཉིད་དངོས་སུ་མེར་བསྲེགས་བཏང་ནས་ཤི་ཡོད་མེད་ཀྱང་གསལ་པོ་མི་འདུག་ན་སྡོམ་ཚིག་ཆེན་པོ་མ་བཞག་གོང་དབྱེ་ཞིབ་ཡག་པོ་གནང་ན་དགེ་མཚན་ཆེ་བར་མཐོང་།

    ༦་ བོད་ཀྱི་གནའ་བོའི་ཡིག་ཆ་སྤྱི་ལྟར་ཁྱོད་རྣམ་གཉིས་ནས་བེད་སྤྱོད་གནང་བའི་བོད་ཡིག་དཔྱད་གཞི་དེ་དག་ཁུངས་བཙན་ཡང་དག་ཡིན་མིན་ལ་དོགས་གནད་མང་པོ་འདུག་ལ། ཚིག་དང་གོང་འོག་གྱི་དོན་ལ་གོ་བ་ལེན་སྟངས་ཐད་ད་དུང་བསམ་ཞིབ་་གཟབ་ནན་གནང་དགོས་འདུག དེས་ན་ཕྱིན་ཆད་དེ་འདྲ་བའི་དཔྱད་ཡིག་་བེད་སྤྱོད་གནང་སྐབས་ཐོག་མར་ལེགས་པར་བརྟག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་རྗེས་ད་གཟོད་འགྲེལ་བརྗོད་མཛད་ནདེ་ནི་་མཁས་པའི་ལེགས་བཤད་དང་རིག་ལམ་དཔྱད་ཐབས་ཀྱི་རིན་ཐང་འདྲ་ལྡན་པའི་རྒྱུ་རུ་འགྲུར་བ་་ལས་དེ་ལས་ལྡོག་ན་རང་འཁྲུལ་གཞན་རྨོངས་ཀྱི་གཏམ་འབའ་ཞིག་ཏུ་ཟད་དོ།། སླད་དེ་བས་མང་བའི་ལེགས་རྩོམ་འགྲེམས་གནང་ཐུབ་པའི་་སྨོན་ལམ་དང་བཅས་ཕྲན་མེ་སྟོན་བརྩེ་ལྷ་ནས།།

    ReplyDelete
  10. མེ་སྟོན་བརྩེ་ལྷ་ལགས་ཀྱིས་དྲི་བ་ཁག་ཅིག་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་གསུང་བབས་མང་པོ་ཞིག་ལ་གཞིགས་ན། ཕྲན་གཉིས་ཀྱི་རྩོམ་ཡིག་འདིར་ཐུགས་མགུ་པོ་མ་བྱུང་བའི་རྣམ་པ་མངོན་ཡང་། དེའི་རྒྱུ་མཚན་གང་ཡིན་མ་ངེས། གཤམ་དུ་ཞུས་པའི་གསལ་བཤད་དེ་དག་གསལ་བཤད་རང་ཡིན་མ་གཏོགས་དགག་ལན་ལྟ་བུ་མིན། ཕྲན་དེང་སྐབས་ལས་བྲེལ་ཏོག་ཙམ་འདུག་རུང་། ཆེད་དུ་དུས་ཚོད་བཏོན་ཏེ་ལན་ཞུས་པ་འདི་ཁྱེད་ལ་ཆེ་མཐོང་ཞུས་ཁུལ་ཡིན།
    ཁྱེད་ཀྱིས། ༡ སྟོན་མིན་བརྩི་མིན་ཞེས་པར་འགྲེལ་པ་བྱེད་སྟངས་ལ་བལྟས་ན་སྦ་བཞེད་ཟེར་བ་དེ་ ཕྱིས་བྱུང་གི་ལོ་རྒྱུས་ཡིག་ཆ་ཡིན་པ་གསལ་པོར་སྒྲུབ་ཅིངཉ། ཐ་སྙད་དེ་གཉིས་ནི་རྒྱ་སྐད་དུ顿门དང་渐门ཞེས་པའི་དོན་ཡིན་པ་ལས་སྦ་བཞེད་ཟེར་བའི་ དེབ་ནང་འཁོད་པ་ལྟར་བོད་ཡིག་མ་ཡིན། བོད་མཁས་པས་རྒྱ་བཙུན་གྱི་ལྟ་བ་གང་ཡིན་མ་ཤེས་པར་རྩོད་པ་སློང་མི་སྲིད་པ་མ་ རེད་དམ།
    ལན། སྟོན་མིན་བརྩེ་མིན་གྱི་ཐ་སྙད་དང་། དེ་གཉིས་ཀྱི་རྩོད་པའི་སྐོར་ལ་གླེང་སློང་བྱ་རྒྱུ་རྩོམ་ཡིག་འདིའི་སྐབས་དོན་མིན། ཡིན་ནའང་སྟོན་མིན་རྩེན་གྱི་སྐོར་ལ་བོད་ཀྱི་མཁས་པ་ཚོས་དེ་སྔོན་ནས་དཔྱད་གླེང་གནང་ཟིན་ཡོད། དཔེར་ན་ཀུན་མཁྱེན་བུས་དེ་གཉིས་རིམ་གྱིས་པ་དང་གཅིག་ཅར་པའི་དོན་དུ་བཞེད་ཀྱང་། གནས་ནང་དཔའ་བོ་སྐུ་ཕྲེང་གཉིས་པས་ཀུན་མཁྱེན་བུའི་བཞེད་པ་སྨྲོས་ཐོག རང་ལུགས་སྦ་བཞེད་ལྟར་བྲིས་གནང་བ་ལྟ་བུ་ཡིན།
    སྦ་བཞེད་ལ་དཔེ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་དངོས་བདེན་རེད་ལ་དོགས་གནས་མང་པོ་ཞིག་ཀྱང་ཡོད་པ་རེད། ཡིན་ནའང་དེ་གཉིས་ཀྱི་ནང་དུ་ལོ་རྒྱུས་ཁུངས་དག་མང་པོ་གསལ་ཡོད་པ་དེ་ཡང་དངོས་ཡོད་རེད། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུའང་སྦ་བཞེད་ཁུངས་དག་དང་ལྷད་མ་གཉིས་ཡོད་པ་ལས། ཁུངས་མ་ནས་ཡིན་ཞེས་ལུང་དྲངས་པའི་ནང་དུ། རྒྱའི་ཆོས་པས་རང་སྲེག་བྱས་པ་འདི་དྲངས་ཡོད། མདོར་ན། རྒྱའི་བཙུན་པས་རང་སྲེག་བྱས་པའི་གནས་ཚུལ་འདི་བདེན་པ་མིན་ན། བདེན་པ་མིན་ཚུལ་ཡིག་ཆ་ཁུངས་ཐུབ་གཞན་དག་ལུང་དུ་དྲངས་ནས་ཁུངས་སྐྱེལ་གནང་དགོས་པ་ཞིག་རེད། ངེད་གཉིས་ཀྱིས་ཤེས་རིག་པར་ཁང་དང་བོད་ནས་སྤར་བའི་སྦ་བཞེད་སོགས་དང་། དེ་མིན་ཆོས་འབྱུང་ལོ་རྒྱུས་མང་པོར་བལྟས་པ་ཡིན། རང་སྲེག་གི་གནས་ཚུལ་འདི་བྱུང་མེད་པའི་ཁུངས་སྐྱེལ་ལྟ་ཅི། འདོད་ཚུལ་མི་མཐུན་པ་ཙམ་ཡང་མ་བརྙེད།
    དེ་ནས་སྦ་བཞེད་ཁུངས་ལྡན་ཡིན་མིན་དེ་ལ་བསམ་ཚུལ་ཡོད་པ་བཞིན་ངེད་གཉིས་ལའང་བསམ་ཚུལ་ལོས་ཡོད། ཡིན་ནའང་སྦ་བཞེད་ནང་གསལ་བའི་ནང་དོན་མང་པོ་ཞིག་ཁུངས་ལྡན་ཡིན་པ་ནི། ཏུན་ཧོང་སོགས་ཀྱི་ཡིག་རྙིང་དང་བསྡུར་དུས་ར་འཕྲོད་ཡོང་གི་ཡོད། སྤྱིར་བཏང་ཡིག་ཆའི་ནང་དོན་ལ་བལྟ་དུས་ཕྱོགས་གཉིས་ལ་ཡིད་གཟབ་བྱེད་དགོས་འདུག དང་པོ་ནི། ཡིག་ཆ་ངོ་མ་ཡིན་མིན་དང་། གཉིས་པ་ནི། ནང་དོན་ལ་འཁྱོག་བཤད་ཡོད་མེད་དེ་རེད། སྦ་བཞེད་ཀྱི་ཚིག་སྦྱོར་དང་ནང་དོན་ལ་བསམ་ན། གཞི་རྩའི་ཡིག་ཆ་རྙིང་ཁུངས་ཤིག་ཡིན་པ་གསལ་པོ་རེད། ཡིན་ནའང་ལྷད་ཡོད་སྲིད་པ་རེད། གཉིས་པ་ནང་དོན་གྱི་ཆ་ནས་བཤད་ན། སྦ་གསལ་སྣང་གི་རྒྱབ་ལྗོངས་ལ་བསམ་བློ་གཏོང་དགོས། སྐབས་འདིའི་ཆོས་ལུགས་ཀྱི་རྙོག་གྲ་དེའི་རྒྱབ་ལ་བོད་ཀྱི་ཁྱིམ་རྒྱུད་ཆེན་པོ་གཉིས་ཏེ། སྦའམ་དབའི་ཁྱིམ་ཚང་དང་། འབྲོའི་ཁྱིམ་ཚང་གི་འགལ་ཟླ་ཡང་ཚུད་ཡོད་པ་རེད།
    དེ་ཡང་འབྲོའི་ཁྱིམ་ཚང་ནི་བཙན་པོ་འདུས་སྲོང་མང་པོ་རྗེ་དང་ ཁྲི་ལྡེ་སྲོང་བཙན་གཉིས་ཀྱི་བཙུན་མོའི་འབྱུང་ཁུངས་རེད་ལ། སྐབས་འདིའི་རྩོད་པ་འབྱུང་ཡུལ་རྒྱའི་ཧ་ཤང་གི་སྦྱིན་བདག་ཡང་ཁྱིམ་ཚང་འདི་རེད། སྦའམ་དབའི་ཁྱིམ་ཚང་ནི་རྒྱ་གར་ནས་དར་བའི་ནང་ཆོས་ལ་དོ་སྣང་ཆེ་ཞིང་། མཁན་ཆེན་ཞི་བ་འཚོ་སོཌ་རྒྱ་གར་ནས་བོད་ལ་གདན་འདྲེན་རྒྱུར་ནུས་པ་ཆེན་པོ་བཏོན་ཡོད། སྦ་བཞེད་ནི། ཁྱིམ་རྒྱུད་འདི་ནས་བྱུང་བའི་མི་སྣ་གྲགས་ཅན་སྦ་གསལ་སྣང་གི་བཞེད་པ་གཙོ་བོར་བཀོད་པ་ཞིག་རེད། དེར་བརྟེན་སྦ་བཞེད་ནང་། རྒྱ་ནག་ནས་དར་བ་དང་རྒྱ་གར་ནས་དར་བའི་ཆོས་ཀྱི་ཐད་ཕྱོགས་ལྷུང་གི་ལྟ་སྟངས་ཏན་ཏན་ཡོང་ཉེན་ཡོད། གནས་ཚུལ་དེའི་དབང་དུ་བྱས་ན། ཧ་ཤང་གི་ལུགས་འཛིན་པ་ཚོས་སྐབས་དེའི་བཙན་པོའི་ཐག་གཅོད་ལ་ངོ་རྒོལ་དང་སྦྱང་བཤད་བྱས་པའི་ཚད་གཞི་ཇེ་ཆུང་དུ་གཏོང་བའི་ཉེན་ཁ་ཡོད་པ་རེད། དཔེར་ན་སྦ་བཞེད་ཀྱི་ནང་དུ། འབྲོའི་ཁྱིམ་ཚང་གིས་སྐབས་དེར་ཅི་དང་ཅི་བྱས་མིན་རྩ་བ་ནས་འབྲི་ཐུབ་མེད་པ་ལྟ་བུ་རེད། མགོ་ལ་མེ་བཏང་བ་དང་ཕོ་མཚན་བརྡུང་བ་སོགས་ནི། སྐབས་དེར་བོད་ཡོངས་ལ་གྲགས་ཆེ་བའི་གནས་ཚུལ་ཞིག་ཡིན་པར་བརྟེན། སྦས་སྐུང་བྱེད་མ་ཐུབ་པར་སྦ་བཞེད་ནང་བཀོད་པ་ཞིག་ཡིན་སྲིད་ཅིང་། དོན་དུ་ངོ་རྒོལ་གྱི་ཚད་གཞི་ནི་དེ་ལས་ཧ་ཅང་གིས་ཆེ་བ་ཡིན་ངེས་པ་དེ། ཧ་ཤང་གི་རྗེས་འབྲང་ཧ་ཅང་མང་བ་དང་རྒྱབ་རྟེན་བཙན་པ་སོགས་ལས་ཤེས་ནུས་ལ། ཕྱིས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས། བཙན་པོའི་ཕོ་བྲང་གིས་སྦྱིན་བདག་བྱས་ཤིང་ལོ་ཙཱ་བ་མཁས་པས་གཏན་ལ་ཕབ་པའི་ཆོས་མ་གཏོགས། གཞན་དག་གིས་བསྒྱུར་བ་དང་སྤེལ་བའི་ཆོས་བྱས་མི་ཆོག་པའི་གཏན་འབེབས་བྱས་པ་དེས་ཀྱང་། གནས་ཚུལ་མང་པོ་ཤུགས་ལ་རྟོགས་ནུས་པ་ཡིན།

    ReplyDelete
  11. ༢་ རྒྱ་ཧ་ཤང་གིས་མེར་བསྲེགས་བཏང་ཚུལ་ཡང་ཁོའི་མིང་ལ་མེ་མགོ་བཏགས་པའི་རྒྱུ་མཚན་ལ་བརྟེན་ནས་འགྲེལ་པ་བརྒྱབ་ཡོད་པ་ལས་རྒྱ་བཙུན་མེར་བསྲེགས་ཟེར་བ་རྟོགས་བཟོ་ རྫུན་རང་དང་། དེ་ཡང་གོང་གི་སྟོན་མིན་དང་བརྩེ་མིན་ལྟར་ཁུངས་མེད་ཀྱི་རྫུན་གཏམ་དུ་ཁུམས།
    ལན། ཁུངས་མེད་རྫུན་གཏམ་ཡིན་ན། དེ་ལྟར་ཡིན་ཚུལ་ལོ་རྒྱུས་ཀྱི་དཔང་རྟགས་དྲངས་ནས་ཁུངས་སྐྱེལ་མཛོད། ཉིད་ཀྱིས་རྒྱ་བཙུན་གསུངས་འདུག རྒྱ་སྟོན་དེ་བཙུན་པ་ཡིན་པ་ཡང་ཁུངས་སྐྱེལ་གནང་རོགས།

    ReplyDelete
  12. ༣་ རྣམ་པ་་གཉིས་ཀྱི་དཔྱད་གཞིའི་ནང་རྒྱ་ཡི་སྟོན་པས་བཙན་པོའི་ཁོ་བྲང་ནང་དུ་མེར་བསྲེགས་བྱས་ཚུལ་འཁོད་འདུག་ཀྱང་དཔྱད་གཞིའི་ནང་དེ་ལྟར་བྱས་ཚུལ་འཁོད་མི་འདུག་སྙམ་པས་དེ་མིན་གྱི་་སྒྲུབ་བྱེདགཞན་ཡོད་དམ། ཕྱོགས་ག་གེ་མོས་རྒྱལ་པོར་ངོ་རྒོལ་བྱས་ཚུལ་ཡང་གསལ་པོ་མི་འདུག་པས་ཁྱོད་གཉིས་ཀྱི་འགྲེལ་བཤད་བཀྱོན་ཕྱོགས་དེ་གང་ནས་གཟིགས་པ་ཡིན་ནམ།
    ལན། ངེད་གཉིས་ཀྱི་རྩོམ་ཡིག་ནང་། རྒྱ་སྟོན་གྱིས་བཙན་པོའི་ཕོ་བྲང་ནང་རང་སྲེག་བྱས་ཚུལ་རྩ་བ་ནས་བྲིས་མེད་པས་ཡང་བསྐྱར་ཞིབ་ཀློག་མཛོད། བཙན་པོའི་བཀའ་ལ་ངོ་རྒོལ་གྱི་ཆེད་དུ་ཡིན་པ་ནི། སྦ་བཞེད་རང་དུ་“(བཙན་པོས་)སྤྱིར་ལྟ་བ་དང་སྤྱོད་པ་འཛོམས་པའི་ཆོས་ཞིག་ཡིན་པར་བརྩེ་མིན་པའི་ལྟར་ཡིན་གསུངས་པས། སྟོན་མིན་པ་ཡི་ཆད་པ་ལྟར་བྱས་ནས། མ་ཧཱ་ཡ་ནའི་སློབ་མ་ལས། མྱང་ཤ་མིས་རང་གི་ཤ་གཏུབས། སྙ་བྱེ་མ་ལ་དང་། རྔོག་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས་ཏེ་གཞན་མ་རྣམས་ཀྱང་ཆུ་གྲི་རེ་རེ་སྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ། ངེད་ཀྱང་རིལ་ཕྲུ་མའི་ངོས་༌༌ལ་མཆིའོ། །”ཞེས་བཙན་པོའི་བཀའ་དང་། དེ་ལ་རྒོལ་ལན་བྱས་ཚུལ་ཚིག་ཟིན་དུ་ཧ་ཅང་གསལ་བས་ཞིབ་གཟིགས་མཛོད།

    ReplyDelete
  13. ༤་ལུས་པོ་མེར་ བསྲེས་དང་རླིག་པ་བརྡུང་བར་བྱེད་པ་སོགས་ནི་ཆོས་ལུགས་ཆོ་གའི་རིགས་ཤིག་ཡིན་པར་མངོན་པ་ལས་དེ་བོད་ཀྱི་རྒྱལ་པོ་ལ་ངོ་རྒོལ་བྱེད་པའི་ལག་ཆ་ཞིག་ཏུ་འགྲུར་ཚུལ་ནི་་གསལ་མི་འདུག ཁྱོད་གཉིས་བོད་ཡིག་དཔྱད་གཞིར་་གོ་བ་ལེན་ཕྱོགས་ཐད་གཞན་དང་མི་འདྲ་བའི་དམིགས་ བསལ་གྱི་ཁྱད་ཆོས་འདྲ་ཡོད་དམ།
    ལན། སྐབས་འདིའི་རང་སྲེག་དང་རང་ཤ་བཅད་པ། ཕོ་མཚན་བརྡུང་བ་སོགས་ངེད་གཉིས་ཀྱིས་ངོ་རྒོལ་མཚོན་བྱེད་དུ་འགྲེལ་བ་དེ་ལ། སྦ་བཞེད་ཀྱི་ལུང་ཚིག་དང་ཆོས་འབྱུང་མཁས་དགའ་སོགས་ཀྱི་རྒྱབ་རྟེན་ཡོད། ཁྱེད་ཀྱིས་འདི་ཚོ་ཆོས་ལུགས་ཀྱི་ཆོ་གར་མངོན་པ་ལ། རྒྱབ་རྟེན་རྒྱུ་མཚན་ཡོད་ན་གསུངས་རོགས་ཞུ།

    ReplyDelete
  14. ༥་ དཀོར་དཔོན་ཟེར་བའི་མི་དེས་་མེ་མཆོད་ལྟ་བུའི་ཆོ་ག་ཞིག་བཞེངས་ཚུལ་སྣང་བ་་ལས་ དེས་རང་ཉིད་དངོས་སུ་མེར་བསྲེགས་བཏང་ནས་ཤི་ཡོད་མེད་ཀྱང་གསལ་པོ་མི་འདུག་ན་ སྡོམ་ཚིག་ཆེན་པོ་མ་བཞག་གོང་དབྱེ་ཞིབ་ཡག་པོ་གནང་ན་དགེ་མཚན་ཆེ་བར་མཐོང་།

    ལན། མདོལ་ཆུང་བསྐོར་དཔོན་གྱིས་ལུས་སྣུམ་རས་ཀྱིས་བཅིངས་ཏེ་མེར་སྲེག་པར་མ་ཟད། སྤྱི་བོ་ནས་ཐོད་པ་གོག་པའི་ཚུལ་ངེད་གཉིས་ཀྱིས་དྲངས་པའི་ཡིག་ཆར་གསལ་བར་འདུག་པས། འདི་ལས་ལྷག་པའི་སྒྲུབ་བྱེད་དགོས་གལ་མ་མཐོང་། ཁོང་འཆི་ཡོད་དང་མེད་ཀྱི་སྐོར་ལ་ངེད་གཉིས་ཀྱིས་ཅི་ཡང་བཤད་མེད།

    ༦་ བོད་ཀྱི་གནའ་བོའི་ཡིག་ཆ་སྤྱི་ལྟར་ཁྱོད་རྣམ་གཉིས་ནས་བེད་སྤྱོད་གནང་བའི་བོད་ ཡིག་དཔྱད་གཞི་དེ་དག་ཁུངས་བཙན་ཡང་དག་ཡིན་མིན་ལ་དོགས་གནད་མང་པོ་འདུག་ལ། ཚིག་དང་གོང་འོག་གྱི་དོན་ལ་གོ་བ་ལེན་སྟངས་ཐད་ད་དུང་བསམ་ཞིབ་་གཟབ་ནན་གནང་ དགོས་འདུག དེས་ན་ཕྱིན་ཆད་དེ་འདྲ་བའི་དཔྱད་ཡིག་་བེད་སྤྱོད་གནང་སྐབས་ཐོག་མར་ལེགས་པར་ བརྟག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་རྗེས་ད་གཟོད་འགྲེལ་བརྗོད་མཛད་ནདེ་ནི་་ མཁས་པའི་ལེགས་བཤད་དང་རིག་ལམ་དཔྱད་ཐབས་ཀྱི་རིན་ཐང་འདྲ་ལྡན་པའི་རྒྱུ་རུ་ འགྲུར་བ་་ལས་དེ་ལས་ལྡོག་ན་རང་འཁྲུལ་གཞན་རྨོངས་ཀྱི་གཏམ་འབའ་ཞིག་ཏུ་ཟད་དོ།། སླད་དེ་བས་མང་བའི་ལེགས་རྩོམ་འགྲེམས་གནང་ཐུབ་པའི་་སྨོན་ལམ་དང་བཅས་ཕྲན་མེ་ སྟོན་བརྩེ་ལྷ་ནས།།
    ལན། ཡིག་ཆ་གང་འདྲ་ཞིག་ཡིན་རུང་། ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ་གཉིས་ཀ་མི་རུང་བ་ཡིན་ཞིང་། མཁས་པའི་དགའ་སྟོན་ནི་ཡོངས་གྲགས་སུ་ཁས་ལེན་པའི་དེབ་ཐེར་ཁུངས་ལྡན་ཞིག་ཡིན་ཞིང་། མཁས་དབང་དགེ་ཆོས་ཀྱིས། སྦ་བཞེད་དང་ཐང་ཡིག་ལ་མཐོང་ཆུང་མ་བྱེད། དེར་གནད་འགག་མང་པོ་གསལ་ཚུལ་གསུངས་པ་ལྟར། སྦ་བཞེད་ལྷད་ཅན་ཡོད་པའི་རྒྱུ་མཚན་གྱིས་དེར་གསལ་ཚད་ཁུངས་མེད་དུ་བསྒྲུབས་མི་ཐུབ། ཉིད་ཀྱིས་བསླབ་བྱ་གནང་བར་ཐུགས་རྗེ་ཆེ།། །།

    ReplyDelete
  15. ཆུང་ཚེ་རིང་ལགས། རིན་བྲལ་དུས་ཚོད་བཏོན་ནས་ལན་གནང་བར་བཀྲིན་ཆེ།
    སྦ་བཞེད་དང་མཁས་པའི་དགའ་སྟོན་ལ་སོགས་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཚད་ལྡན་ཡིན་པར་རྩོད་པ་གང་ཡང་མེད། ཁྱོད་ནས་འཕྲོས་མོལ་ལྟ་བུའི་བཀའ་མང་པོ་ཞིག་གནང་འདུག་ལ་དེ་ལ་ཐུགས་རྗེ་ཆེ་ལས་གཞན་ཞུ་རྒྱུ་གང་ཡང་མེད། དེབ་ཐེར་དེ་དག་ནང་དྲངས་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ནམ་མི་སྣར་འགྲེལ་བརྗོད་བྱ་སྟངས་ཁ་ཤས་ཐད་རང་འདོད་ཀྱིས་རྟོགས་བཟོ་བྱས་པའི་རྣམ་པའང་མི་ཉུང་བ་ཞིག་མཆིས་བས་དེ་དག་དྲངས་འགྲེལ་མཛད་སྐབས་་ཡིད་ཟབ་གནང་དགོས་ཟེར་བ་དེ་ནི་ཁོ་བོའི་བརྗོད་དོན་སྙིང་པོ་དེ་ཡིན།
    ༡ ཁོ་བོས་བརྗོད་བའི་བོད་མཁས་པ་ནི་སྦ་བཞེད་ཀྱི་རྩོམ་པ་པོ་ལ་སོགས་སྐབས་དེ་ཤེད་ཀྱི་མཁས་པར་ཟེར་བ་ལས་ཕྱིས་བྱུང་བ་རྣམས་ལ་ཟེར་གྱི་མེད་ལ། རྩོམ་པ་པོའི་སྟོན་མིན་བརྩེ་མིན་ལ་འགྲེལ་པ་རྒྱག་སྟངས་དང་ཁྱོད་ནས་ཀྱང་སྦ་བཞེད་ཀྱི་མཇུག་དེར་བཞེད་པ་གཞན་དག་ཅིག་བཀོད་པའི་ནང་། རྒྱ་རིགས་ཆོས་པ་དེས་མགོ་ལ་མེ་སྤར་ཏེ་ནུབ་ཕྱོགས་བདེ་བ་ཅན་ལ་ཁ་བསྟན་ཏེ་འདས་ཞེས་གསལ་ཡོད་ཅིང་། ཡིག་ཆ་ཁ་ཤས་ཀྱི་ནང་རྒྱའི་སྟོན་པ་དེའི་མིང་ལ་“མེ་མགོ་”ཟེར་ཚུལ་འཁོད་ཅེས་གསུངས་འདུག་པ་བཅས་ལས་ལོ་རྒྱུས་དེ་དག་ཡིད་རྟོན་རུང་བ་ཞིག་མ་རེད་བསམ་མོ།

    ༢ མེར་བསྲེགས་གང་དུ་བཏང་མིན་སྐོར་ཁྱེད་ནས་དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི་མེར་སྲེག་མཁན་བོད་མི་མ་ཡིན་པར་རྒྱ་མི་ཞིག་ཡིན་པ་དང་། རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད་ཅེས་གསུངས་འདུག་པས་ཁོ་བོས་རྫུན་བཟོ་གང་ཡང་བྱས་མེད།

    ༣ རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས་ཏེ་གཞན་མ་རྣམས་ཀྱང་ཆུ་གྲི་རེ་རེ་སྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ། ངེད་ཀྱང་རིལ་ཕྲུ་མའི་ངོས་༌༌ལ་མཆིའོ། ཞེས་སྨྲས་ཤིང་། རྙོག་གྲ་ཆེན་པོ་ཆགས་སྟབས། རྒྱལ་པོས་རྒྱ་གར་ནས་སློབ་དཔོན་ཀཱ་མ་ལ་ཤི་ལ་གདན་དྲངས་ཏེ། ཞེས་གལ་ཏེ་ཁོ་བོ་གོ་ནོར་ཐེབས་མེད་ན་་ཁྱེད་ཀྱི་གསུངས་སྟངས་ལ་བལྟས་ན་ཀ་མ་ལ་ཤི་ལ་བོད་ཏུ་མ་སླེབས་གོང་ཧ་ཤང་ཤི་ཚར་འདུག

    ༤ རྒྱ་སྟོན་བཙུན་པ་ཡིན་མིན་ནི་རྒྱ་ཚིག་ཧྭ་ཤང་ཞེས་པའི་དོན་ནི་གྲ་པ་ཡིན་པ་ལས་ཤེས་སླ་བས་དཔང་རྟགས་གཞན་དགོས་མེད་རེད།

    ReplyDelete
  16. ༥ སྐོར་དཔོན་མེར་བསྲེགས་སྐོར་བྱེད་པ་པོ་དང་བྱ་བའི་ཡུལ་སོགས་ཀློག་པ་པོ་མགོ་རྙོག་པར་བཟོ་གཞི་འདུག་པ་ནི་དོན་དངོས་རེད། རང་ཉིད་མེར་བསྲེགས་དང་མ་བསྲེགས་ཀྱི་དོན་རྐྱེན་དེ་རྣམ་པ་གཉིས་ནས་དྲངས་པའི་ཚིགདུམ་བུ་དེའི་ཁྲོད་ཀྱི་མིང་ཚིག་བཟང་སྤྱོད་སྨོན་ལམ་ཞེས་པ་དེ་ཡིན། དེ་ནི་སྐུལ་བཟང་དང་སྨོན་བཟང་འབའ་ཞིག་གི་རྟ་ལས་དྲངས་པའི་མེ་མཆོད་ལ་སོགས་པའི་ཆོ་སྨོན་ལ་ཕན་ཡོན་ཇི་ཡོད་དང་་འབྲས་བུ་ཅི་ཐོབ་ཀྱི་འདོན་པ་ཞིག་ལགས་པ་དེ་ཉིད་རྣམ་པ་གཉིས་ལ་་ངོ་སྤྲོད་ཀྱི་ཚུལ་དུ་ཕུལ་ན་གོང་གསལ་དཀོར་དཔོན་སྐོར་ལ་རྩོད་པ་སློང་བ་པ་ལས་དགེ་མཚན་ཆེ་བར་མཐོང་བ་བཅས་རེ་ཞིག་དེ་ག་ཙམ་ཡིན། ཐུགས་རྗེ་ཆེ།

    དང་པོ་བླ་ན་ཡོད་པའི་མཆོད་པ་ནི།
    མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུགས་པའི་གདུགས་མཆོག་དང༌། །
    མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །
    ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང༌། །
    བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །
    དེའང༌། ལྷའི་ཡུལ་མན་ཆད་ཀྱི་འཇིག་རྟེན་ན་རྣམ་པར་བཀྲ་བའི་མེ་ཏོག་དམ་པ་དངོས་སུ་ཡོད་པ་ཇི་སྙེད་པ་དང༌། མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པའམ་རིན་པོ་ཆེ་སྣ་ཚོགས་བརྒྱུས་པའི་ཕྲེང་བ་དམ་པ་དང༌། རོལ་མོའི་བྱེ་བྲག་རྒྱུད་ཅན་དང་འབུད་དཀྲོལ་བརྡུང་བ་སོགས་སིལ་འཁྲོལ་སྙན་པའི་སྒྲ་རྣམས་དང༌། དྲི་ཞིམ་པོའི་བྱུག་པ་དང༌། ཚ་གདུང་སྐྱོབས་བྱེད་རིན་པོ་ཆེའི་གདུགས་མཆོག་ཏུ་གྱུར་པ་དང༌། རིན་པོ་ཆེའི་འོད་དང་འབྲུ་མར་གྱི་མེ་ལ་སོགས་པ་སྣང་གསལ་གྱི་མཆོག་མཐའ་ཡས་པ་དང༌། སྦྱར་བ་དང་ལྷན་སྐྱེས་ཀྱི་དྲི་ཞིམ་པོ་བསྲེགས་པའི་བདུག་སྤོས་དམ་པ་སྟེ། དེ་དག་རེ་རེ་ཡང་ལྷ་དང་མིའི་ཡུལ་ན་ཡོད་པའི་ཁ་དོག་དང་དབྱིབས་དང་དྲི་དང་རྒྱུ་ཕུན་སུམ་ཚོགས་པ་མཐའ་ཡས་ཤིང༌། རྣམ་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དེ་དང་དེ་ཡིས། གང་མངོན་སུམ་དང་ཡིད་ཀྱི་སྤྱོད་ཡུལ་དུ་དམིགས་པའི་རྒྱལ་བ་སྲས་བཅས་དེ་དག་ལ་ནི་ཉིན་རེ་བཞིན་ཏུ་མཆོད་པར་བགྱིའོ། །གཞན་ཡང་སྲབ་འཇམ་མཉེན་པའི་ན་བཟའ་དམ་པ་མཆོག་རྣམས་དང༌། སྤོས་ཆུས་ཡོན་ཆབ་ཏུ་གསོལ་བའམ་ཆག་ཆག་ཏུ་བཏབ་པའི་དྲི་མཆོག་ཏུ་གྱུར་པ་དང༌། དྲི་བཟང་གི་ཕྱེ་མའི་ཕུར་མ་སྟེ་ཐུམ་པོར་བྱས་པ་རྣམ་པ་སྣ་ཚོགས་སྤུངས་པའི་ཕུང་པོ་རི་རབ་དང་མཉམ་པ་སྟེ་མིང་གིས་སྨོས་པ་དང༌། མིང་གིས་མ་སྨོས་པ་རྣམས་ཀྱང་བཀོད་པ་རྣམ་པ་སྣ་ཚོགས་མཛེས་པས་ཁྱད་པར་དུ་འཕགས་པའི་མཆོག་ཀུན་གྱིས་རྒྱལ་བ་སྲས་བཅས་ཀྱི་ཚོགས་དེ་དག་ཐམས་ཅད་ལ་ནི་མཆོད་པར་བགྱིའོ། །

    ReplyDelete
  17. གཉིས་པ་བླ་ན་མེད་པའི་མཆོད་པ་ནི།
    མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །
    བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །
    དེའང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་གྱི་མཐུ་ཤིན་ཏུ་ཆེ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པ་གང་བགྱིས་པ་རྣམས་ནི་བླ་ན་མེད་པ་སྟེ། འཇིག་རྟེན་ན་མེད་པའི་ཡོ་བྱད་ཀྱི་ཁྱད་པར་བཟང་དགུ་དུ་མ་སྤྲུལ་ཞིང༌། དེ་ཡང་བུམ་པ་བཟང་པོ་དང༌། དཔག་བསམ་གྱི་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་སོགས་ལས་བསམ་པ་ཙམ་གྱིས་གང་ཉེ་བར་མཁོ་བའི་ཡོ་བྱད་མཐའ་ཡས་པ་དང༌། དམ་པའི་ཆོས་ཀྱི་སྒྲ་དང་བསྔགས་པའི་དབྱངས་མཐའ་ཡས་པ་འབྱུང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེང་བས་ན་རྒྱ་ཆེ་བ་སྟེ་བདག་ཉིད་ཀྱི་སེམས་ཀྱིས་ཅི་ནུས་ཀྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་མང་པོ་རྒྱས་པར་བཀང་སྟེ་མཆོད་པ་བྱ་བར་བསམ་མོ། །མདོ་ལས། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པས་བསོད་ནམས་ཚད་མེད་པ་འབྱུང་ངོ༌། །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང༌། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་ཏུ་སྒྲུབ་པའོ། །ཞེས་བླ་ན་མེད་པའི་མཆོད་པ་གསུམ་བཤད་དོ། །དེ་ལྟར་ཕྱག་མཆོད་ཀྱི་རིམ་པ་དེ་དག་གོང་དུ་སྨོས་པའི་རྒྱལ་བ་ཐམས་ཅད་ལ་ཡང་ལྷག་པར་མོས་པའི་དད་པ་དང༌། བཟང་པོ་སྤྱོད་པ་ལ་ཕན་ཡོན་མཐའ་ཡས་ཡོད་པར་ཡིད་ཆེས་པའི་དང་བའི་སྟོབས་དག་གིས་ཀུན་ནས་བསླངས་ཏེ། ཡུལ་རྒྱལ་བ་སྲས་བཅས་ཀུན་ལ་ཚུལ་དེས་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །






    བདག་ནི་ནམ་ཞིག་འཆི་བའི་དུས་བྱེད་པར་གྱུར་པ་གང་གི་ཚེ་ན་ལས་ཉོན་གྱི་སྒྲིབ་པ་སྤྱི་དང་ཁྱད་པར་སངས་རྒྱས་མངོན་སུམ་དུ་མཐོང་བའི་གེགས་ལ་སོགས་པ་ཐམས་ཅད་དག་ནི་རྒྱང་རིང་དུ་ཕྱིར་བསལ་ཞིང་མེད་པར་བྱས་ཏེ་མིག་གི་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་སངས་རྒྱས་སྣང་བ་མཐའ་ཡས་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བ་དེ་མཐོང་བར་གྱུར་པས་སླར་ཡང་སྒྲིབ་པ་མང་པོ་བྱང་ཞིང་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐོབ་ནས་ཚེ་འཕོས་མ་ཐག་ཏུ་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་ཚད་མེད་པ་དང་ལྡན་པ་མཆོག་ཏུ་བདེ་ཞིང་ཡིད་བདེ་འབའ་ཞིག་གི་གནས་སུ་གྱུར་པ་ངན་སོང་གསུམ་སོགས་སྡུག་བསྔལ་གྱི་མིང་མི་གྲགས་ཤིང་བདེ་བླག་ཏུ་ཕ་རོལ་ཕྱིན་པ་རྣམས་ལ་སྤྱད་དུ་ཡོད་པའི་བདེ་བ་ཅན་གྱི་ཞིང་ཁམས་དེར་ཡུད་ཙམ་གྱིས་འགྲོ་ཞིང༌། དེར་སོང་ནས་ནི་སྨོན་ལམ་ལས་བརྫུས་ཏེ་སྐྱེས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཉིད་བཏབ་པའི་འབྲས་བུ་དེ་དག་ཀྱང་ཐམས་ཅད་ལྷག་མ་མ་ལུས་པ་མངོན་དུ་འགྱུར་བར་ཤོག་ལ། དེ་ལྟར་མངོན་དུ་གྱུར་ནས་ཀྱང་སྨོན་ལམ་དེ་དག་གི་དོན་མ་ལུས་པ་རང་རྒྱུད་ལ་དགོས་པ་རྣམས་བདག་གིས་ཡོངས་སུ་བཀང་ཞིང་རྫོགས་པར་བྱས་ནས་གཞན་དོན་དུ་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྒྲུབ་པར་བགྱི་བར་གྱུར་ཅིག་པའོ། །

    ReplyDelete
  18. མེ་སྟོན་བརྩེ་ལྷ་ལགས། བསྐྱར་དུ་ཕེབས་པ་བཟང་།
    ༡) སྦ་བཞེད་དང་མཁས་པའི་དགའ་སྟོན་ཚད་ལྡན་དུ་བཞེད་ན། ཉིད་ཀྱིས་ཚད་ལྡན་དུ་བཞེད་པའི་སྦ་བཞེད་སྤར་མ་དེ་གང་ལགས། ངེད་ཚོས་དྲངས་པ་དེ་ལྷད་ཅན་དང་རྫུན་མར་འདོད་ན། ཁྱེད་ལ་ངོ་མ་ཞིག་བསྟན་རྒྱུ་ཡོད་ཤག
    ༢) ལོ་རྒྱུས་ཀྱི་བྱུང་བ་དང་མི་སྣར་ངེད་གཉིས་ཀྱིས་རང་འདོད་ཀྱིས་རྟོགས་བཟོ་བྱས་པའི་རྣམ་པ་འདུག་གསུངས་པ་ལྟར། རེ་རེ་བཞིན་ངོ་སྤྲོད་གནང་རོགས།
    ༣) ངེད་གཉིས་ཀྱིས་ཐོག་མཐའ་ཀུན་ཏུ། རང་སྲེག་བྱེད་ས་རྒྱལ་ཁང་རེད་ཅེས་རྩ་བ་ནས་བྲིས་མེད། ངེད་གཉིས་ཀྱི་ཚིག་ནི་“སྐབས་འདིའི་རང་ལུས་མེར་སྲེག་བྱེད་ས་ནི་བོད་དབུས་གཙང་གི་བསམ་ཡས་ཕྱོགས་དང་། རང་ལུས་མེར་སྲེག་བྱེད་དོན་ནི། སྐབས་དེར་བོད་དུ་དར་ཆེ་བའི་རྒྱའི་ཧྭ་ཤང་གི་རིང་ལུགས་ཉམས་ལེན་དང་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་ཞིང་། དེང་སང་གི་བཤད་སྟངས་ལྟར་ན། ཆོས་དད་རང་མོས་ཀྱི་ཆེད་དུ་རེད། དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི་མེར་སྲེག་མཁན་བོད་མི་མ་ཡིན་པར་རྒྱ་མི་ཞིག་ཡིན་པ་དང་། རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད།”ཅེས་པ་འདི་རེད། འདིའི་ནང་“རང་ལུས་མེར་སྲེག་བྱེད་ས་ནི་བོད་དབུས་གཙང་གི་བསམ་ཡས་ཕྱོགས་”ཞེས་བཀོད་ཡོད། ཉིད་རང་“རང་སྲེག་བྱེད་ས་”དང་“ངོ་རྒོལ་བྱ་ཡུལ་”གྱི་དབར་དུ་འཁྲུལ་འདུག་པས་ཞིབ་གཟིགས་མཛོད།
    ༤) སྦ་བཞེད་ཀྱི་བཞེད་པ་དང་པོའི་དབང་དུ་བྱས་ན། ཀ་མ་ལ་ཤི་ལ་བོད་ཏུ་མ་སླེབས་གོང་རྒྱ་སྟོན་མགོ་ལ་མེ་བཏང་སྟེ་འདས་པ་གསལ་པོ་རེད། འོན་ཀྱང་ཁྱེད་རང་གིས་རྒྱ་སྟོན་ལ་ཧ་ཤང་ཞེས་བྲིས་པ་དང་། ཀ་མ་ལ་ཤི་ལ་མ་ཕེབས་གོང་ཧ་ཤང་ཤི་འདུག་ཟེར་དུས། ཁྱེད་ཀྱིས་རྒྱ་སྟོན་དང་ཀ་མ་ལ་ཤི་ལར་རྩོད་པ་བྱེད་མཁན་ཧ་ཤང་གཉིས་མི་གཅིག་ཏུ་བརྩིས་ཡོད་པ་དེ་ཤེས་ཐུབ་ཀྱི་འདུག དོན་དངོས་སུ་རང་སྲེག་བྱེད་མཁན་རྒྱ་སྟོན་ནི་ཀ་མ་ལ་ཤི་ལར་རྩོད་པ་བྱེད་མཁན་ཧ་ཤང་གི་ཕྱོགས་གཏོགས་ཤིག་ཡིན་པ་ལས། རྒྱ་སྟོན་་དང་ཧ་ཤང་མི་གཅིག་མ་རེད་ལགས།
    ༥) དེའི་འོག་ཏུ་ཉིད་ཀྱིས་“རྒྱ་སྟོན་བཙུན་པ་ཡིན་མིན་ནི་རྒྱ་ཚིག་ཧྭ་ཤང་ཞེས་པའི་དོན་ནི་གྲ་པ་ཡིན་པ་ལས་ཤེས་སླ་བས་དཔང་རྟགས་གཞན་དགོས་མེད་རེད།”ཅེས་པའི་ཚིག་གིས་གསལ་འགྲེལ་བྱེད་ཚུལ་གསུངས་འདུག འདི་ཕལ་ཆེར་སྐུ་ཉིད་ཀྱིས་གོང་དུ་རྒྱ་སྟོན་དང་ཧ་ཤང་མི་གཅིག་ཏུ་འཁྲུལ་བ་དེས་གསུངས་པ་ཡིན་སྲིད། དེ་མིན་ལོ་རྒྱུས་ཀྱི་ཡིག་ཆ་གང་དུ། རྒྱ་སྟོན་ལ་ཧ་ཤང་ཞེས་སྨྲོས་འདུག་གམ། ཁུངས་ལུང་དང་བཅས་གསུངས་རོགས།
    ༦) མདོལ་ཆུང་བསྐོར་དཔོན་གྱིས་བཟང་སྤྱོད་བསྐྱོར་བཞིན་རང་སྲེག་བྱས་པའི་གནས་ཚུལ་འདི་ཧ་ཅང་གསལ་པོ་རེད། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ལུང་ཚིག་རང་དུ་གསལ་པོ་རེད། དེ་མ་ཡིན་པའི་སྒྲུབ་བྱེད་དུ། ཁོང་གིས་བསྐྱོར་བའི་བཟང་སྤྱོད་སྨོན་ལམ་དྲངས་ཡོང་བས་གང་ཡང་ཕན་གྱི་མ་རེད། གལ་སྲིད་ཁྱེད་རང་ལ་འདིའི་ཐད་དངོས་གནས་དོགས་པ་འདུག་ན། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་སོགས་ཁོང་དང་དུས་མཉམ་པ་དག་གི་ལོ་རྒྱུས་ལ་གཟིགས་རྟོག་དང་ཞིབ་འཇུག་མཛོད།
    ངས་ཁུངས་སྐྱེལ་དགོས་པ་དག་རེ་རེ་བཞིན་ཁུངས་བསྐྱལ་དང་སྐྱེལ་བཞིན་ཡོད། ཁྱེད་ཀྱིས་ཀྱང་རང་གི་སྐད་ཆར་བཟང་སྤྱོད་ཀྱི་ཐོག་ནས་འགན་ཁུར་བའི་རེ་བ་ཡོད། གང་ཡིན་ཟེར་ན། དེ་ནི་ཁྱེད་ཀྱིས་ལུང་དུ་དྲངས་པའི་བཟང་སྤྱོད་སྨོན་ལམ་གྱི་བསྟན་དོན་གཙོ་བོ་ཞིག་རེད། ཆུང་ཚེ་རིང་གིས་ཉལ་ཁར་བྲེལ་སྟབས་སུ་ཕུལ།།

    ReplyDelete
  19. ད་གསལ་པོ་ཆགས་ཡོང་གི་འདུག མེ་སྟོན་བརྩེ་ལྷས་ཁ་བདེ་བཤད་པ་མ་གཏོགས། སྦ་བཞེད་ཆ་ཚང་བའང་ཀློག་ཡོད་ས་མ་རེད། ཆུང་ཚེ་རིང་ལགས། བཀའ་དྲིན་ཆེ། ང་རང་གི་དོགས་པ་མང་པོ་ཞིག་ཀྱང་ཆོད་སོང་། ཕྲན་ཀུན་བཟང་རྒྱལ་གྱིས་ནིའུ་ཡོག་ནས་ཕུལ།

    ReplyDelete
  20. ཆུང་ཚེ་ལགས། ཡང་བསྐྱར་ཞུ་རྒྱུར་ངའི་ཞུ་དོན་གཙོ་བོ་ནི། ལོ་རྒྱུས་དེབ་ཐེར་ནང་འཁོད་པའི་ནང་དོན་ལ་་འགྲེལ་བརྗོད་གནང་རྒྱུར་གཟབ་ནན་ཏན་ཏིག་གནང་དགོས་པ་ལས་སྤོམ་ཚོད་བྱ་མི་ཉན་པ་དེ་རང་ལས་ཁྱོད་གཉིས་ཀྱི་ཁུངས་དཔེ་ཡང་དག་ཡིན་མིན་སྐོར་ཤོད་ཀྱི་མེད་པ་དེ་དོན་དགོངས་འཇགས་འཚལ།

    ༡ ཁྱོད་གཉིས་ཀྱི་རྩོམ་ནང་དུའང"་བཙན་པོས་རྒྱའི་སྟོན(རྒྱ་སྟོན་དང་དོན་གཅིག)་པའི་ཆོས་འདི་བག་ཙམ་མནམ་བ་མིན་ནམ་བྱས་པས་་་་་་་་"་ཞེས་དང་། "རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས་"ཞེས་པ་དེ་གཉིས་རྒྱ་ཧ་ཤང་ལ་ཟེར་བ་མ་ཡིན་ན་དེ་ཡང་སྙིང་སུ་རེད། ཁྱོད་ལ་ཧ་ཤང་མ་ཧ་ཡ་ན་ལས་ཐ་དད་པའི་རྒྱ་ཡི་བཙུན་པ་ཞིག་སྟོན་རྒྱུ་ཨེ་ཡོད། དེ་ཁྱོད་རང་གི་ེསྐྱོན་མ་རེད།གལ་སྟེ་སྐྱོན་ཡོད་ན་དེ་རྩོམ་པ་པོའི་སྐྱོན་རེད།

    ༢ སྟོན་རྩེན་གཉིས་སྐོར་ཀྱི་འདྲེན་ཚིག་དེའི་གོང་འོག་གི་ཚིག་དོན་ལ་གཞིགས་ན་རྒྱ་སྟོན་ཞེས་པ་དེ་ནི་ཧ་ལམ་ཧ་ཤང་མ་ཧ་ཡ་ན་རང་ལ་མ་གཏོགས་གཞན་ལ་གོ་བ་ཡིན་བཟོ་མི་འདུག་པས་ན་རྒྱ་སྟོན་དེ་བཙུན་པ་ཡིན་པ་ནི་རང་བཞིན་གྱིས་མ་གྲུབ་བམ།

    ༣ དེ་ཡང་རྣམ་གཉིས་ཀྱིས་"རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད།”ཅེས་པའི་ནང་མིང་ཚིག་རྒྱལ་ཁང་ཞེས་པ་གསལ་ཐག་ཆོད་བཀོད་འདུག་ལ། དེ་བཞིན་རང་སྲེག་དང་ངོ་རྒོལ་ཞེས་པའི་་ཚིག་གཉིས་ལས་བྱ་ལས་དང་རྣམ་པ་གཉིས་ནི་་ཟུང་དུ་སྦྲེལ་་ནས་ཡོད་པ་ཞིག་ལས་་ཁྱོད་ཀྱིས་འགྲེལ་བརྗོད་གནང་བ་ལྟར་་“རང་སྲེག་བྱེད་ས་”དང་“ངོ་རྒོལ་བྱ་ཡུལ་”ཞེས་ཁག་ཁག་ཡིན་པ་ཞིག་མ་གྲུབ་ལ། ཕལ་ཆེར་གྲུབ་ཐུབ་པ་ཞིག་ཀྱང་ཡིན་གྱི་མ་རེད།

    ༤མདོལ་ཆུང་བསྐོར་དཔོན་གྱིས་མེ་མཆོད་ཕུལ་ཚུལ་དེ་བཟང་སྤྱོད་སྨོན་ལམ་གྱི་མཚོན་དོན་ཆོ་གའི་དྲ་རྒྱ་ལས་མ་འདས་པའམ་ཡང་ན་བློ་ལ་གདོན་ཞུགས་པའམ་ཅི་རིགས་ཀྱིས་རང་ལུས་མེར་སྲེག་དངོས་སུ་བྱས་ཚུལ་སོགས་སྐོར་རྒྱས་གླེང་བྱ་ཁོམས་མེད་པས་རེ་ཞིག་བཏང་སྙོམས་སུ་འཇོག་རྒྱུ་བཅས་རྒྱ་སྟོན་མེ་སྲེག་ནས། བཀྲིས་བདེ་ལེགས།

    ReplyDelete
  21. མེ་སྟོན་བརྩེ་ལྷ་ལགས།
    ད་ཧ་ཅང་གསལ་པོ་ཆགས་སོང་། གོང་དུ་གཅིག་གིས་གསུངས་པ་བཞིན། ཁྱེད་ཀྱིས་ལོ་རྒྱུས་ཀྱི་ཡིག་ཆ་དེ་ཚོར་ཞིབ་འཇུག་བྱ་རྒྱུ་ལྟ་ཅི། ཆ་ཚང་བའང་ཀློག་མེད་པ་དེ་གསལ་པོ་ཆགས་སོང་།
    ༡) གཞན་དག་ཕར་ཟད། ངེད་གཉིས་ཀྱིས་དྲངས་པའི་ཚིག་“མ་ཧཱ་ཡ་ནའི་སློབ་མ་ལས། མྱང་ཤ་མིས་རང་གི་ཤ་གཏུབས། སྙ་བྱེ་མ་ལ་དང་། རྔོག་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས”ཞེས་པ་འདི་ལ་སོམ་དང་། རྒྱ་སྟོན་ནི་ཧ་ཤང་མ་ཧཱ་ཡ་ནའི་སློབ་མ་ཡིན་པ་ཧ་ཅང་གསལ་པོ་མི་འདུག་གམ། བླ་མ་དང་སློབ་མ་མི་གཅིག་ཡིན་སྲིད་དམ། ལར་ནས། ཆོས་འབྱུང་ལོ་རྒྱུས་དེ་ཚོ་ཚང་མའི་ནང་ལ། རྒྱ་སྟོན་མེ་མགོ་དང་། ཧ་ཤང་མཧཱ་ཡ་ན་གཉིས་གང་ཟག་ཐ་དད་གཉིས་ཡིན་པ་ཧ་ཅང་གསལ་ཞིང་། དེ་ལ་འཁྲུལ་གཞི་རྩ་བ་ནས་མེད་པ་ཞིག་རེད།
    ༢) ཕྲན་གྱིས་རྒྱ་སྟོན་བཙུན་པ་ཡིན་པའི་ཁུངས་འཁྱེར་ཤོག་ཟེར་དོན་ཡང་གནད་དེ་འདྲ་ཞིག་ལ་ཐུག་པ་ཡིན། གལ་ཏེ་ཁྱེད་རང་ལོ་རྒྱུས་དང་སྔ་མོའི་གསུང་རབ་ལ་བལྟ་རྒྱ་ཅུང་ཟད་ཙམ་ཡོད་ན། རྒྱ་སྟོན་བཙུན་པ་ཡིན་མིན་གྱི་ཁུངས་སྟོན་པ་ལ་དཀའ་ངལ་དེ་འདྲ་གང་ཡང་མེད། དེ་བས་ཐུགས་རྗེས་གཟིགས། ང་ཚོ་ཚིག་རེ་རེ་ལ་ལོ་ནས་ལོ་བསྟུད་དེ་ཞིབ་འཇུག་དང་བསམ་གཞིགས་བྱེད་མཁན་ཚོར། ལོག་འགྲེལ་མ་བྱེད་ཅེས་མ་གསུངས་གོང་ལ། རང་ཅག་གི་ལོ་རྒྱུས་དང་ཆོས་འབྱུང་དེ་ཚོར་སྤྱན་རས་ཤིག་གཡོ་བར་མཛོད་ཅེས་སྙིང་ཐག་པ་ནས་ཞུ་འདོད་བྱུང་།
    ༣) “རང་སྲེག་བྱེད་ས་”དང་“ངོ་རྒོལ་བྱ་ཡུལ་”ནི་ངེད་གཉིས་ཀྱིས་ཧ་ཅང་གཟབ་ནན་གྱིས་སོ་སོར་ཕྱེ་ནས་བྲིས་ཡོད་པས། ཁྱེད་ཀྱིས་ཨུ་ཚུགས་བྱས་ནས་གཞན་ཞིག་ཏུ་འཁྲིད་ས་ཡེ་ནས་མེད། ཁྱེད་རང་གིས་བསྐྱར་འདྲེན་བྱས་པའི་ངེད་གཉིས་ཀྱི་རྩོམ་ཚིག་“རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད།”ཅེས་པར་ཅུང་ཞིག་དགོངས་པ་བཞེས་དང་། རང་སྲེག་བྱས་ནས་ངོ་རྒོལ་བྱ་ཡུལ་ཞེས་ཧ་ཅང་གསལ་པོ་མི་འདུག་གམ། ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་ཞེས་པའང་། ཧ་ཅང་གཟབ་ནན་གྱི་ཚིག་ཡིན། དེ་ནི་ཁྲི་སྲོང་ལྡེ་བཙན་མི་གཅིག་ལ་གོ་བ་མ་ཡིན་པར། དེས་རྒྱལ་པོ་བྱས་པའི་རྒྱལ་ཁང་ངམ་དབྱིན་སྐད་དུ་ kingdom ལ་གོ་བ་ཡིན།
    ༤) མདོལ་ཆུང་བསྐོར་དཔོན་གྱིས་ཤེས་པ་རྣལ་དུ་ཕབ་པའི་ངང་རང་སྲེག་གནང་བ་ལས། ཐུགས་ལ་གདོན་ཞུགས་པའི་བཤད་སྒྲོས་ཡེ་ནས་མེད་སྙམ་ཞིང་། དེ་ལ་ཁུངས་དང་རྒྱུ་མཚན་དགོས་ན། ལོ་རྒྱུས་ཀྱི་ཡིག་ཆ་གཞན་དང་གཞན་ཡང་ཡོད་དོ།། ཁྱེད་ལ་གདོན་ཞུགས་པའི་ལོ་རྒྱུས་སམ། རང་སྲེག་མ་གནང་བའི་སྒྲུབ་བྱེད་ཡོད་ན་གཤམ་དུ་བྲིས་ཤིག་དང་། ངེད་གཉིས་ཀྱི་རྩོམ་ཡིག་འདིའི་ཚིག་འབྲུ་གཅིག་ཚུན་ཆད་ལ་འགན་ཁུར་ནས་ལན་བཏབ་ཆོག ཁུངས་བསྐྱལ་ཆོག

    ༥) བརྩེན་མིན་དང་སྟོན་མིན་གྱི་ཐ་སྙད་སྦ་བཞེད་ནང་གསལ་ན། ཡིག་ཆ་དེ་ཁུངས་མེད་ཡིན་པ་དང་། སྔོན་གྱི་མཁས་པས་ཧ་ཤང་གི་འདོད་པ་མ་ཤེས་པར་དགག་སྲིད་ཀྱི་མ་རེད་ཅེས་པ་དེ་ཡང་དོན་ལ་མ་བསམས་པ་ཆེན་པོ་རེད། ཧ་ཤང་དགག་མཁན་ནི་རྒྱ་གར་གྱི་མཁས་པ་ཡིན་ལ། སྦ་བཞེད་འབྲི་མཁན་ནི་བོད་མི་ཞིག་རེད། དེ་གཉིས་གང་ཟག་ཐ་དད་པས། ལོ་རྒྱུས་འབྲི་མཁན་གྱིས་ཧ་ཤང་གི་འདོད་པ་ཤེས་པའང་སྲིད་ལ། མ་ཤེས་པའང་སྲིད་དོ།།
    ༦)རྒྱ་སྟོན་མེ་མགོའི་མིང་ལ་མེ་མགོ་བཏགས་པའི་རྒྱུ་མཚན་གྱིས། མེར་སྲེག་བྱས་ཚུལ་ཞིག་ལོ་རྒྱུས་ཡིག་ཆར་གསལ་མེད་ཅིང་། དེ་ལྟར་མེད་སྟབས། ངེད་གཉིས་ཀྱིས་མིང་དེའི་འབྱུང་གཞིའི་ཐད་ལ་ཁ་ཚོན་གཅོད་ཐབས་བྲལ་བ་གསལ་བཤད་བྱས་ཡོད། ཁྱེད་ཀྱིས་མིང་མེ་མགོ་བཏགས་པའི་ཆ་ནས་རང་སྲེག་ཏུ་ལོག་བཤད་བྱས་ཚུལ་བཤད་འདུག་པས། དེའི་ཁུངས་ཡང་སྟོན་རོགས་གནང་།
    ཁྱེད་ཀྱིས་རྩོམ་ཡིག་འདིར་ཐུགས་སྣང་དང་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ། འདི་ནི་ཕན་ཚུན་བློ་སྐྱེད་ཡོང་བའི་གཞི་རྩ་གལ་ཆེ་ཤོས་དེ་ལགས། གོང་དུ་ཞུས་པ་དེ་ཚོའི་ནང་ཚིག་ངན་ཤོར་བ་བྱུང་ན་དགོངས་སེལ་ཞུ།
    ལོ་རྒྱུས་ལོ་མང་བལྟས་ཏེ་རྩོམ་ཞིག་སྤེལ།།
    ལོ་པཎ་མཁས་པའི་ཞབས་འདེགས་ཡིན་སྙམ་དྲན།།
    ལོ་ཆུང་འགའ་ལ་ཕན་པའི་སྐབས་ཀྱང་སྲིད།།
    ལོ་མང་གསོས་པའི་དྲིན་དེ་གསབ་པའང་སྲིད།།

    ReplyDelete
  22. རེད། ཆུང་ཚེ་རིང་ལགས། ད་གསལ་པོ་ཆགས་ཡོང་གི་འདུག མཐའ་དོན་གཙོ་བོ་ནི་རྒྱ་སྟོན་ཞེས་པ་དེ་ཧ་ཤང་མ་ཧ་ཡ་ན་ཡིན་
    མིན་དང་། རྒྱ་སྟོན་ཞེས་པ་གྲ་བཙུན་ཡིན་མིན། རྒྱལ་ཁང་ཞེས་པ་རྒྱལ་པོའི་ཕོ་བྲངའམ་ཡང་ན་རྒྱལ་ཁམས་(ཁྱོད་ནས་དབྱིན་ཇིའི་ཚིག་kingdom་འདིར་བཀོད་མཛད་པའི་དགོས་པ་ཁྱད་པར་དམིགས་བསལ་ཅན་ཅི་མཆིས་བདག་གིས་མ་ཤེས)སྤྱི་ལ་གོ་མིན་དེ་གསུམ་རེད་འདུག

    ༡ ཁོ་བོའི་་གནད་དོན་བཤད་སའི་གཞི་བཞག་ཡུལ་ནི་ཁྱོད་གཉིས་ནས་དྲངས་པའི་དབྱད་གཞི་དང་དེ་དག་ཀྱི་འགྲེལ་བརྗོད་ལའབའ་ཞིག་ལས་སྦ་བཞེད་ཀྱིས་་གཙོས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་་ལ་དཔྱད་པ་གཏོངརྒྱུ་དེ་་མིན་་ལ་གཏོང་སྤོབས་ཀྱང་ག་ལ་ཡོད།

    ༢ གཟིགས་དང་། ཁྱོད་གཉིས་ཀྱིས"བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མནམ་བ་མིན་ནམ་བྱས་པས་སྟོན་མིན་པ་བྱ་བར་གྲགས་"ཞེས་དྲངས་མི་འདུག་གམ། སྐབས་འདིའི་"བཙན་པོས་རྒྱའི་་སྟོན་པའི་ཆོས་འདི་"་ཞེས་གསུངས་པའི་སྟོན་པ་དེ་ཧ་ཤང་མ་ཧ་ཡ་ན་ལ་མི་གོ་ན་སུ་་ལ་གོ་དགོས་སམ། རྒྱའི་སྟོན་པའི་ཆོས་ཞེས་པ་ནི་རྒྱ་ཧ་ཤང་གི་ཆོས་ཞེས་པ་དང་དོན་གཅིག་མིང་གི་རྣམ་གྲངས་ཏུ་ཟད། དེ་ལ་གསལ་བཤད་ཅིག་གནང་ན་གང་འདྲ་འདུག དེ་ནས་བཀའ་མོལ་ཞུས་ཆོག

    ༣ རྒྱ་སྟོན་དང་ཧ་ཤང་མ་ཧ་ཡ་ན་གཉིས་མི་གཅིག་ཡིན་པ་ནི་ཁྲི་སྲོང་གིས་རྒྱ་སྟོན་ཀྱི་ཆོས་ཞེས་ཧ་ཤང་མ་ཧ་ཡ་ནས་སྤེལ་བའི་ཆོས་ལ་གསུངས་པ་གསལ་པོ་འདུག་པས་ཆོས་གཅིག་ལ་སྟོན་པ་གཉིས་དང་མི་གཅིག་ལ་ཁ་གཉིས་བྱུང་མི་སྲིད་པའི་རིག་པས་དཔྱད་པ་གཏོང་སྐབས་་ཁྱོད་རྣམ་གཉིས་ཀྱིས་དྲངས་པའི་སྦ་བཞེད་ཀྱི་ཐོ་་ཚིག་ལ་དབྱེ་ཞིབ་གནང་སྐབས་ཡིད་ཟབ་གནང་དགོས་འདུག་ཅེས་ཞུས་པ་ཡན་པ་ལས་མཁས་རློམ་དང་དོན་མེད་རྙད་སྤོ་བཡས་པ་གང་ཡང་མ་ཡིན་ནོ།་

    ༤ རྒྱལ་ཁང་ནི་རྒྱལ་ཁམས་(ཁྱོད་ཀྱིས་བེད་སྤྱད་པའི་དབྱིན་ཇིའི་ཐ་སྙད་kingdom་ཞེས་པའི་འགྱུར་)དང་དོན་གཅིག་ཡིན་ཚུལ་གསུངས་ནའང། ་ལར་ཁོ་བོ་ལྟ་བུ་ཁྱོད་ནས་གསུངས་པ་ལྟར་བལྟ་རྒྱ་དང་ཐོས་རྒྱ་རྒྱ་ཁབ་ཕྲ་མོའི་བུ་ག་ཙམ་ཡང་མེད་ནའང་མིང་ཚིག་དེ་གཉིས་ཀྱི་གོ་དོན་གཅིག་པ་མིན་པ་དེ་ནི་ཤེས་ཙམ་ཡོད། དྲན་དབང་ཁྱོད་ནས་ཀྱང་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་གསུངས་པ་ལྟར། རྒྱལ་ཁང་ནི་རྒྱལ་པོའི་ཕོ་བྲང་དང་། རྒྱལ་ཁམས(kingdom)ནི་རྒྱལ་ཁབ་ཀྱི་ཡུལ་ཁམས་ཞེས་པའི་དོན་ཡིན་པ་ཤེས་པར་གྱིས་ཤིག གལ་སྲིད་རྒྱལ་ཁང་་རྒྱལ་ཁམས་་ལ་་ནོར་ནས་བྲིས་ཡོད་ན་ཕྱི་སྐད་ནས་ཁུངས་དཔང་འཚོལ་བ་ལས་ཡིག་ནོར་དུ་སོང་བ་ཁས་བླངས་ན་རང་ཉིད་མཛེས་པའི་རྒྱུ་རུ་མི་འགྱུར་རམ།

    ད་དེ་ག་ཙམ་ཡིན། ཐུགས་བསུན་ཞུས་སོང་།

    ReplyDelete
  23. ཕྲན་རང་ཡིག་སྒྱུར་དང་ཞུ་དག རྩོམ་སྒྲིག་བཅས་ཀྱི་ལས་བྲེལ་ཆེན་པོ་ཞིག་གི་ནང་དུ་ཡོད་རུང་། ཁྱེད་ལ་གུས་ཞབས་མཚོན་བྱེད་དུ་ལན་འདི་འབྲི་གི་ཡོད། ཐོག་མར་ཐུགས་རྗེས་གཟིགས། སྦ་བཞེད་དང་ཆོས་འབྱུང་མཁས་པའི་དགའ་སྟོན། དེབ་ཐེར་སྔོན་མོ། བདུད་འཇོམས་ཆོས་འབྱུང་སོགས་ཆ་ཚང་ཞིག་བཀླགས་ནས་གསུངས་ན་ཡག་པོ་འདུག སྐབས་སུ་བབས་པ་སྦ་བཞེད་ཀློག་ན་འདིར་གཟིགས་ཆོག་ཆོག་འདུག https://sites.google.com/site/tibetological/sba-bzhed (འདི་རོ་མན་ཡིག་གཟུགས་ཡིན་ཞིང་བོད་ཡིག་གི་གཟུགས་སུའང་ཚུར་བསྒྱུར་ཆོག་ཆོག་རེད།) དེ་མིན་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་དགོས་ན། ང་ལ་འབྲེལ་བ་གནང་དང་། ངས་ཕུལ་ཆོག དེང་སྐབས་ང་རྡ་རམ་ས་ལར་བསྡད་བསྡད་པ་ཡིན། ཁྱེད་རང་ལོ་རྒྱུས་ལ་ཐུགས་སྣང་ཅན་ཞིག་ཡིན་བཟོ་འདུག་པས་ཕྱག་རོགས་གང་ཐུབ་ཞུ་འདོད་ཡོད། དེ་ཡན་གཅིག་ཡིན།
    དེ་ནས་ཁྱེད་ཀྱིས་རྩོད་པ་དེ་དོན་ཚན་ཉུང་ཉུང་ཞིག་གི་ནང་དུ་བསྡུས་འདུག འོན་ཀྱང་ཁྱེད་ཀྱིས་རྩོད་པ་བརྒྱབ་པའི་དོན་གནད་དེ་ཙམ་མ་རེད། དོན་ཚན་མང་པོ་རེད། དེ་དག་མདོར་བསྡུས་ན།
    ༡) སྦ་བཞེད་སོགས་ནས་ལུང་དྲངས་པ་དེ་ཚོ་ཁུངས་དག་ཡིན་མིན་དང་། (འདི་ཁུངས་དག་ཡིན་པར་ཁྱེད་ཀྱིས་རྗེས་སུ་ཁས་བླངས་ཟིན།)
    ༢) རྒྱ་སྟོན་གྱི་མིང་ལ་མེ་མགོ་ཟེར་བའི་རྒྱུ་མཚན་ལ་བརྟེན་ནས། རང་སྲེག་བྱས་ཚུལ་ཁུངས་མེད་རྫུན་གཏམ་བཤད་མིན། (ལོ་རྒྱུས་ཡིག་ཆར་དེ་འདྲ་གསལ་མེད་ལ་ཁུངས་མེད་རྫུན་གཏམ་བཤད་པ་ཁྱེད་ཀྱིས་ཁུངས་སྐྱེལ་གནང་ཐུབ་མེད།)
    ༣) རྒྱ་སྟོན་གྱིས་བཙན་པོའི་ཕོ་བྲང་ནང་རང་སྲེག་བྱས་མིན། (ངེད་གཉིས་ཀྱིས་བཙན་པོའི་རྒྱལ་ཁང་ལ་ངོ་རྒོལ་དང་རང་སྲེག་བྱེད་ས་བསམ་ཡས་ཀྱི་ཕྱོགས་ཤིག་ལ་རེད་ཅེས་བཤད་ཡོད། ཁྱེད་ཀྱིས་དེར་ཨུ་ཚུགས་གཞན་ཞིག་རྒྱག་བཞིན་ཡོད། དེའི་སྐོར་འོག་ཏུ་གླེང་བར་བྱ།)
    ༤) རང་སྲེག་དང་ཕོ་མཚན་རྡུང་བ་སོགས་ཆོས་ལུགས་ཀྱི་ཆོ་ག་ཡིན་དང་ངོ་རྒོལ་ཡིན། (ངེད་གཉིས་ཀྱིས་ལོ་རྒྱུས་ཡིག་ཆ་ལུང་དུ་དྲངས་ཏེ་ངོ་རྒོལ་ཡིན་པར་བསྒྲུབས་ཅིང་། ཁྱེད་ཀྱིས་ཆོས་ལུགས་ཀྱི་ཆོ་ག་ཡིན་པར་ཁུངས་སྐྱེལ་གནང་ཐུབ་མེད།)
    ༥) མདོལ་ཆུང་བསྐོར་དཔོན་གྱིས་རང་སྲེག་བྱས་མིན་དང་གྲོངས་མིན། (ངེད་གཉིས་ཀྱིས་མདོལ་ཆུང་བསྐོར་དཔོན་གྱིས་རང་སྲེག་བྱས་པ་ནི་ལོ་རྒྱུས་ཀྱི་ཡིག་ཆ་དྲངས་ནས་ཁུངས་བསྐྱལ་ཅིང་། དགོས་གལ་བྱུང་ན་ཡིག་ཆ་གཞན་ཡང་བསྟན་རྒྱུ་ཡོད། ཁོང་གྲོངས་ཡོད་དང་མེད་ཀྱི་སྐོར་ངེད་གཉིས་ཀྱིས་ཅི་ཡང་བཤད་མེད། ཁྱེད་ཀྱིས་མདོལ་ཆུང་བསྐོར་དཔོན་གྱིས་རང་སྲེག་བྱས་མེད་པའི་དཔང་རྟགས་རྒྱུ་མཚན་བསྟན་མ་ཐུབ་ཅིང་། དེ་བཞིན་མདོལ་ཆུང་བསྐོར་དཔོན་མེར་བསྲེགས་ཏེ་གྲོངས་ཡོད་མེད་སྐོར་ལ་ངེད་གཉིས་ཀྱིས་དཔྱད་གཏམ་བཏང་བའང་ཁུངས་སྐྱེལ་ཡང་བྱེད་ཐུབ་མེད)
    ༦) ངེད་གཉིས་ཀྱིས་ལུང་དུ་དྲངས་པའི་དཔྱད་གཞི་ཁུངས་བཙན་ཡིན་མིན་དང་འགྲེལ་བརྗོད་འགྲིག་གི་ཡོད་མེད། (ངེད་གཉིས་ཀྱིས་དཔྱད་གཞིར་དྲངས་པ་རྣམས་ཁུངས་ལྡན་ཡིན་པ་དང་འགྲེལ་བརྗོད་བྱས་པ་ཁག་གི་རྒྱུ་མཚན་ཡང་གཅིག་དང་གཉིས་ཀྱིས་གསལ་འགྲེལ་བྱས་ཡོད་ལ། ད་དུང་ཡང་ཤད་ཅིག་དང་ཚེག་ཅིག་ཚུན་ཆད་ལ་འགན་འཁྱེར་ནས་འགྲེལ་བརྗོད་བྱེད་བཞིན་ཡོད། ཁྱེད་ཀྱིས་སྐྱོན་འཛུགས་བྱས་པ་གཅིག་ཀྱང་ཁུངས་སྐྱེལ་མ་གནང་བའམ་གནང་མ་ཐུབ་པ་རེད།)
    ༧) ལོ་རྒྱུས་ཀྱི་བྱུང་བ་དང་མི་སྣར་རང་འདོད་ཀྱིས་རྟོགས་བཟོ་བྱས་མིན། (ལོ་རྒྱུས་ཀྱི་བྱུང་བ་དང་མི་སྣར་རྟོགས་བཟོ་བྱས་མེད་པའི་རྒྱུ་མཚན་དཔང་རྟགས་དང་བཅས་ཞུས་དང་ཞུ་བཞིན་ཡོད་ཅིང་། ཁྱེད་ཀྱིས་ངེད་ཟུང་གིས་དེ་ལྟར་རྟོགས་བཟོ་བྱས་པའི་ཁུངས་སྐྱེལ་ཐུབ་མེད)
    ༨) ཧ་ཤང་དང་རྒྱ་སྟོན་མི་གཅིག་ཡིན་མིན། (ངེད་གཉིས་ཀྱིས་ལོ་རྒྱུས་ཡིག་ཆ་གཞིར་བཟུང་ཧ་ཤང་མ་ཧཱ་ཡ་ན་དང་། རང་སྲེག་བྱེད་མཁན་རྒྱ་སྟོན་གཉིས་མི་ཐ་དད་ཡིན་པ་དང་། དེ་གཉིས་བླ་སློབ་ཡིན་པར་བཤད་བཞིན་ཡོད། ཁྱེད་ཀྱིས་དེ་གཉིས་མི་གཅིག་ཡིན་པར་བཤད་བཞིན་པ་རེད། དེའི་སྐོར་གཤམ་དུ་བགྲོ་གླེང་བྱ)
    ༩) རྒྱལ་ཁང་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཕྱོགས་ལ་ནོར་འཆུག་བྱུང་ཡོད་མེད་སྐོར་(འདིའི་སྐོར་ཡང་གཤམ་དུ་གླེང་གི་ཡིན།)སོགས་རེད།

    ReplyDelete
  24. དང་པོ། ཧ་ཤང་མ་ཧཱ་ཡ་ན་དང་། རང་སྲེག་བྱེད་མཁན་རྒྱ་སྟོན་གཉིས་མི་གཅིག་མིན་པ་ནི། སྦ་བཞེད་དང་ཆོས་འབྱུང་མཁས་པའི་དགའ་སྟོན་གཉིས་ཀར་ཧ་ཅང་གསལ་པོ་ཡོད། དེ་ཡང་ལོ་རྒྱུས་ཀྱི་ཡིག་ཆ་དེ་གཉིས་ཀར། ཧ་ཤང་མ་ཧཱ་ཡ་ན་སླེབས་རྗེས། བོད་ཀྱི་ཆོས་བྱེད་མཁན་ཕལ་ཆེ་བས་ཁོ་པའི་རྗེས་སུ་འབྲངས་ཏེ་་སློབ་ཚོགས་ཤིན་ཏུ་རྒྱས་པར་གསུངས་པ་མ་གཏོགས། སྐབས་དེ་དུས་བོད་ནང་རྒྱ་རིགས་ཆོས་པ་ཧ་ཤང་མ་ཧཱ་མ་གཏོགས་གཞན་མེད་པར་གསུངས་མེད། དེ་ནས་ལྟ་བ་མ་མཐུན་པའི་རྙོག་གྲ་དེ་བྱུང་ཞིང་། དེ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས། ཀླུ་སྒྲུབ་སོགས་རྒྱ་གར་མཁས་པའི་བཞེད་རྒྱུན་ལྟ་སྤྱོད་གཉིས་ཚང་དེ་ལེགས་པར་བཀའ་སྩལ་བས། རྒྱའི་ཧ་ཤང་མ་ཧ་ཡ་ནའི་སློབ་མས། ཤ་བཅད་པ་དང་། ཕོ་མཚན་བརྡུང་བ། རྒྱ་སྟོན་མེ་མགོས་རང་སྲེག་བྱས་པ་བཅས་ཀྱི་གནས་ཚུལ་བྱུང་བར་མ་ཟད། ད་དུང་ཀླུ་སྒྲུབ་ཀྱི་བཞེད་རྒྱུན་འཛིན་པའི་སྡེ་རྣམས་གསད་ཀྱི་ཡིན་ཞེས་བཤད་པར་བརྟེན། བཙན་པོས་བཀའ་གནང་སྟེ། འཕགས་ཡུལ་ནས་ཀ་མ་ལ་ཤཱི་ལ་གདན་དྲངས་པ་རེད། གདན་དྲངས་ཏེ་ཆོས་རྩོད་སྐབས། ཧ་ཤང་མ་ཧཱ་ཡ་ནའི་ཕྱོགས་སུ་བཙུན་མོ་སོགས་སློབ་ཚོགས་ཧ་ཅང་མང་བས་གྲལ་རིང་ཞིང་། ཀ་མ་ལ་ཤཱི་ལའི་ཕྱོགས་ལ་མི་ཉུང་ཉུང་ཞིག་ལས་མེད། རྩོད་པ་བྱས་མཐར་ཧ་ཤང་མ་ཧཱ་ཡ་ན་ཕམ་སྟེ། རྒྱ་ཡུལ་དུ་ལོག་པ་རེད། གོང་གསལ་གྱི་བྱུང་བ་འདི་ངས་གོ་བདེར་བྲེལ་སྟབས་སུ་བྲིས་པས་ཚིག་སྐྱོན་ཡོང་སྲིད། དེར་བརྟེན་ཧ་ཤང་མ་ཧཱ་ཡ་ན་དང་། རྒྱ་སྟོན་མེ་མགོ་གཉིས་མི་གཅིག་ཏུ་བརྩི་ཤེས་སྟངས་ཤིག་རྩ་བ་ནས་ཡོད་མ་རེད།

    ཡང་ཁྱེད་ཀྱིས་ཧ་ཤང་མ་ཧ་ཡ་ན་དང་མེ་མགོ་གཉིས་ཀའི་འགོ་ལ་རྒྱ་སྟོན་ཞེས་པ་གསལ་འདུག་པས། དེ་གཉིས་མི་གཅིག་རེད་ཅེས་སྨྲ་བཞིན་འདུག་ཀྱང་། ཧ་ཤང་གི་མིང་གི་འགོ་ལ། རྒྱའི་སྟོན་པ་ཞེས་འབྲེལ་སྒྲ་ཡོད་ཅིང་། གཞན་རང་སྲེག་བྱེད་མཁན་གྱི་རྒྱ་སྟོན་ལ་འབྲེལ་སྒྲ་མེད་པའི་ཁྱད་པར་དང་། དེའི་གནད་འགག་ལའང་ཞིབ་ཏུ་སོམ་དང་གོ་རྒྱུ་ཆེན་པོ་ཡོད། སྔོན་གྱི་ཡིག་ཆར་བལྟ་དུས་གཟབ་གཟབ་བྱེད་སྟངས་ངོ་མ་འདི་འདྲ་རེད། མདོར་ན། ལོ་རྒྱུས་ཀྱི་བྱུང་རིམ་གོང་དུ་གསལ་འགྲེལ་ཞུས་པ་དེ་དང་། མིང་འགོའི་རྒྱའི་སྟོན་པ་དང་རྒྱ་སྟོན་གྱི་ཁྱད་པར་འདི་ཚོར་ཇི་ཙམ་བསམས་ན། དེ་ཙམ་གྱིས་འདི་གཉིས་བླ་སློབ་ཏུ་གྱུར་པའི་གང་ཟག་ཐ་དད་གཉིས་ཡིན་པ་ལས། མི་གཅིག་ཏུ་སྒྲུབ་ཤེས་སྟངས་ཤིག་རྩ་བ་ནས་མེད་དོ།།

    གཉིས་པ། རྒྱལ་ཁང་ཞེས་པ་དེ་རྒྱལ་པོའི་ཕོ་བྲང་ལ་གོ་བའི་སྐབས་ཡོད་པ་བདེན་པ་རེད། དེ་བཞིན་འཇིག་རྟེན་དྲེག་པའི་ལྷ་གནས་ཡུལ་ཏེ་རྒྱལ་ཁང་བཙན་ཁང་ལའང་འཇུག་པའི་སྐབས་ཡོད། འོན་ཀྱང་དེའི་འཇུག་ཡུལ་དེ་ཙམ་དུ་ངེས་པ་མ་ཡིན་པར། དེ་ལས་རྒྱ་ཆེ་བའི་སྲིད་གཞུང་ངམ་དབང་སྒྱུར་མཁན་གྱི་སྒྲིག་འཛུགས། ཡུལ་ཁམས་བཅས་ལའང་གོ་བའི་སྐབས་ཡོད་པ་དཔེར་ན།
    ༡) ས་སྐྱའི་ལམ་འབྲས། པོད་གཉིས་པ། ཤོག་གྲངས་ ༤༤ པར་“མྱུག་རྒྱལ་ཁང་རྒྱལ་པོའི་ཕོ་བྲང་ལ་དཔེ་བླངས་པ་བཞེངས།”ཞེས་གསུངས་པའི་རྒྱལ་ཁང་དང་ཕོ་བྲང་ལ་གོ་བ་ཐ་དད་དུ་ཡོད་པ་དང་གཅིག
    ༢) བོད་ཀྱི་ལོ་རྒྱུས་གཞོན་ནུ་དགའ་བའི་གཏམ་ཕྲེང་གི་པོད་དང་པོ། ཤོག་ངོས་ ༥༡༩ “གོར་ཁ་རྒྱལ་ཁང་གསར་བའི་སྐབས་དཔར་འགྲེམ་བྱས་པའི་གོར་ཊམ་འདི་དག་དངུལ་རྐྱང་ལྷད་མེད་ལྟ་བུ་ཡིན་རུང་།”ཞེས་གསལ་བའི་“རྒྱལ་ཁང་་གསར་བ་”འདི་“ཕོ་བྲང་གསར་པར”འགྲེལ་ཐབས་མེད་པ་་དང་གཉིས།
    ༣) ཕྱི་ལོ་ ༡༨༥༦ ལོར་བོད་རྒྱལ་ཁབ་དང་བལ་ཡུལ་རྒྱལ་ཁབ་དབར་བཞག་པའི་ཆིངས་ཡིག་ཏུ། “ཤྲི་གོར་ཥ་རྒྱལ་ཁང་དང་། ཤྲི་བོད་རྒྱལ་ཁང་”ཞེས་སོགས་ཆིངས་ཡིག་དེའི་་ཐོག་མཐའ་ཀུན་ཏུ་“རྒྱལ་ཁང་”ཞེས་པ་མང་ཙམ་གསལ་བ་འདི་ཚོ་རྒྱལ་ལྡན་རྒྱལ་ཁབ་བམ་དེའི་སྲིད་གཞུང་རང་ལ་གོ་བ་དང་གསུམ་བཅས་འདི་དག་་བོད་ཡིག་མ་ཡིན་པའི་ཡིག་རིགས་གཞན་ནང་འབྲི་སྐབས་ཐ་སྙད་ག་རེ་་སྤྱད་ཡོད་མེད་ལ་ཞིབ་གཟིགས་མཛད་ན། ཚིག་མཛོད་ཙམ་ལ་བརྟེན་ནས་“རྒྱལ་ཁང་”གི་གོ་དོན་ཁོང་དུ་ཆུད་ཐུབ་དཀའ་བ་གཟིགས་ཐུབ།

    ད་དུས་ཚོད་མང་པོ་ཞིག་ཟད་སོང་། ངས་ཁྱེད་ཉིད་སུ་ཡིན་པ་མ་ཤེས་ཀྱང་། བོད་མི་གཅིག་གི་དོགས་པ་སེལ་ཐུབ་རུང་དགེ་བ་ཡོད་པ་ཞིག་རེད་སྙམ་ནས་ངལ་བར་མ་འཛེམས་པར་འགན་ཁུར་ཏེ་ལན་ཕུལ་བ་ཡིན། སྐུ་ཉིད་ཀྱིས་ཀྱང་། ཁུངས་བསྐྱལ་རྒྱུ་ཡོད་ན་དཔང་རྟགས་རྒྱུ་མཚན་གྱི་ལམ་ནས་ཁུངས་སྐྱེལ་དང་། ཁུངས་བསྐྱལ་རྒྱུ་མེད་ན་མེད་ཅེས་དང་། དེ་བཞིན་དོན་དེ་དང་དེ་ལ་གོ་བ་དང་བློ་སྐྱེད་འདྲ་བྱུང་ན། དེ་ལྟར་བྱུང་ཞེས་ཚོགས་ཀྱིས་དབུས་སུ་ཁས་བླངས་ན། ངའི་དྲྭ་དེབ་འདིར་བལྟ་མཁན་ཅུང་ཟད་ཡོད་པ་ཚོར་ཡང་གོ་རྟོགས་དང་མིག་དཔེ་ཡོང་བའི་ཁྱད་པར་འདུག

    ཕྱི་ནང་བྱ་བ་མང་པོའི་བར་གསེང་ནས།།
    མ་འདྲིས་གྲོགས་ལ་གསལ་བཤད་ཚིག་འགའ་བྲིས།།
    ༸རྒྱལ་མཆོག་མཚན་དཔེ་བཞད་པའི་དུས་ཆེན་འདིར།།
    དོན་གཉེར་ཅན་ལ་དོན་དུ་གྱུར་པར་ཤོག །

    ཆུང་ཚེ་ཆུང་ནས་སྐྱིད་སྡུག་མང་མྱངས་པས།།
    མཁས་སྙན་འདྲ་ཆགས་ཟེར་བ་ཅང་མི་ཤེས།།
    རང་གི་བསམ་ཚུལ་ཐད་ཀར་ཞུས་པ་འདིས།།
    ཐུགས་ལ་ཕོག་ན་དགོངས་སེལ་ཁ་བཏགས་ཡོད།།

    ཐུགས་རྗེ་ཆེ།

    ReplyDelete
  25. ད་མང་པོ་ཞུ་ཡི་མིན། མདོར་ན་ཁྱོད་ནས་ངའི་དྲི་བར་ལན་མེད་པར་མུ་མཐུད་ནས་གནའ་མིའི་གཏམ་ལ་ཟློས་སྐྱོར་རང་གནང་གི་འདུག་ ལོ་རྒྱུས་ཡིག་ཆ་དེ་རིགས་ང་ལའང་ཡོད། ཐིགས་རྗེ་ཆེ།

    ༡ ་ལོ་རྒྱུས་ཞིབ་འཇུག་ཟེར་ན་ངེས་པར་དུ་མཁས་པས་བཤད་ན་ཅི་ཡང་བདེན་ཞེས་ཟེར་ནས་ཡམ་རྒྱུག་བྱེད་པ་་ཁོ་ན་མ་་ཡིན་པར་འགྲེལ་ཚུལ་སྣ་ཚོགས་ཡོང་ཆོག ལྷག་པར་དུ་ལྷ་མི་འདྲེས་ནས་སུ་ཡིན་ངོ་མི་ཤེས་པ་དང། ལྷ་སྒྲུང་ཡིན་ནམ་ལོ་རྒྱུས་ཡིན་གསལ་ཁ་མི་དོད་པ། དུས་འཁྲུག་མི་འཁྲུག་ནས་མགོ་རྙོག་པ་། མིང་ཚིག་ལ་དོན་དང་མི་མཐུན་པར་འགྲེལ་བ། ཕྱི་ནང་གི་ལོ་རྒྱུས་མི་སྣའི་མིང་དངདེ་དག་གི་འབྲི་ཚུལ་མི་འདྲ་བ། དེ་བཞིན་ཡི་གེའི་དག་ཆ་ལ་་སོགས་པ་ནོར་ནས་དེ་དག་ངན་པ་རྒྱུན་བྱམས་སུ་སོང་བའི་ལྟ་བུའི་ལྷད་སྐྱོན་ཤོར་བའི་བོད་ཀྱི་་ལོ་རྒྱུས་ལྟ་བུ་ཆ་བཞག་ན་་དེ་བས་དཔྱད་བསྡུར་ཡག་པོ་ཞིག་་བྱེད་དགོས་པ་མ་ཡིན་ནམ།

    ༢ ཁྱོད་ནས་སྔར་ལྟར་ལོ་རྒྱས་ཡིག་ཆའི་བར་སེང་ནས་དཔྱད་གཞི་དྲངས་རྐྱང་གནང་བ་ལས་དེ་དག་ལ་སྔར་གྱི་ཚུལ་ལྟར་དཔྱད་པ་པ་མ་བཏང་བས་དེའི་གོ་དོན་་ཡག་པོ་མ་ལོན་་པར་་འགྲེལ་བརྗོད་བྱས་འདུག དཔེར་ན། ཁྱོད་ནས་“མྱུག་རྒྱལ་ཁང་རྒྱལ་པོའི་ཕོ་བྲང་ལ་དཔེ་བླངས་པ་བཞེངས།ཞེས་གསུངས་པའི་རྒྱལ་ཁང་དང་ཕོ་བྲང་ལ་གོ་བ་ཐ་དད་དུ་ཡོད་པ་དང་གཅིག"ཅེས་གསུངས་འདུག་ནའང། དེས་རྒྱལ་ཁང་དང་ཕོ་བྲང་གཉིས་ཐ་དད་ཡིན་པ་སྟོན་་ཐུབ་ལ་ལྟ་ཞོག། ་"མྱུག་རྒྱལ་ཁང་རྒྱལ་པོའི་ཕོ་བྲང་ལ་དཔེ་བླངས་པ་བཞེངས་"་ཞེས་པའི་དོན་ནི་མྱུག་རྒྱལ་པོའི་བཞུགས་ས་དེ་ཡང་རྒྱལ་པོའི་ཕོ་བྲང་ལ་དཔེ་་བླངས་ནས་བཞེངས་ཞེས་དེ་གཉིས་འདྲ་བའི་ཆ་ནས་གསུངས་པ་ལས་ཁྱོད་ཀྱི་གོ་བ་ལེན་སྟངས་ལྟར་མ་ཡིན་ནོ། དེ་རྡོ་ཡར་བཀྱག་ནས་རང་གི་རྐང་པར་བརྒྱབ་པ་འདྲ་པོ་མི་འདུག་གམ

    ༢ ཁྱོད་ནས་“གོར་ཁ་རྒྱལ་ཁང་གསར་བའི་སྐབས་དཔར་འགྲེམ་བྱས་པའི་གོར་ཊམ་འདི་དག་དངུལ་རྐྱང་ལྷད་མེད་ལྟ་བུ་ཡིན་རུང་།”ཞེས་གསལ་བའི་“རྒྱལ་ཁང་་གསར་བ་”འདི་“ཕོ་བྲང་གསར་པར”འགྲེལ་ཐབས་མེད་" ཅེས་གསུངས་འདུག ད་འོ་ན་དེ་གང་དུ་འགྲེལ་དགོས་སམ ཁྱོད་ཀྱི་གཏན་ཙིགས་ལྟར་ན་་རྒྱལ་ཁབ་བམ་རྒྱལ་ཀམས་གསར་(new kingdon)པ་ཡིན་སྲིད་པ་རེད།

    ༣ ཁྱོད་ནས་“ཤྲི་གོར་ཥ་རྒྱལ་ཁང་དང་། ཤྲི་བོད་རྒྱལ་ཁང་”ཞེས་སོགས་ཆིངས་ཡིག་དེའི་་ཐོག་མཐའ་ཀུན་ཏུ་“རྒྱལ་ཁང་”ཞེས་པ་མང་ཙམ་གསལ་བ་འདི་ཚོ་རྒྱལ་ལྡན་རྒྱལ་ཁབ་བམ་དེའི་སྲིད་གཞུང་རང་ལ་གོ་བ་དང་གསུམ་བཅས་འདི་དག་་བོད་ཡིག་མ་ཡིན་པའི་ཡིག་རིགས་གཞན་ནང་འབྲི་སྐབས་ཐ་སྙད་ག་རེ་་སྤྱད་ཡོད་མེད་ལ་ཞིབ་གཟིགས་མཛད་ན"།་ཞེས་གསུངས་འདུག་ཀྱང་། ་སྐབས་འདིའི་རྒྱལ་ཁང་ཞེས་པའི་དོན་ནི་རྒྱལ་ལྡན་རྒྱལ་ཁབ་ཙམ་མ་ཡིན་པར་རྒྱལ་ཁང་ནས་རྒྱལ་ཁབ་སྤྱི་ལ་་དབང་བསྒྱུར་བྱ་བའི་དབང་ཆ་ཆ་ཚང་ཡོད་པའི་ཆ་ནས་་རྒྱལ་ཁང་ཞེས་པའི་ཚིག་དེ་་སྲིད་གཞུང་དང་་དོན་གཅིག་མིང་གི་རྣམ་གྲངས་་ཐོག་ནས་བེད་སྤྱོད་བྱས་པ་ཞིག་ཡིན་པ་ལས་དེ་རྒྱལ་ཁམས་དང་རྒྱལ་ཁབ་ལྟ་བུར་གོ་ན་སྐབས་དོན་དང་མི་འཚམས་ལ། སྐབས་དེར་དབྱིན་ཇེའི་ཐ་སྙད་government ཞེས་པ་དེ་བོད་སྐད་དུ་རྒྱལ་ཁང་དུ་བསྒྱུར་བ་མིན་ནམ་སྙམ་་པ་ལས་ཁ་ཚོན་ནི་གཅོད་ཐབས་བྲལ།

    ༤ མདོ་དོན་གོང་ནས་གོང་དུ་ཞུས་པ་ལྟར་ལོ་རྒྱུས་དཔྱད་གཞིའི་ཡིག་ཆར་དོགས་སློང་དང། བསུན་བྱིན། དབྱེ་ཞིབ ལྷག་དོན་དུ་དེ་དག་ལ་གོ་དོན་གསལ་པོ་ལོན་རྗེས་གཞི་ནས་བེད་སྤྱོད་དང་འགྲེལ་བརྗོད་མཛད་ཐུབ་ན་དེ་དག་མཁས་པའི་རྒྱན་དུ་འགྱུར་ངེས་ལ། ་ཁྱོད་ནས་་བདག་སོགས་གཞོན་སྐྱེས་རྣམས་ལ་ཡར་བལྟ་བྱེད་ཤོག་ཅེས་གསུངས་པའི་ཐུགསདགོངས་པ་ཡང་གྲུབ་ཐུབ་པ་བཅས་་དགེའོ།།

    ReplyDelete
  26. ཆུང་ཚེ་རིང་ལགས། ཐུགས་རྗེ་ཆེ། གནད་དོན་རེ་རེ་བཞིན་ལ་ཁུངས་ལུང་དང་རྒྱུ་མཚན་དཔང་དུ་བཞག་སྟེ། ལན་གནད་ལ་འཁེལ་བ་གནང་བ་དེས། དངོས་གནས་དོགས་པ་ཚང་མ་སངས་སོང་། ཁྱེད་གཉིས་ཀྱི་བགྲོ་གླེང་ཆ་ཚང་ཀློག་པ་མ་ཟད། སྦ་བཞེད་ཀྱང་ཤེས་རིག་དཔར་ཁང་གི་པར་མ་དེ་ཐོབ་པས། ཆ་ཚང་བཀླགས་པ་ཡིན། དེར་བརྟེན་སློབ་སྦྱོང་ཡག་པོ་བྱུང་། ལེགས་བཤད་དུ། རྔ་ལ་དབྱུ་གུས་མ་བསྣུན་བར། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཟེར་བ་ལྟར། ཆུང་ཚེ་རིང་ལགས་ལ་རྩོད་པ་གནང་མཁན་ལའང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཡིན་ནའང་ཆུང་ཚེ་རིང་ལགས་ཀྱིས་བཀོད་པའི་རྒྱུ་མཚན་རྣམ་དག་དེ་ཚོ་ཁས་བླངས་ན་ཡག་པོ་འདུག

    ReplyDelete
  27. མེ་སྟོན་བརྩེ་ལྷས། གོང་དུ། (སྐབས་འདིའི་རྒྱལ་ཁང་ཞེས་པའི་དོན་ནི་རྒྱལ་ལྡན་རྒྱལ་ཁབ་ཙམ་མ་ཡིན་པར་རྒྱལ་ཁང་ནས་རྒྱལ་ཁབ་སྤྱི་ལ་་དབང་བསྒྱུར་བྱ་བའི་དབང་ཆ་ཆ་ཚང་ཡོད་པའི་ཆ་ནས་་རྒྱལ་ཁང་ཞེས་པའི་ཚིག་དེ་་སྲིད་གཞུང་དང་་དོན་གཅིག་མིང་གི་རྣམ་གྲངས་་ཐོག་ནས་བེད་སྤྱོད་བྱས་པ་ཞིག་ཡིན་)ཞེས་བཤད་པ་དེ་ནི། ཏག་ཏག་རྒྱལ་ཁང་དང་kingdom དོན་དག་གཅིག་པ་རེད་བཤད་པ་ལྟ་བུ་ཆགས་འདུག ང་རང་བལ་ཡུལ་ལ་ཡོད་པའི་ཆ་ནས། བལ་བོད་ལོ་རྒྱུས་ལ་དོ་སྣང་ཡོད། བལ་བོད་ཀྱི་ཆིངས་ཡིག་འདི་འཇོག་དུས། དབྱིན་ཇིའི་ཤུགས་རྐྱེན་ཡོད་མ་རེད།

    ReplyDelete
  28. ལགས་སོ།། ད་ངས་གང་ཡང་ཞུ་ཡི་མིན། རྗེས་སུ་ཡང་བསྐྱར་ཕེབས་ནས་དགོངས་ཚུལ་གསུངས་རོགས། ངས་བཤད་སྟངས་ནོར་ན་དགོངས་སེལ་ཡོད། དེ་ཙམ་ཡིན།

    ReplyDelete
  29. བློ་བཟང་བསྟན་འཛིན་ལགས་ཕེབས་ཏེ་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ཁྱེད་རང་སྙན་ངག་ལེགས་པས། ངའི་སྙན་ངག་དེ་ཚོར་དགྱེས་གཟིགས་གནང་རོགས། དགོངས་འཆར་གནང་རོགས།

    ReplyDelete
  30. ད་ཆུང་ཚེ་རིང་ལགས་ནས་དཔུང་རོགས་ལ་སྐྱོ་རིལ་བལ་པོ་འཁྲིད་ནས་ཕེབས་འདུག་ནའང། རྒྱབ་ལོགས་ལ་རྒྱ་མི་ཡང་མེད་དྲོ་བསམ་གྱི་འདུག་པས་ད་གནས་སྐབས་གཡོལ་ཙམ་བྱས་ན་དགའ་ས་རེད། ཨ་ཙེ། སྐུ་རྩེད་ཞུས་པ་ཡིན། ལྷན་རྒྱས་རང་དབང་གི་བདག་ཉིད་ཅན་སྙན་དངགས་ལ་སྤྲོ་པོ་གནང་ནས་བཞུགས་རོགས། རྗེས་སུ་མཇལ་ཡོང།།་

    ReplyDelete
  31. ཆུང་ཚེ་རིང་ལགས། གོང་དུ་རང་མིང་སྦས་པའི་མི་དེའི་ཀླན་ཀའི་དོན་རེ་རེ་བཞིན་ལ། ལུང་རིགས་ཁུངས་བཙན་གྱི་ལམ་ནས་ལན་གནད་དུ་སྨིན་པ་བཏབ་སྟེ། ཁ་ལ་རྒྱ་བཏབ་པར་ཐུགས་རྗེ་ཆེ། མི་ངན་འདི་རིགས་ཀྱི་ཁ་ནས་གཏམ་ཆེན་པོ་སྨྲ་ཡང་། རེ་རེ་བཞིན་ལ་བརྩད་ཅིང་དྲིས་ན་ཁུངས་འཁྱོལ་བ་ཅི་ཡང་སྨྲ་རུ་མེད་པ་འདི་གཤིས་སུ་གྲུབ་པ་རེད། རྒྱུ་མཚན་ནི་འདི་ཚོས། གཏམ་རྫིག་པོ་སྨྲ་བ་ལས་དོན་དམ་གྱི་ཞིབ་འཇུག་དང་རྟོག་དཔྱོད་ཅི་ཡང་མི་བྱེད་པས་སོ།།
    དེ་བས་ཀྱང་སྐྱུག་བྲོ་ཞིང་མཆིལ་མ་འཕེན་དགོས་པའི་གནས་ཤིག་ནི། མི་འདི་ཚོས་རང་མགོ་རྨོངས་པའི་རྨོངས་གཏམ་དེ་ཚོ། གྱ་ཚོམ་དུ་བཀྲམས་བཞིན་མཆིས་པ་དཔེར་ན། བོད་ནང་གི་རང་གྲོལ་སྨྱུག་གསར་དྲ་བས། ཉེན་ཁར་མ་འཛེམས་པར་རྣམ་པ་གཉིས་ཀྱི་རྩོམ་ཡིག་དེ་དྲ་ལམ་དུ་བཀོད་མ་ཐག རྨོངས་རྒན་མིང་མི་གསལ་བ་འདིས། གོང་གསལ་རྨོངས་གཏམ་དོན་ཚན་ ༧ དེ་བཀོད་པ་ལྟ་བུ་ཡིན་ལ། འདིས་དྲྭ་ལམ་གཞན་དུའང་རྨོངས་གཏམ་སྤེལ་ཡོད་ངེས་པར་གཞིགས་ན། ཁྱེད་དང་ཁྱེད་ཀྱི་བྱ་བར་མིག་ཚ་ཞིང་སྡང་སེམས་འཆང་བ་ཞིག་དང་། མི་འདིའི་རིགས་ནི། ཁ་ནས་ཆོས་དང་བཟང་སྤྱོད་འདོན་ཡང་། དོན་དུ་བཟང་སྤྱོད་དང་ཉམས་ལེན་མེད་ཅིང་། ཕྱི་ནང་དང་དགྲ་གཉེན་མི་ཤེས་པའི་རིགས་ཡིན་པས། འདི་དང་འདིའི་རིགས་ལ། བསྟུན་མཁས་དང་སྨྲ་མཁས་ཅི་ཡང་མེད་པར་ལུང་རིགས་ཀྱི་ཐོགས་མདའ་རྣོན་པོས་བརྣུན་རྐྱང་མཛད་ན་ལེགས་སོ།། ཞེས་དགོངས་ལམ་པ་ངག་བློས་ཕུལ།།

    ReplyDelete
  32. ད་ངས་ག་རེ་བཤད་དགོས་མིན་ཤེས་མ་སོང་། སོ་སོའི་བསམ་ཚུལ་གསུམ་ཞུ་བར་བྱ།
    ༡)ངས་གང་བྲིས་པ་དེ་ཚོ། དུས་ཚོད་འཁྱོལ་ཆེད་ཙམ་དང་། སྣང་བ་སྐྱིད་སྐྱིད་ལྟ་བུ་གང་ཡང་མིན། འདི་དག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རིག་གཞུང་དང་ལོ་རྒྱུས། རྩོམ་རིག་སོགས་ལ་ཞབས་འདེགས་ཕྲན་བུ་ཞིག་ཐུབ་ན་སྙམ་པ་ཙམ་ཞིག་ཡིན།
    ༢) ངས་བྲིས་པ་དེ་ཚོར་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་པ་རེད། བསམ་ཚུལ་མི་འདྲ་བ་ཡོད་ཆོག་པ་རེད། རྒྱུ་མཚན་དཔང་དུ་བཞག་སྟེ་བགྲོ་གླེང་གནང་མཁན་བྱུང་ན། དགའ་བསུ་ཡོད། རྒྱུ་མཚན་མེད་པའི་འཆལ་གཏམ་བཀྲམས་པ་དང་སྙོན་འཛུགས་བྱས་ན་ང་མི་ཉམས་ཆུང་ཞིག་གིས་ཁ་གཏད་གཅོག་རྩིས་མེད་ལ། ཁ་གཏད་གཅོག་པའི་ནུས་པ་དང་དུས་ཚོད་ཀྱང་མེད། དེ་དག་གིས་ཅི་འདོད་གང་འདོད་གནང་རོགས།
    ༣) མི་སུ་འདྲ་ཞིག་ཡིན་རུང་། རང་གི་སྐད་ཆ་དང་བྱ་སྤྱོད་ལ་འགན་འཁྱེར་དགོས་པ་དེ་གལ་ཆེན་པོ་རེད། ངས་རང་གི་སྐད་ཆར་འགན་ཁུར་བཞིན་ཡོད་ལ། གཞན་གྱིས་ཀྱང་དེ་ལྟར་འཁུར་བའི་རེ་བ་ཡོད། ཐུགས་རྗེ་ཆེ།

    ReplyDelete
  33. སླར་ཡང་སྐུ་ཞབས་མཁས་དབང་ཆུང་ཚེ་རིང་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཕྲན་ནས་ནམ་ཡང་ཁྱེད་རང་མཁས་དབང་དུ་བརྩི་ཡི་ཡོད་ལ་དེ་ལ་ངའི་ངོས་ནས་ནམ་ཡང་བསུབ་ཐབས་མེད་པའི་སྙིང་ཁའི་རི་མོ་ལྟ་བུ་ཤིག་ཏུ་གནས། ང་ལྟ་བུའི་ཤེས་ཡོན་གྱི་ཆུ་ཚད་ལ་བལྟས་ན་ཁྱེད་རང་ནི་མཁས་དབང་ལོས་ཡིན་འདུག བར་དུ་ཁྱེད་རང་དང་མེ་སྟོན་བརྩེ་ལྷ་རྣམ་གཉིས་ཀྱི་རྩོད་པ་དེར་བལྟས་ནས་ཐུགས་བསུན་ཞུས་མེད། གང་ཡིན་ཞེ་ན་ཁྱེད་རྣམ་གཉིས་ཀྱི་རྩོད་པའི་མདའ་མོ་དེ་ངའི་སྙིང་ཁར་ཟུག་ནས་ང་ཏོག་ཙམ་རིང་ལངས་རྒྱུ་མེད་པ་ལྟ་བུ་ཆགས་འདུག ཁྱེད་རྣམ་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་བརྡར་ཤ་བཅོད་སྟངས་ལ་ཕྲན་ཧང་སང་སོང་། ཆུང་ཚེ་རིང་ལགས་ནས་ལན་འདེབས་གནང་ཐེངས་རེར་མེ་སྟོན་བརྩེ་ལྷ་ཁ་ཡང་གྲགས་རྒྱུ་མེད་པ་ལྟ་བུ་འགྱུར་བར་དེ་བས་ཧང་སང་བར་འགྱུར། ད་ཕལ་ཆེར་མེ་སྟོན་བརྩེ་ལྷས་ལན་རྒྱབ་རྒྱུར་ཡིད་ཐང་ཆད་པ་ལྟ་བུ་བྱུང་ཡོད་པ་འདྲ། ངས་གོ་སྐབས་འདི་དང་བསྟུན་ནས་སླར་ཡང་ཁྱེད་རང་ལ་ཐུགས་བསུན་ཅུང་ཙམ་ཞུ་ན་བསམ། གོང་གི་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཁྱེད་ནས་ཕྲན་གྱི་དྲི་བ་འགའ་ལ་ལན་འདེབས་གནང་ནས་ཕྲན་གྱི་བློ་ཁ་ཕྱེ་བ་དང་སློབ་དགེ་ཡང་གང་མིན་ཚད་རག་བྱུང་། ཁྱེད་ལ་བཀའ་དྲིན་ཆེ་ཞུ་གི་ཡིན། གོང་དུ་ཁྱེད་ཀྱི་གསུངས་པ་བཞིན་ཁྱེད་ལ་ལས་བྲེལ་ཆེ་བ་དང་བསྒྱུར་རྩོམ་སོགས་གནང་དགོས་པའི་ཐོག་ཕྲན་འདྲ་བའི་དུས་ཚོད་མ་འཁྱོལ་བའི་མི་རྣམས་ལ་ཁྱེད་ཀྱི་རིན་ཐང་བྲལ་བའི་དུས་ཚོད་གནང་པར་སླར་ཡང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། སྤྱིར་བཏང་ཕྲན་ནི་རྩོམ་ཡིག་རིགས་ལ་བལྟ་རྒྱུ་དང་རྩོམ་པ་པོ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་རངས་ཞུ་བཞིན་ཡོད། ཕྲན་ཡང་རྩོམ་པ་པོ་བྱེད་འདོད་ནའང་རྩོམ་གྱི་རྨང་གཞི་ཙམ་ཡང་མེད་པས་བླུན་པོ་གཏི་ཐུག་ཅན་དུ་འགྱུར་བར་གོར་མ་ཆག གོང་གི་གནས་ཚུལ་རྣམས་ཕྲན་གྱི་བསམ་ཚུལ་ཕྲན་བུ་ཞུས་པ་ཙམ་ཡིན། ཕྲན་ནས་དྲི་བ་ཅུང་ཙམ་ཞིག་ཞུས་ན་བསམ། ཉེ་འཆར་ཧོང་ཀོང་དུ་རྒྱ་ནག་སྲིད་འཛིན་ཧུ་ཅིན་ཐའོ་སླེབས་སྐབས་མི་མང་རྣམས་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་པ་དང་། ཟླ་འདིའི་ཚེས་ ༡ ཉིན་སླར་ཡང་ཟི་ཁྲོན་དུ་ངོ་རྒོལ་སྐད་འབོད་བྱེད་པ་གཉིས་ལ་བལྟས་ན་བཟང་ཕྱོགས་ཀྱི་རྣམ་པ་ཞིག་མཐོང་བྱུང་བས་ཁྱེད་ལ་འདིའི་ཐད་བསམ་ཚུལ་གང་འདྲ་བྱུང་ཡོད་ན། དེ་སྔ་གསར་བརྗེའི་ལས་འགུལ་སྐབས་བོད་ལས་ལྷག་པ་རྒྱ་ནག་ནང་ལོགས་ལ་ཡང་གཏོར་སྐྱོན་ཚབས་ཆེ་ཕྱིན་པ་དང་། མི་མང་ལ་ཡང་མནར་གཅོད་ཚད་མེད་ཐེབས་ཡོད་སྐད་འདུག དེར་བརྟེན་ད་དུང་རྒྱ་ནག་མི་མང་རྣམས་ལ་འཁོན་འཛིན་མུ་འཐུད་ཡོད་པའི་ཕྲན་ལ་ཚོར་སྣང་བྱུང་། ཁྱེད་ཀྱི་བྱས་ན་ང་ཚོའི་མི་ཐོག་འདིར་བོད་ལ་ལོག་ཐུབ་རྒྱུའི་རེ་བ་ཡོད་དམ། གལ་ཏེ་བོད་ལ་རང་སྐྱོང་ཚད་ལྡན་ཞིག་བྱུང་ན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་དེ་མ་ཉིད་དུ་བོད་ལ་ལོག་རྒྱུའི་འདུན་པ་སླེབས་ཡོང་ངམ། ངའི་གོ་ཐོས་ལ་རྒྱ་གར་དུ་འཚར་ལོངས་བྱུང་བའི་བོད་ཕྲུག་འགའ་ཞིག་བོད་ལ་རང་དབང་བྱུང་ན་ཡང་བོད་ལ་ལོག་ཐུབ་ས་མ་རེད་ཟེར་མཁན་ཡང་ཡོད་བཟོ་འདུག དེ་ཚོར་བལྟས་ན་དངོས་གནས་དཀའ་ངལ་འཕར་མ་ཞིག་རེད་ཨང་། ད་ངས་ཆོ་མེད་པའི་སྐད་ཆ་ཀྱང་ཀྱང་བཤད་ནས་ཁྱེད་ཀྱི་རིན་ཐང་བྲལ་བའི་དུས་ཚོད་འཕྲོ་ལག་གཏོང་ངེས། དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།

    ལྷོ་ཕྱོགས་ཀྱི་སྤྲང་འཁྱམས་པ། ༼རྡོ་རྗེ་ཕ་ལམ།༽

    ReplyDelete
  34. རྡོ་རྗེ་ཕ་ལམ་ལགས། ཐུགས་རྗེ་ཆེ།
    ༡) མཁས་དབང་ཟེར་བའི་ཚིག་དེ་རྩ་བ་ཆེན་པོ་རེད། མཁས་པ་ཙམ་དུ་མ་ཟད། མཁས་པའི་ནང་གི་དབང་པོ་རེད་ཟེར་གྱི་ཡོད་ཟེར། དེར་བརྟེན་ཚིག་དེ། ང་ལྟ་བུར་བེད་སྤྱོད་མ་བཏང་ན་ཡག་པོ་འདུག
    ༢) སྐུ་ཉིད་ཀྱིས་ཕྲན་ལ་རེ་བ་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། རྩོམ་པ་པོ་ཟེར་བ་དེ། དོན་དག་མགོ་ཚོས། ཡག་ཉེས་དང་སྙན་ལོད་ཤེས་ཚར་བའི་རྗེས་ལ། གཙོ་བོ་སོ་སོས་དཀའ་ལས་བརྒྱབ་ནས་འབྲི་མ་འབྲི་ལ་ཐུག་ཡོད། ཁྱེད་རང་གིས་བོད་ཡིག་དག་ཐོན་ཅིང་། རང་གི་བསམ་ཚུལ་གསལ་པོར་བརྗོད་ཐུབ་ཀྱི་འདུག་པས། ད་མུ་མཐུད་དེ་ཨུ་ཚུགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད།
    ༣) ཧོང་ཀོང་གི་རྣམ་འགྱུར་དེ་དང་། སི་ཁྲོན་གྱི་ཟིང་ཆ་དེ་གཉིས་ཀར་ངས་རེ་བ་ཆེན་པོ་བྱེད་ཀྱི་མེད། རྒྱ་ནག་དམར་གཞུང་གིས་རྒྱ་ནག་མི་དམངས་ལ་དཀའ་ངལ་བཟོས་པ་ཉུང་ཉུང་མ་རེད་ལ། རྒྱ་ནག་མི་དམངས་ལ་སྤོབས་པ་སྤྲད་པའང་ཆུང་ཆུང་མ་རེད། རྒྱ་མི་ཚོས་སོག་པོ་དང་མན་ཇུ། དབྱིན་ཇི། ཉི་ཧོང་སོགས་ཀྱི་བཙན་གནོན་དང་དབང་སྒྱུར་འོག་ལ་ལོ་བརྒྱ་ཕྲག་མང་པོ་དཀའ་ངལ་མྱངས་པ་རེད། སྔོན་མ་ཁྱི་དང་རྒྱ་མི་ཡོང་མི་ཆོག་ཅེས་མཐོང་ཆུང་བྱེད་སའི་རྒྱ་མི་དེ། ད་ལྟའི་རྒྱ་ནག་དམར་གཞུང་གིས་ཡར་བཀྱག་པ་རེད། སྟོབས་ཆེན་རྒྱལ་ཁབ་གཞན་མང་པོར་ཡང་འགྲན་ཡ་བྱེད་བཞིན་ཡོད། དེ་བཞིན་རྒྱ་ནག་ནང་དཀའ་ངལ་ཡོད་ཀྱང་། མི་མང་པོ་ལྟོགས་ཤི་ཐེབས་འགྲོ་བའི་དཀའ་ངལ་མེད་པར། མང་པོ་ཞིག་ཕྱུག་པོ་ཆགས་བཞིན་ཡོད། དེར་བརྟེན་རྒྱ་ནག་དམར་གཞུང་ལ་མ་དགའ་ཡང་། དེ་མགོ་རྟིང་སློག་འདོད་བྱེད་མཁན་མང་པོ་མ་རེད། ཡིན་ནའང་། ང་ཚོས་སོ་སོའི་རྐང་པའི་སྒང་ལ་མུ་མཐུད་དེ་ལངས་ཏེ་འཐབ་རྩོད་བྱེད་ཐུབ་ན། སྔ་ཕྱི་མ་གཏོགས་རྒྱ་ནག་ལ་འགྱུར་བ་ཡོང་གི་རེད། འགྱུར་བ་མེད་པར་གནས་ཐབས་ཡོད་མ་རེད། དེར་བརྟེན་ང་ཚོར་གོ་སྐབས་མང་པོ་ཏན་ཏན་ཡོད་རེད། ཡང་དེ་སྔའི་གསར་བརྗེའི་ལས་འགུལ་གྱིས་རྒྱ་ནག་ནང་ལ་བོད་ལས་ལྷག་པའི་གཏོར་སྐྱོན་ཅང་སོང་ཨ་ཡོད། དུས་དེབ་ཁག་ནང་ཐོན་པའི་འདྲ་པར་ལ་ཞིབ་བལྟ་བྱས་ན། རྒྱ་ནག་གི་གོང་མའི་ཕོ་བྲང་དང་དགོན་པ་ལྷ་ཁང་མང་པོ་ཞིག་གི་ལྡེབས་རིས་དང་། ཤིང་བརྐོས་སྒྱུ་རྩལ་སོགས་བོད་ལས་ལེགས་པ་བསྡད་འདུག་དྲན། ཁ་ཤས་ལ་ནི་གནོད་སྐྱོན་རྩ་བ་ནས་མ་ཐེབས་པའང་ཡོད་ས་རེད། བོད་ལ་གནོད་སྐྱོན་མ་ཐེབས་པའི་གནའ་ཤུལ་གཅིག་ཀྱང་ཡོད་མ་རེད།
    ༤) ངས་ནི་ང་རང་གི་མི་ཐོག་འདིར་ཏན་ཏན་བོད་ལ་ལོག་ཐུབ་ཀྱི་རེད་དྲན་གྱི་ཡོད། གལ་སྲིད་ལོག་མ་ཐུབ་ནའང་འགྱོད་པ་མེད། གང་ཐུབ་ཅི་ཐུབ་བྱས་རྗེས་རང་གི་མི་ཚེའི་རིང་བསམ་པ་ནང་བཞིན་གྱི་གྲུབ་འབྲས་མ་བྱུང་ཡང་། ངའི་ཕྲུ་གུའི་སྐབས་ལ་གྲུབ་འབྲས་ཐོན་གྱི་རེད། ཐ་ན་གྲུབ་འབྲས་རྩ་བ་ནས་མ་ཐོབ་ཀྱང་། ང་ཚོས་འཐབ་རྩོད་བྱས་པ་དེས། བོད་ནང་གི་མི་མང་དང་བོད་ཀྱི་སྐད་ཡིག་རིག་གཞུང་། བོད་མི་རིགས། དྲང་བདེན་སྲུང་སྐྱོབས་ཀྱི་ཆེད་དུ་ཆེ་ཆུང་ལ་མ་ལྟོས་པར་ཕྱོགས་མང་པོ་ནས་ཕན་ཡོད་པ་རེད།
    ༥) བོད་ཀྱི་བདེན་མཐའ་གསལ་མཚམས། བཙན་བྱོལ་བོད་མི་མང་ཆེ་བ་ཏན་ཏན་རང་ཡུལ་ལ་ལོག་གི་རེད། འགའ་ཞིག་མ་ལོག་པ་སྲིད་པ་རེད། དེ་ནི་ཡུལ་དུས་གནས་སྐབས་ཐམས་ཅད་དུ་སྲིད་པ་ཞིག་རེད། དེ་དཀའ་ངལ་མ་རེད་ལ་གནད་དོན་ཆེན་པོ་ཡང་མ་རེད།

    ReplyDelete
  35. བཀྲ་ཤིས་བདེ་ལེགས། ད་གུས་པས་ཁྱེད་རང་ལ་མཁས་དབང་ཞེས་འབོད་ན་ཁྱེད་ནི་མིང་གྲགས་ལ་མི་དགའ་བའི་མི་ཞིག་དང་དོན་དངོས་ལ་དགའ་བའི་མི་ཞིག་ཡིན་པ་ངས་ཚོར་སྣང་བྱུང་། སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་ཆ་མཚོན་ན། འཛམ་གླིང་གི་མཁས་དབང་མིང་ཐོག་ནས་ཐོན་པའི་ཕྱག་ཁྱེར་ PHD འདྲ་བ་གང་ཡང་མེད་ལ། མཁས་དབང་དགེ་འདུན་ཆོས་འཕེལ་ལ་ཡང་དེ་ལྟར་མེད། ཡིན་ཡང་སྤྱི་ཚོགས་ཀུན་ལ་ཁོང་རྣམ་པ་འདྲ་བར་མཁས་དབང་ཞེས་དུས་ཀུན་ཏུ་འབོད་ཀྱི་འདུག་ན་དེ་དང་གཅིག་མཚུངས་ཕྲན་ནས་ཀྱང་ཁྱེད་ལ་ནམ་ཡང་མཁས་དབང་ཞེས་འབོད་པར་འདོད། མཁས་དབང་ཟམ་གདོང་རིན་པོ་ཆེ་ནི་དེ་སྔ་ཝ་ཎ་མཐོ་སློབ་ཏུ་སློབ་སྤྱིའི་ལས་འཁུར་ཞུས་པ་དང་། དེ་ནས་སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་པ་སོགས་ཀྱི་ལས་རྒྱུན་རིང་༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་གནང་ཐུབ་མཁན་ཞིག་དང་། རིན་པོ་ཆེ་ཁོང་གི་དུས་ཚོད་གཉན་ཕྲང་ཅན་འདིའི་འོག་དཀའ་ངལ་རྣམས་ལ་གདོང་ལེན་དང་། དྲང་གཞག་གི་ཐོག་ནས་བོད་མི་རིགས་རྣམས་ཀྱི་འབྱུང་འགྱུར་སྤྱི་ཚོགས་ལ་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད། དེར་བརྟེན་ཁོང་གི་ཡོན་ཏན་དང་ཁྱད་ཆོས་རྣམས་ལ་བལྟས་ནས་བོད་མི་ཚོས་མཁས་དབང་ཞེས་འབོད་བཞིན་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་ཡང་དེ་སྔ་ས་མ་ཤོར་གོང་ནས་སྔོན་ཐོན་མི་སྣ་ཞིག་དང་། མ་འོངས་པའི་བོད་ཀྱི་གནས་སྟངས་ལ་འགྱུར་བ་བཏང་དགོས་པར་ཕུགས་རྒྱང་རིང་པོར་གཟིགས་ཐུབ་མཁན་དང་། ཁོང་གི་རྩོམ་ཡིག་ཀྱང་གྲངས་ལས་འདས་པ་ཡོད་པས་དེ་ནས་ཡང་ང་ཚོས་རྟོགས་ཐུབ་པ་ཞིག་ཡིན། མཁས་དབང་ཆུང་ཚེ་རིང་ལགས་ཀྱང་དེ་བཞིན་ཡིན་པ་ངས་ཚོར་བཞིན་འདུག ཁྱེད་ཀྱི་དུས་ཚོད་མང་ཆེ་བ་མི་རིགས་ཀྱི་དོན་དུ་བཏང་བ་དང་། འབྱུང་འགྱུར་བོད་མི་རིགས་ཀྱི་ཆེད་དུ་བྱས་རྗེས་ཐེངས་མང་བཞག་མྱོང་བ་དང་། མཐའ་ན་བསྐལ་པ་བརྒྱ་ཕྲག་གི་བར་དུ་བོད་མི་རིགས་བསམ་ཐུབ་མཁན་གྱི་སྐྱེ་བོ་ཞིག་ཡིན་པར་ངོས་འཛིན་གྱི་ཐོག་ནས་ཁྱེད་ལ་གཞན་གྱི་མཁས་དབང་བརྗོད་ནའང་འདྲ་མ་བརྗོད་ནའང་འདྲ། གུས་པའི་སེམས་ནང་ནམ་ཡང་ཁྱེད་རང་མཁས་དབང་ཞིག་ཡིན།

    ཁྱེད་ཀྱི་ལན་དོན་ཚན་གཉིས་པར་བལྟས་ནས་ཕྲན་ལ་སླར་ཡང་སེམས་ཤུགས་འཕར་མ་ཞིག་སྟེར་སོང་བ་དང་། ཕྲན་ནས་ཀྱང་མུ་འཐུད་ཨུ་ཚུགས་ཀྱི་བྲིས་རྩིས་ཡོད། ཧོང་ཀོང་དང་ཟི་ཁྲོན་གཉིས་ཀྱི་སྒེར་ལངས་ལ་ཁྱེད་ནས་རེ་བ་ཆེན་པོ་མེད་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཁྱེད་ནས་རྒྱ་ནག་དེ་སྔ་སོག་པོ་དང་། མན་ཆིང་། དབྱིན་ཇི། ཉི་ཧོང་སོགས་ཀྱི་དབང་བསྒྱུར་འོག་ལོ་ངོ་བརྒྱ་ཕྲག་བརྒལ་བར་དཀའ་ངལ་མྱངས་པ་རེད་གསུངས་འདུག ཡིན་ཡང་བོད་ཀྱི་བཙན་པོའི་དུས་རབས་སྐབས་ཀྱང་རྒྱ་ནག་ནི་བོད་ཀྱི་དབང་བསྒྱུར་འོག་དུས་ཚོད་མི་ཉུང་བ་ཞིག་བསྐྱལ་ཡོད་པའི་ལོ་རྒྱུས་འདུག དེ་གང་འདྲ་ཡིན་ནམ། ཉེ་དུས་ཕྲན་ནས་མན་ཆིང་ཁང་ཤིའི་རྒྱལ་རབས་ཀྱི་གློག་བརྙན་བལྟས་པ་ཡིན། དཔེ་རང་ཡག་པོ་འདུག ཁྱེད་ནས་ཀྱང་མན་ཆིང་རྒྱལ་རབས་སྐབས་ཀྱི་ལྷ་རྗེ་ཞི་ལའི་ལ་གཟིགས་པ་འདྲ། ཕྲན་ལ་ཁང་ཤིའི་རྒྱལ་རབས་ནས་སློབ་དགེ་གང་མིན་ཚད་རག་བྱུང་། རྒྱལ་སྲིད་སྐྱོངས་སྟངས་དང་། རྒྱལ་སྲིད་སྐྱོངས་སྐབས་དཀའ་ངལ་ག་ཚོད་ཡོད་མེད། འཆར་གཞི་གྲུབ་སྟངས་སོགས་ཕྱོགས་མང་པོ་ནས་སློབ་དགེ་རག་བྱུང་། ཁྱེད་ཀྱི་ལྷ་རྗེ་ཞི་ལའི་ལ་གློག་བརྙན་གཟིགས་ནས་གཟིགས་ཚུལ་གང་འདྲ་བྱུང་ཡོད་ན། ལོ་རྒྱུས་ཀྱི་དེབ་ཐེར་ནང་ལ་མན་ཆིང་ལ་མན་ཇུ་ཞེས་འབྲི་འདུག་པ་དང་། གློག་བརྙན་ནང་མན་ཆིང་ཞེས་འབོད་ཀྱིས་འདུག དེར་ཁྱད་པར་འདྲ་ཡོད་ན། ཁྱེད་ནས་གསར་བརྗེའི་སྐབས་བོད་ནང་ལ་གཏོར་སྐྱོན་མ་ཕྱིན་པ་གཅིག་ཀྱང་མེད་པ་ཚིགས་ཐག་ཆོད་པོས་གསུངས་པ་ནི་བརྒྱ་ཆ་བརྒྱ་བདེན་པ་ཨེ་ཡིན་ན། ཕྲན་ལ་ལོ་རྒྱུས་གང་ཡང་བཤད་རྒྱུ་མེད་ཀྱང་དོགས་པ་བྱུང་བ་ཙམ་ཡིན། གསར་བརྗེའི་སྐབས་བོད་ཀྱི་རིག་དངོས་གཏོར་ཤིག་གཏོང་མཁན་མང་ཆེ་བ་ནི་བོད་མི་རང་ཡིན་པ་རྒན་པ་ཚོས་བཤད་ཀྱིས་འདུག གདན་ས་དགའ་ལྡན་ལྟ་བུ་ཆ་བཞག་ན་གཏོར་མཁན་བོད་པ་རེད་ཟེར། ཁྱེད་ཀྱི་ཚོད་དཔག་བྱས་ན་ཁྱེད་ཀྱི་མི་ཐོག་འདིར་བོད་ལ་ལོག་ཐུབ་རྒྱུའི་རེ་བ་ཡོད་གསུངས་པ་དེར་ཕྲན་ལ་དགའ་ཚོར་ཅུང་ཙམ་བྱུང་། ཡིན་ཡང་འགའ་ཞིག་གིས་༸གོང་ས་མཆོག་ནས་དེ་སྔ་ཕྱི་ལོ་བརྒྱད་ཅུའི་གཡས་གཡོན་དུ་ལོ་ཁ་ཤས་ཤིག་གི་རྗེས་སུ་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་གིས་རེད་གསུངས་པ་འདིར་ད་ཆ་འགའ་ཞིག་གིས་སེམས་ནང་མ་འདོད་པའི་རྣམ་འགྱུར་ཏོག་ཙམ་ཡོད་པ་འདྲ། དེའི་ཐོག་དགོངས་ཚུལ་ག་རེ་ཡོན་ན། གོང་དུ་བྲིས་པའི་ཚིག་དང་། བརྗོད་བྱ་རྒྱབ་སྟངས། སུམ་རྟགས་འགྲོ་སྟངས་ཀྱི་ཐད་ནོར་འཁྲུལ་ཡོད་ན་ཁྱེད་ནས་ངེས་པར་དུ་དག་བཅོས་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

    ལྷོ་ཕྱོགས་ཀྱི་སྤྲང་འཁྱམས་པ།

    རྡོ་རྗེ་ཕ་ལམ།

    ReplyDelete
    Replies
    1. རྡོ་རྗེ་ཕ་ལམ་ལགས། ངས་དྲི་བ་ཁག་ལ་ལན་མདོར་བསྡུས་ཤིག་འབུལ་གྱི་ཡིན།
      ༡) ཧོང་ཀོང་་ནང་ཉེ་དུས་བྱུང་བའི་ངོ་རྒོལ་དང་ཟི་ཁྲོན་གྱི་ཟིང་ཆ་ལྟ་བུ་སྔོན་ཆད་མང་པོ་བྱུང་བ་རེད་ལ། ཕྱིན་ཆད་ཀྱང་མང་པོ་ཡོང་གི་རེད། རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་གི་ནང་གནས་ཚུལ་དེ་ལྟ་བུ་ཐོན་ངེས་ཡིན་པ་དེ་གཡོལ་ཐབས་ཡོད་མ་རེད། ཡིན་ནའང་། ཟིང་ཆ་དེ་ཚོར་ཚོད་འཛིན་དང་བཀག་བསྡོམས། ཐ་ན་དྲག་གནོན་ཚུན་ཆད་ནས་བྱས་ཏེ། ས་ཁུལ་གཞན་ལ་ཁྱབ་མི་འཇུག་པའི་ནུས་པ་ཆ་ཚང་ད་ལྟ་རྒྱ་ནག་གཞུང་ལ་ཡོད་རེད། དེར་བརྟེན། དེ་འདྲའི་གནས་ཚུལ་ཞིག་གིས་ལམ་སང་གཡོ་འགུལ་ཆེན་པོ་གཏོང་ཐུབ་པའི་ནུས་པ་ཡོད་མ་རེད།
      ༢) སྔོན་མ་བཙན་པོའི་དུས་སུ་རྒྱ་ནག་གི་ས་ཆའི་ཆ་འགའ་ཞིག་བོད་འོག་ལ་བསྡུ་མྱོང་བ་དངོས་གནས་རེད། ཡིན་ནའང་དུས་ཡུན་རིང་པོ་མ་རེད་ལ། རྒྱ་ནག་ཡོངས་རྫོགས་ཀྱང་མ་རེད།
      ༣) མན་ཆིང་ཟེར་བ་དེ། མན་ཇུས་བཙུགས་པའི་ཆིང་རྒྱལ་རབས་ཡིན་སྟབས། མན་ཆིང་བརྗོད་པ་ཡིན་སྲིད། ངས་ཞིབ་འཇུག་བྱས་མེད། གློ་བུར་གྱི་དྲན་ཚུལ་ཙམ་ཡིན།
      ༤)ལྷ་རྗེ་ཞི་ལའི་ལ་ཞེས་པ་དེ་མར་ཙམ་བལྟས་པ་ཡིན། ཆ་ཚང་ད་དུང་བལྟས་ཚར་མ་སོང་། ལྟད་མོ་ཡག་པོ་འདུག
      ༥) བོད་ནང་གི་དགོན་པ་དང་ཕོ་བྲང་སོཌ་གནའ་ཤུལ་ཡོངས་རྫོགས་ལ་གཏོར་བཤིག་བཏང་བ་རེད་ཅེས་བཤད་ན་ཕལ་ཆེར་ཧམ་པ་ཆགས་ཀྱི་མ་རེད། གཏོར་སྐྱོན་ཕོག་ཚད་ཉུང་ཤོས་ཕོ་བྲང་པོ་ཏ་ལ་དང་བཀྲ་ཤིས་ལྷུན་པོ་ཡིན་གྱི་རེད། འོན་ཀྱང་དེ་གཉིས་ལའང་གཏོར་སྐྱོན་བྱུང་ཡོད་རེད། གཏོར་སྐྱོན་གཏོང་མཁན་ནང་བོད་པ་ཡོད་པ་དངོས་ཡོད་རེད། ཡིན་ནའང་། བཙན་བཀའ་གཏོང་མཁན་རྒྱ་ནག་གི་འགོ་ཁྲིད་རེད། ཇོ་ཁང་ལྟ་བུར་ཆ་བཞག་ན། སྔོན་ལ་དམག་མི་བཏང་ནས་བཅོམས། དེ་རྗེས་བོད་མི་ཧུར་བརྩོན་པ་ཚོ་བཏང་སྟེ་གཏོར་བ་རེད། ལུང་པ་ཆུས་ཁྱེར་ན་རྡོ་ལེབ་སྐམ་པོར་མི་ལུས་ཟེར་བ་ལྟར། ཁོར་ཡུག་དེ་འདྲའི་ནང་ལ། ང་རང་གཉིས་ཡོད་པའི་དབང་དུ་བཏང་ན། བཙོན་དུ་ཚུད་དེ་སྡུག་སྦྱོང་མྱོང་བའམ། རྒྱ་གཞུང་གི་བཀའ་བཞིན་གནའ་ཤུལ་གཏོར་བཤིག་གཏོང་རྒྱུ་གཉིས་ལས། གང་ཞིག་འདེམས་མིན་བཤད་ཤེས་ཀྱི་མ་རེད།
      ༦) ༸གོང་ས་མཆོག་གི་གསུང་དེ་ཚོ་ནི། བོད་མི་རིགས་རེ་བ་མེད་ས་ནས་རེ་བ་ཡོད་སར་འཁྲིད་པའི་ལམ་སྟོན་བླ་ན་མེད་པ་ཤ་སྟག་རེད། ༸གོང་ས་མཆོག་གི་གསུང་དེ་ཚོར་ཇི་ཙམ་བསམས་ན། དེ་ཙམ་གྱིས་བླ་ན་མེད་པའི་དབུ་ཁྲིད་ཅིག་གི་ཁྱད་ཆོས་མཇལ་ཐུབ་ཀྱི་འདུག
      ཐུགས་རྗེ་ཆེ།

      Delete
  36. རྒན་ཆུ་ཚེ་རིང་ལགས།
    ཁྱེད་ཀྱི་ཟིན་བྲིས་དང་ཁྱེད་ཀྱི་བུའི་ཟིན་བྲིས་གཉིས་ངས་ཀློག་མང་ཤོས་ཀྱི་ཟིན་བྲིས་ཡིན། སྤྱིར་ང་ཡང་ཁྱེད་ལྟར་ཉིན་ལྟར་ཡང་ན་དེབ་དང་ཡང་ན་དྲྭ་རྒྱའི་ནང་ནས། རང་ཉིད་ཀྱི་ཆེད་ལས་སློབ་ཚན་དང་འབྲེལ་བའི་རྩོམ་ཡིག་དང་། གསར་འགྱུར་སོགས་བཀླགས་རྒྱུ་ནི་ངའི་ཉིན་གཅིག་གི་འདུན་པ་ཆེ་ཤོས་དེ་རེད་ལ། ངའི་དུས་ཚོད་གཏོང་དགོས་ངེས་ཀྱི་ས་ཚིགས་ཆེན་པོ་གཉིས་ཡིན། ཁྱེད་ཀྱི་བརྩམ་བྱ་འདིར་ངས་བོད་ཡིག་གི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་དོ་སྣང་ཞིག་བྱ་རྒྱུ་ཡིན་པ་མངོན་དཔག་བྱས་པ་བཞིན། དོན་དངོས་སུ་འགྱུར་སོང་། ཁྱེད་ཀྱིས་ཀློག་པ་པོར་དེ་ལྟ་བུའི་དོགས་དྲིར་ལན་ཞིག་སྐྱོན་རྒྱུའི་རེ་བ་གང་ཡང་བྱས་མེད། ད་རིང་ངས་བསྐྱར་དུ་སྔོན་ནས་མིག་བཏགས་བཀོད་པའི་རྩོམ་ཡིག་འདིར་བསྐྱར་བལྟ་ཞིག་བྱེད་སྐབས། ད་ཚོད་ངས་ཁྱེད་ཀྱིས་རང་ཉིད་ཀྱི་རྩོམ་ཡིག་གཅིག་ལ་ཆེ་མཐོང་ཇི་ཙམ་བྱེད་ཀྱི་ཡོད་པ་དང་། རྩོམ་པ་པོ་ཞིག་གིས་རང་ཉིད་ཀྱིས་ཡིག་ཚོགས་ཀྱི་འཕྲོད་ནས་བརྙེད་པའི་བརྗོད་བྱ་ཞིག་དང་རང་ཉིད་ཀྱི་རྣམ་དཔྱོད་དཀྱིལ་འཁོར་ཡོངས་སུ་རྫོགས་པ་རྩོམ་ཡིག་འདིའི་སྟེང་བཀོད་ཐབས་བྱས་པའི་རིན་ཐང་ཇི་ཙམ་འཇོགས་ཀྱི་ཡོད་པ་དེ་ལ་ང་ཧང་སང་སོང་།
    ངས་སྔོན་མ་བང་ཆེན་ཟིན་བྲིས་སྟེང་དུ་བཀོད་པའི་རྩོམ་ཡིག་ཞིག་ངས་ལོ་མང་བོད་ལུགས་གསོ་རིག་སྦྱངས་ནས་མཐར་བོད་ལུགས་གསོ་རིག་གི་བརྗོད་བྱའམ་གཞུང་ལུགས་ཞིག་གི་ཆོས་མཚན་ཞིག་ནས་བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ལ་ཚོད་ཧམ་བྱས་ནས་བྲིས་པའི་རྩོམ་ཡིག་འདིར་ཟིན་བྲིས་ཐོག་བཀོད་པ་ཙམ་ལས་དོ་སྣང་གང་ཡང་བྱས་མེད། དེ་རིང་ཕྲན་ཉིད་ལ་རྩོམ་པ་པོས་རང་ཉིད་ཀྱི་བརྩམ་བྱར་རིན་ཐང་མ་སྤྲད་ན་ཀློག་པ་པོས་རིན་ཐར་ཇི་ལྟར་སྤྲོད་དམ་ཞེས། རང་ཉིད་ལ་འདྲི་བ་འདི་སླེབས་སོང་།
    ཁྱེད་ལ་དུས་ཀྱི་ཁོམས་པ་མེད་པ་ངས་ཤེས་ལ། ཁྱེད་ཀྱི་ངོས་ནས་ཀློག་པ་པོ་ལ་འཛིན་པའི་བལྟ་ཚུལ་དེ་ལའང་ང་ཡིད་སྨོན་སྐྱེས་སོང་། དེར་བརྟེན་ཀློག་པ་པོ་ཞིག་གི་ངོས་ནས་ཁྱེད་ཀྱིས་ཀློག་པ་པོ་དབྱེར་མེད་ལ་བལྟ་ཚུལ་འདི་འདྲ་ཞིག་འཛིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཕྲན་ཛམ་གཡུ་སྤེན་ཚེས།
    ཐུབ་པས་ཆོས་འཁོར་ཐོག་མ་བསྐོར་བའི་གནས་ནས།
    ཕུལ།

    ReplyDelete
    Replies
    1. ཛམ་གཡུ་སྤེན་ཚེ་ལགས། ཁྱེད་ཀྱིས་ང་དང་ངའི་བུའི་རྩོམ་ཉོག་ལ་ཐུགས་སྣང་དང་ཆེ་མཐོང་གནང་བར་ཐུགས་རྗེ་ཆེ།

      ང་གཞུང་གི་ལས་ཁུངས་ནང་ལས་ཀ་བྱེད་དུས། མང་ཚོགས་ཀྱིས་ཚུར་སྙན་ཞུ་ཞིག་ཕུལ་ན། དེ་ལ་རིང་ཐུང་ལ་མ་ལྟོས་པར་ལན་རེ་འབུལ་དགོས་པའི་ལྟ་སྟངས་འཛིན་གྱི་ཡོད། དེ་ག་ནང་བཞིན་ངའི་དྲ་དེབ་ནང་ལ་བྲིས་པ་དེ་ཚོར་ཡང་། ལན་རིང་ཐུང་ལ་མ་ལྟོས་པ་རེ་འབུལ་ཐབས་ཞུ་གི་ཡོད། སྐབས་རེ་ལས་བྲེལ་གྱིས་ཡོང་གི་མི་འདུག དེ་ལྟར་ཞུ་དགོས་པའི་གནད་འགག་ནི། ངའི་དྲ་དེབ་ནང་ཡོང་ནས་བྲིས་པ་དེ་ཡག་ཉེས་ག་རེ་ཡིན་རུང་། ང་ལ་སྐད་ཆ་བཤད་པ་འདྲ་བོ་རེད། མི་ཞིག་གིས་ཁྱེད་ལ་སྐད་ཆ་བཤད། སྐད་ཆ་དེ་ལ་ཁྱེད་ཀྱིས་ཁ་ཡ་མ་བྱས་ན། ཧ་ཅང་མ་རབས་སམ་གུས་ཞབས་མེད་པའི་བྱེད་སྟངས་རེད། དངོས་སུ་ཐུག་ནས་བཤད་པ་དང་དྲ་དེབ་ཀྱི་སྒང་ལ་བྲིས་ནས་བཤད་པ་གཉིས་ནི། གདོང་མཐོང་མ་མཐོང་གི་ཁྱད་པར་ཙམ་ལས་དོན་དུ་གཅིག་རེད། ངས་བསམ་ཚུལ་དེ་འདྲ་ཞིག་བཅངས་ནས་ལན་འབྲི་གི་ཡོད།
      ཐུགས་རྗེ་ཆེ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

      Delete
  37. མཁས་དབང་ཆུང་ཚེ་རིང་ལགས། ཁྱེད་ནས་རིན་ཐང་བྲལ་བའི་སྐར་ཆ་ཙམ་ཡང་ངོས་ལ་སྦྱིན་པ་གཏོང་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་གནང་སྟངས་དང་ཅི་འདྲའི་ཆ་མཚུངས། ཁྱེད་ནས་ཛམ་གཡུ་སྤེན་ཚེ་ལ་གསུངས་པ་ལྟར། དངོས་སུ་ཐུག་པ་དང་ཡི་གེའི་སྟེང་ཐུག་པ་གཉིས་ལ་ཁྱད་པར་མི་བརྩི་བར་ལན་སྐྱོན་གང་ཐུབ་གནང་མཁན་གྱི་རྩོམ་པ་པོ་ཁྱེད་འདྲ་བ་འཇིག་རྟེན་འདི་ན་ཧ་ཅང་གི་དཀོན། ངས་དྲ་དེབ་མང་པོའི་ནང་དྲི་བ་ཐུང་ངུ་དང་རིང་པོ་དེ་འདྲ་ཡང་མང་པོ་བཀོད་པ་ཡིན། འགའ་ཞིག་ནས་ཉོབ་སྣང་ལྟ་བུས་ལན་རྣམས་ཕྲལ་ལྟ་བུ་དང་། འགའ་ཞིག་ནས་ལན་ཡང་མེད། དེ་དང་བསྡུར་ན་ཁྱེད་ནི་རྩོམ་པ་པོ་གཞན་རྣམས་དང་མི་འདྲ་བར་སུ་ཞིག་ནས་ཁྱེད་ལ་དྲི་བ་ཆུང་ངུ་ཞིག་བཏང་ཡང་ལན་སྐྱོན་ཀྱང་གནང་བ་འདི་ལ་ཡིད་རངས་བསྔགས་བརྗོད་ཞུས་འོས་པ་ཞིག་མཐོང་། ཕྲན་ཡང་ཕྱིས་སུ་རྩོམ་པ་པོ་ཐེབས་ཅག་ཅིག་ཆགས་སོང་ན་ཁྱེད་ཀྱི་སྤྱོད་ཚུལ་འདི་དག་ལག་ལེན་དུ་ལྟར་ངེས་ཡིན། ཁྱེད་ཀྱི་གནང་སྟངས་འདི་འདྲ་ནི་སྤྱི་ཚོགས་ཀྱི་ཁྲོད་དུ་མིག་དཔེར་བལྟ་འོས་པ་ཞིག་དང་རྩོམ་པ་པོ་རྣམས་ཀྱི་ནི་དེ་བས་ཤེས་དགོས་པ་ཡིན། གོང་གི་ལན་སྐྱོན་སྟངས་ལ་བལྟས་ན་ཁྱེད་ལ་དེ་ཞག་བྲེལ་བ་ཞེ་དྲག་ཡོད་བཟོ་འདུག གུས་པས་ཐུགས་བསུན་ཞུས་པར་དགོངས་འགལ་མེད་པར་ཞུ། ཁྱེད་ནས་ལན་ཨང་༧ པར་༸གོང་ས་མཆོག་གི་གསུངས་རྣམས་ལ་འགྲེལ་བཤད་སྐྱོན་སྟངས་ལ་གུས་པ་སེམས་འགུལ་ཚད་མེད་ཐེབས་བྱུང་། ངོ་མ་ཁོང་ནི་བོད་མི་ཚོས་ལྟ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་རེད། ང་ཚོས་དུས་ནམ་ཡང་ཁོང་གི་མཛད་རྗེས་དང་བོད་མི་རིགས་རྣམས་ཀྱི་ཆེད་དུ་སྐུ་ངལ་སྐྱོན་པ་རྣམས་མི་རབས་གསར་པ་རྣམས་ལ་གོ་རྟོགས་སྔར་ལས་ལྷག་པ་སྤེལ་རྒྱུ་ནི་ང་ཚོའི་འོས་འགན་རེད་སྙམ། ཕྲན་སྐབས་རེ་ཁོང་ནས་བོད་མི་རིགས་ཀྱི་ཆེད་བཀའ་དྲིན་བསྐྱངས་པ་དང་མཛད་འཕྲིན་སྐྱོངས་བ་རྣམས་མཐོང་དུས་མིག་ཆུའི་ཕྲེང་རྡོག་ཡང་གྲངས་ལས་འདས་པ་ཟགས་མྱོང་ཡོད། བོད་མི་འགའ་ཞིག་ནས་༸གོང་ས་མཆོག་བཀའ་དྲིན་ཆེན་པོ་རེད་ཅེས་ཁ་ནས་བཤད་པ་ལས་དོན་དངོས་ལ་ཐུག་དུས་འཇའ་ནང་བཞིན་ཡལ་ནས་འགྲོ་གི་འདུག དེ་ཚོ་ནི་མ་རབས་ཐ་ཤལ་ཅན་ལས་གུས་པའི་སེམས་ནང་ནམ་ཡང་བསུབ་ཐབས་མེད་པའི་དགྲ་བོ་ལྟ་བུར་མཐོང་གིས་ཡོད། དེ་རྣམས་འགའ་ཞིག་བླ་ཆེན་དཔོན་རིགས། སེར་སྐྱ་ཕོ་མོ་གཉིས་ནང་ལའང་ཡོད་པ་གུས་པས་ཁོང་ཚོས་ལག་ལེན་ལྟར་དུས་དངོས་སུ་བྲོ་བ་མྱངས་པ་ཞིག་ཡིན། སྐབས་འདིར་ཞུ་དོན། ཁྱེད་ལ་བྲེལ་ཚུབ་ཡོད་ན་གུས་པར་ལན་ཐུང་ངུ་ཞིག་གནང་ན་འགྲིག གུས་པའི་རེ་བ་ནི། གོང་དུ་ཞུས་པ་བཞིན་ངའི་བརྗོད་བྱ་རྒྱབ་སྟངས་དང་སུམ་རྟགས་འགྲོ་སྟངས་ཀྱི་ཐད་ནོར་བཅོས་རྒྱབ་གནང་ན་གུས་པར་ཕན་ཐོགས་གང་མིན་ཚད་ཡོང་ངེས། ཤིན་ཏུ་ནས་བཀའ་དྲིན་ཆེ་མཁས་དབང་ལགས།

    ReplyDelete
  38. མཁས་དབང་ལགས། གོང་གི་གནས་ཚུལ་འབྲི་སྟངས་ཀྱི་ཐོག་ནས་ཁྱེད་ལ་ཐུགས་ཕོག་འདྲ་བྱུང་བ་དང་། ལན་རྒྱབ་མ་བདེ་བ་དེ་འདྲ་ཡོད་ན་དགོངས་འགལ་མེད་པ་ཞུ། ཁྱེད་ནས་གསུངས་པ་བཞིན་ཁྱེད་ནི་གཞུང་ཞབས་པ་ཞིག་ཡིན་སྟབས་གནས་ཚུལ་འགའ་རེ་དྲ་སྟེང་དུ་བཀོད་རྒྱུ་ཧ་ཅང་དཀའ་མོ་ཡོད། གལ་ཏེ་གནས་ཚུལ་ཁ་ཤས་ལ་ཕྲན་ནས་འབྲི་སྟངས་ཐད་ནོར་འཁྲུལ་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན། གུས་པས་ནི་བསམ་པ་རྣམ་དག་གི་ཐོག་ནས་བྲིས་པ་ཤ་སྟག་ཡིན། གལ་ཏེ་འདིའི་ལན་དང་དགོངས་ཚུལ་དྲ་སྟེང་དུ་བཀོད་པར་མ་བདེ་བ་ཡོད་ན་གུས་པའི་མྱུར་འཕྲིན་ཐོག་བཏང་ན་འགྲིག་གམ། གུས་པའི་རེ་བ་ནི་བརྗོད་བྱ་རྒྱབ་སྟངས་དང་། སུམ་རྟགས་འགྲོ་སྟངས། གོང་འོག་འགྲིག་སྟངས་ཐད་ལ་ཁྱེད་ཀྱི་བསམ་ཚུལ་དང་། ནོར་བཅོས་གནང་ན་གུས་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས། གུས་པའི་མྱུར་འཕྲིན་ཁ་བྱང་ནི། dorjephalam@gmail.com བཀའ་དྲིན་ཆེ། གུས་པར་ཁྱེད་ལྟ་བུ་ཞིག་མཉམ་གླེང་མོལ་བྱེད་ཐུབ་ན་གཞི་ནས་གྲུབ་འབྲས་དང་འབྱུང་འགྱུར་ངོས་ཀྱི་བོད་ཡིག་ཁ་ཕྱོགས་མངོན་འགྱུར་དུ་ཡོང་བ་ཐེ་ཚོམ་མེད།

    ReplyDelete
  39. ཉེ་ལམ་ཕྲན་རང་ལས་བྲེལ་ཆེ་བ་དང་དྲ་ལམ་ཆད་པར་བརྟེན། དུས་ཐོག་ལན་འབུལ་ཐུབ་མ་སོང་། དགོངས་འགལ་མེད་པར་ཞུ།

    མ་སུ་རི་ཕྱོགས་སུ་ཐོན་ཉེ་ཡིན་པས། ད་རེས་ལན་རིང་པོ་འབུལ་ཐབས་མི་འདུག
    ༡) ༸གོང་ས་མཆོག་ནི་བོད་མི་ལམ་སྟོན་འཁྲུལ་མེད་གནང་མཁན་གྱི་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་རེད། ཁོང་གི་མཁྱེན་རབ་དང་ཉམས་མྱོང་། ལྷག་པར་དུ་བོད་མི་མང་ལ་ཐུགས་བརྩེ་ཆེ་བ་བཅས་ཀྱི་ཆ་ནས། ལམ་སྟོན་ག་རེ་མཛད་ཀྱང་ང་ཚོར་ཕན་པ་མ་གཏོགས་གནོད་པ་ཞིག་ཡེ་ནས་མི་ཡོང་བ་ང་ལ་ཡིད་ཆེས་བརྟན་པོ་ཡོད། འདིའི་ཐད་ལ་ང་རང་ཚོ་ཏོག་ཙམ་ཤེས་མཁན་ཚོ། ལངས་ཕྱོགས་བརྟན་པོ་དགོས་རེད།

    ༢)དག་ཆ་དང་བརྗོད་བྱའི་ཐད། དུས་ཚོད་དབང་གིས་ད་རེས་བྱུང་མ་སོང་། ཡིན་ནའང་། གལ་ཆེ་ཤོས་བོད་སྐད་བོད་ཡིག་འདི་རང་སྐད་ཡིན་པ་ལས། སྐད་ཡིག་གཉིས་པ་གསུམ་པ་མིན་སྟབས། བྲིས་གནང་དགོས། མང་ཙམ་བྲིས་ན། དག་ཆ་དང་བརྗོད་བྱ། ཚིག་སྦྱོར་ཚང་མ་ཡར་རྒྱས་ཡོང་གི་རེད། སོ་སོའི་བསམ་ཚུལ་དེ་ཚོ་ཡང་གོ་རིམ་ལྡན་པའི་ཐོག་ནས་འབྲི་ཐུབ་པ་དང་། དེའི་རྒྱུ་མཚན་དེ་ཚོ་ཡང་གསལ་པོ་དང་རྣམ་གྲངས་ཡོད་པ་ཆགས་ཀྱི་རེད། བྲིས་གནང་དུས། དག་ཆར་དོགས་པ་ཟ་ཚེ། དག་ཡིག་དང་ཚིག་མཛོད་ལ་གཟིགས་ཏེ་གོམས་ཐབས་གནང་དགོས། དགོངས་དག ད་རེས་འདི་ཙམ་ལས་བྱུང་མ་སོང་།

    ReplyDelete
  40. དེ་བདེན་པ་རེད་མཁས་དབང་ཆུང་ཚེ་རིང་ལགས། ༸གོང་ས་མཆོག་ནས་བོད་མི་མང་གི་ཆེད་དུ་སྐུ་ལས་སྐྱོན་པ་རྣམས་ངས་བསྐལ་པ་ཇི་སྲིད་ཀྱི་བར་དུ་ག་ནས་བརྗེད་སྲིད། དེ་སྔ་ངས་༸གོང་ས་མཆོག་གི་ལྗགས་རྩོམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་བཀླགས་པ་ཡིན། དངོས་གནས་བློ་གཟུ་བོར་གནས་པ་སུ་ཞིག་ཡིན་ཡང་དངོས་གནས་རང་དབང་མེད་པར་དད་པ་སྐྱེས་དགོས་པ་ཞིག་དང་ཧང་སང་དགོས་པ་རེད། ངས་ཚིག་འབྲུ་རེ་རེ་ཀློག་གྱིན་ཁོང་གི་སྐུ་ན་ཕྲ་མོའི་སྐབས་ཀྱི་དགོངས་པ་བཞེས་སྟངས་རང་ནས་སྤྱན་རས་གཟིགས་སྐུ་ཤ་རློན་པ་ཡིན་པ་ངའི་ཕ་མས་གསུངས་པ་བཞིན་དེ་ག་རང་ཡིད་ཆེས་བྱུང་། ཕྲན་ལོ་ན་ཕྲ་མོའི་སྐབས་ནས་ཁོང་ལ་ཡིད་ཆེས་དང་དད་པ་ཡོད་པ་ཞིག་དང་། དུས་ད་ལྟ་ཡང་ཡིད་ཆེས་དང་དད་པ་བརྟན་པོ་ཡོད། ལངས་ཕྱོགས་ཀྱང་བསྐལ་པ་ཇི་སྲིད་ཀྱི་བར་དུ་འགྱུར་མི་སྲིད། ངས་དུས་དང་རྣམ་པ་ཀུན་ཏུ་ངའི་གཤམ་འོག་གི་འཚར་ལོངས་བྱུང་བཞིན་པའི་ན་གཞོན་ཚོར་དུས་རྟག་ཏུ་འདིའི་ཐད་སློབ་གསོ་སྤྲོད་གང་ཐུབ་བྱེད་པ་དང་། ལངས་ཕྱོགས་ཀྱང་བརྟན་པོ་འཛིན་དགོས་པའི་བསྐུལ་མ་ཡང་ཡང་གཏོང་བཞིན་ཡོད། ཁྱེད་ཀྱི་གསུངས་པ་དེ་ངོ་མ་བདེན་སོང་། དེ་སྔ་ངས་བོད་ཡིག་བྲིས་རྩོམ་ཀྱི་ཐད་དཀའ་ངལ་ཆེན་པོ་མཐོང་གི་ཡོད་ཀྱང་། ཕྱིས་སུ་བོད་ཡིག་དེ་རང་སྐད་ཡིན་སྟབས་ཡི་གེའི་སྟེང་བྲིས་མ་ཐུབ་པའི་རྒྱུ་མཚན་གང་ཡང་མིན་འདུག་བསམ་སྟེ་འབད་བརྩོན་བྱེད་པ་ཡིན། ད་དུང་ཡང་མུ་འཐུད་འབད་བརྩོན་བྱེད་བཞིན་པ་ཡིན། ཕྲན་ལ་ཁྱད་ཆོས་ཤིག་ཡོད་པ་ནི། ཕྲན་ཆུང་དུས་ནས་དག་ཆ་རྣམས་ལ་དམིགས་བསལ་གྱི་སྦྱང་བརྩོན་བྱེད་མི་དགོས་པར་རང་བཞིན་གྱི་མང་ཆེ་བ་འགྲིག་བསྡད་པ་ཡོང་གི་འདུག ཚིག་ཁ་ཤས་དོགས་པ་བྱུང་སྐབས་ཚིག་མཛོད་ངེས་པར་དུ་བེད་སྤྱོད་གཏོང་གི་ཡོད། དེང་སྐབས་སྨོན་ལམ་ཚིག་མཛོད་ཡོད་རྐྱེན་སྟབས་བདེ་པོ་འདུག ཁྱེད་ནས་ཡིག་འབྲུ་ཁ་ཤས་ལས་མ་བྲིས་ཀྱང་ཕྲན་ལ་དམིགས་བསལ་གྱི་སྐྱིད་སྣང་དང་ཚོར་སྣང་གསར་པ་ཞིག་ངང་གིས་སླེབས་ཡོང་གི་འདུག ད་ངའི་བྲིས་རྩོམ་རྙོག་མ་དེ་ཁྱེད་ཀྱི་ལམ་བུའི་འོག་ནས་དྭངས་མ་ཆགས་པ་འདུག བཀའ་དྲིན་ཆེ་མཁས་དབང་ལགས། ད་དུང་མུ་འཐུད་སེམས་ཤུགས་སྤར་རོགས་གནང་། ངས་ཉིན་ཁ་ཤས་སྔོན་ལ་དོ་སྣང་བྱུང་། བུ་བསྟན་འཛིན་འཕྲིན་ལས་ནི་ཁྱེད་ཀྱི་བུ་ལོ་ན་བརྒྱད་ལས་མ་སོན་པ་དེ་རེད་འདུག ངས་དཔར་ལ་བལྟས་ནས་ཧ་གོ་བྱུང་། བུ་དེ་ལ་པ་ལགས་ཁྱེད་ལྟ་བུ་ཡོད་སྟབས་བསོད་ནམས་བསགས་པ་ཞིག་རེད། ལོ་ན་ཕྲ་མོ་དེ་འདྲ་ལ་རྩོམ་རྒྱབ་པར་ང་ཡིད་མ་ཆེས་པ་ལྟ་བུ་བྱུང་། ངའི་འཁྲིས་སུ་ཡོད་པའི་ཕྲུ་གུ་འགའ་ཞིག་ལ་བུ་བསྟན་འཛིན་འཕྲིན་ལས་ཀྱི་རྩོམ་རྒྱབ་པ་རྣམས་སྟོན་པ་དང་། བསྐུལ་མ་ཡང་བཏང་། ཁྱེད་ལ་དུས་ཚོད་སྟོང་པ་ག་དུས་ཡོད་ནའང་ཕྲན་ལ་ཡིག་འབྲུ་མང་ཉུང་ཙམ་གྱི་དུས་ཚོད་ཏོག་ཙམ་ཏོག་ཙམ་སྦྱིན་པ་གཏོང་རོགས་གནང་ཞུ་རྒྱུ་ཡིན། ག་ལེར་བཞུགས།

    ReplyDelete
  41. This comment has been removed by the author.

    ReplyDelete
  42. ལོ་ལྔ་སྔས་དགོས་འདུག ཡང་ན་ལོ་ལྔ་ཕྱིས་དགོས་འདུག སྔ་མིན་ཕྱི་མིན་ད་ལྟའི་དུས་ཚོད་ལ་སྤེལ་དུས། རྩོམ་པ་པོའི་སེམས་ཁམས་ཤིག་དམར་ལྷང་ངེར་མཐོང་གི་འདུག བརྗོད་གཞི་དང་ཡང་འབྲལ་འདུག
    དང་པོ། ལོ་རྒྱུས་ལ་ཞིབ་བལྟ་བྱས་ན་་་་་་གསར་པ་གང་ཡང་མིན་ཞེས་པའི་ཚིག་འབྲུ་འགའ་དེས་རང་གིས་ཇི་ཙམ་ཤེས་མིན་དེ་མི་རྣམས་ཀྱི་མ་ཤེས་པའི་དོགས་པ་གནང་གི་ཡོད་པ་ཤེས་ཀྱི་འདུག་ལ། ངས་ད་རེས་གོ་སྐབས་ཟིན་ནས་ངོམ་ངོམ་བྱེད་ཀྱི་་ཡིན་ཟེར་བ་ཡང་འདྲ་བོ་འདུག ་་་གསར་པ་གང་ཡང་མིན་ཟེར་བ་དེ་འདིར་ཧ་ལས་རྒྱུ་མེད་ཟེར་བར་གོ་གི་འདུག ད་ལྟ་མེར་བསྲེགས་པ་ཧ་ལས་རྒྱུ་མེད་སྔ་མོ་ཡང་བྱུང་མྱོང་ཟེར་བ་དང་ཆེས་ཧ་ཅང་འདྲ་བོ་འདུག དེར་བརྟེན་་་་་་ཐོག་མ་དེ་མིན་ཟེར་བ་ལྟ་བུར་བཅོས་ན་སྐྱོན་སེལ་ཐུབ་ཀྱི་འདུག
    གཉིས་པ། ལོ་རྒྱུས་ལ་ཞིབ་བལྟ་བྱས་ན་་་་་་གསར་པ་གང་ཡང་མིན་ཞེས་པ་འདིས་རྩོམ་ཡིག་སྤྱི་ཡོངས་ནས་ད་ལྟ་མེར་སྲེག་པ་འདི་ལ་མ་འོངས་ལོ་རྒྱུས་སྟེང་གི་གནས་བབ་་དཔྱད་གླེང་བྱ་བ་ལྟ་བུར་འགྱུར་བཅུག་པ་སོགས་ཀྱིས་འགོ་བཙུགས་ནས་མཇུག་སྡུམ་བར། བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རང་སྲེག་གི་གནས་ཚུལ་ཁག་གཉིས་གླེང་བ་ཞེས་པའི་བརྗོད་གཞི་དང་འབྲལ་འདུག ལོ་རྒྱུས་དོན་རྐྱེན་དང་ད་ལྟའི་བྱ་བ་གཉིས་མཉམ་བསེས་བྱས་འདུག ཡང་ན་བརྗོད་གཞི་འདིར་ནས་སྒྲ་ཞིག་བཅུག་དགོས་ཀྱི་འདུག་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རང་སྲེག་གི་གནས་ཚུལ་ཁག་གཉིས་ནས་གླེང་བ་ལྟ་བུ་དགོས་ཀྱི་འདུག
    གསུམ་པ། ད་དུང་སྐྱོན་གཞན་པ་ཡང་ཡོད་ཀྱི་རེད།
    ་་་་་་་་་་་་་་་་་་་་་་་ཀློག་པ་པོས་ལྷ་འབྲི་མ་ཤེས་རུང་རྩོམ་པ་པོས་བྲིས་པའི་ལྷའི་སྤྱན་གཉིས་ལ་ཆེ་ཆུང་ཤོར་ཡོད་མེད་བལྟ་ཐུབ་ཀྱི་རེད།

    ReplyDelete
  43. མཚན་མི་གསལ་བའི་ཀློག་མཁན་ཁྱེད་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།
    ༡) དུས་ཚོད་ཏག་ཏག་ཡིན། གནད་ལ་འཁེལ་ཡོད།
    ༢) བརྗོད་གཞི་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རང་སྲེག་གི་རྣམ་པ་མི་འདྲ་བ་གཉིས་ཀྱི་སྐོར་ཡིན། དེ་དང་ཁ་བྲལ་མེད།
    ༣) གསར་པ་གང་ཡང་མིན་ཞེས་པས། ཕྱིས་སུ་འབྱུང་བར་ཧ་ལས་རྒྱུ་མེད་ཅེས་པའི་གོ་དོན་ཞར་ཡང་མ་མཆིས། ཐོག་མ་མིན་ཞེས་བཅོས་ན་སྐྱོན་སེལ་ཐུབ་པར་འདོད་ཁུལ་ཡང་དོན་དུ་དེར་ཟད།
    ༤) ད་ལྟའི་རང་སྲེག་གི་གནས་ཚུལ་ནས་མ་འོངས་པའི་རང་སྲེག་ལ་དཔྱད་གླེང་ཅི་ཡང་བྱས་མེད། སྔོན་གྱི་རང་སྲེག་གི་གནས་ཚུལ་གླེང་སྟེ། དེའི་སྐབས་ཀྱི་ཐག་གཅོད་བྱེད་ཚུལ་དང་དེང་གི་ཐག་གཅོད་བྱེད་སྟངས་ཀྱི་བར་ཁྱད་གླེང་སྟེ། སྔོན་གྱི་ཐག་གཅོད་བྱེད་སྟངས་ཀྱི་ཁྱད་ཆོས་གླེང་ཡོད།

    ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།

    ReplyDelete

  44. ༡ དུས་ཚོད་ཏག་ཏག་ཡིན་གསུངས་བ་དེ་ནི་ད་ལྟའི་གནས་འོག་རྩོམ་ཡིག་དེ་འདྲ་ཞིག་སྤེལ་ན་ཀློག་མཁན་གྱི་་དོ་སྣང་བྱེད་པའི་དུས་ཚོད་ཏག་ཏག་ཡིན་་ཅེས་དགོངས་པ་མིན་ནམ་བསམ་གྱི་འདུག དེ་འདྲ་ཡིན་ན་ཚོང་པ་ཞིག་གི་ལས་ཀ་རེད་རྩོམ་པ་པོ་ཞིག་གི་ཕྱག་ལས་མ་རེད། སྔས་དགོས་ཕྱིས་དགོས་ཟེར་དོན་ཡང་དེ་ཡིན།

    ༢ གསར་པ་གང་ཡང་མིན་ཞེས་པ་འདི་ཚིག་དུམ་དེའི་ནང་ཧ་ལས་རྒྱུ་མེད་ཟེར་བ་ལས་་གཞན་དུ་གོ་རྒྱུ་མེད་འདུག་པས། ཁྱེད་ཀྱིས་མ་མཆིས་དང་ངས་དེ་འདྲ་མི་བསམ་གསུངས་ན་ཀློག་པ་པོས་དེ་འདྲ་མི་གོ་བར་ཕན་ཐོགས་ཤིག་ཡོད་དམ།

    ༣ ་་་་་དཀྱེལ་ཡངས་བསམ་ཤེས་དང་གྲོས་མོལ་གྱི་ལམ་ནས་རྙོག་གྲ་ཆེན་པོ་དེ་ཡོངས་སུ་ཞི་འཇམ་དུ་བཏང་ཡོད། ཚད་གཞི་དེའི་ཐོག་ནས་བལྟས་ན། ད་ལྟའི་་་་་་་་་་་་་་་་་་་་སྲིད་བྱུས་དེ། ཧ་ཅང་རྗེས་ལུས་དང་ཧ་ཅང་ནུས་མེད་ཡིན་པ་ནི། དུས་རབས་ཉེར་གཅིག་པ་དང་དུས་རབས་བརྒྱད་པའི་བར་ལོ་གྲངས་ག་ཚོད་ཀྱི་ཁྱད་པར་ཡོད་པ་དེས་མཚོན་ནུས་པ་ཞིག་རེད། །ཅེས་བར་གྱིས་གསལ་བོར་ཁྱེད་ཀྱིས་སྔོན་མོའི་བྱ་ཐབས་ཚད་གཞིར་བཟུང་ནས་ད་ལྟའི་བྱ་སྟངས་ལ་དཔྱད་པ་བཏང་ཡོད་པ་ལས། འབྲུ་ཐོག་ནས་སྔོན་གྱི་ཁྱད་ཆོས་ཤིག་གསུངས་ཀྱི་མེད་ལ་འདུག དེ་མིན་ཤུགས་སུ་ཡང་ན་དེ་དང་གྲོགས་ནས་སྔོན་གྱི་ཁྱད་ཆོས་གོ་རྒྱུ་ཡོད་ཅེས་གསུངས་ཀྱི་མ་རེད་བསམ་གྱི་འདུག་སྟེ། དེ་འདྲ་གསུངས་ན་དགོད་དྲོ་པོ་ཞིག་རེད།

    སྔར་བྱུང་གི་སྒྲུང་བཤད་ཀྱི་ཡིན་ཟེར་ནས་དེང་གི་བྱ་བ་བརྗོད་ན་སྔར་བྱུང་གི་སྒྲུང་ཞིག་ཨེ་རེད། དེ་བརྟེན། སྔོན་གྱི་ཐག་གཅོད་བྱེད་སྟངས་ཀྱི་ཁྱད་ཆོས་གླེང་ཡོད་གསུངས་བ་ནི་བརྒྱ་ཆ་སྤྲོད་ཀྱི་ཡོད་ཟེར་བ་དང་གཅིག་པ་རེད་འདུག་པས། ངའི་འདྲི་བ་ནི། རྩོམ་ཡིག་དེར་ཁྱེད་ཀྱིས་ལོ་རྒྱུས་ཤིག་གླེང་གི་ཡོད་དམ། ཡང་ན་ལོ་རྒྱུས་སྟེང་གི་བྱ་བ་ཞིག་དང་ད་ལྟའི་བྱ་བ་ཞིག་དབར་གྱི་ཁྱད་ཆོས་ཇི་ཡོད་གླེང་གི་ཡོད། ཡང་ན་དེ་གཉིས་ཀ་གླེང་གི་ཡོད་ན་གཙོ་བོ་གང་ཡིན་ནམ། དེ་བཞིན་དཔྱད་གླེང་ཞིག་མ་བྱས་པར་ཁྱད་ཆོས་ཤིག་གླེང་རྒྱུ་ཅི་འདྲ་ཡོང་ཐུབ་བམ།་

    ༤ རྩོམ་ཡིག་གི་་ཡིག་འབྲུའི་ཆ་ཤས་མང་ཤོས་དེས་བརྗོད་གཞིའི་སྐོར་གླེང་ཡོད་རུང་། འདིས་རྩོམ་ཡིག་བརྗོད་གཞི་དང་ཁ་བྲལ་མེད་པའི་ངེས་པ་མེད།
    སྐྱོན་བྱུང་འདུག་ཟེར་ས་ནི་མགོ་ཡི་དུམ་བུ་དེ་དང་མཇུག་གི་དུམ་བུའི་ནང་རེད་དེ། མགོ་མཇུག་གི་སྐད་ཆ་དེ་དག་སོ་སོའི་ཆེད་བར་དུ་ཡིག་འབྲུ་མང་པོ་ཞིག་བྲིས་པ་འདྲ་པོ་ཆགས་འདུག་ལ། ཡང་བརྗོད་གཞི་དེ་ནི་བར་གྱི་སྐད་ཆ་དེ་རང་རེད། ཁྱེད་ཀྱི་རྩོམ་ཡིག་དེའི་ནང་མགོ་མཇུག་གི་ཡིག་འབྲུ་ཕོན་ཆུང་ཆུང་ཞིག་ཡོད་པ་དེ་དག་ཕྱིར་བླངས་ན་བརྗོད་གཞིར་སྐྱོན་ཆ་ཏིལ་འབྲུ་ཙམ་ཆགས་ཀྱི་མེད་འདུག་ལ། བརྗོད་གཞིར་ཁ་གསལ་ཡོང་གི་འདུག དེར་བརྟེན་མགོ་འཇུག་གི་ཡིག་འབྲུ་དེ་དག་བརྗོད་དང་འབྲེལ་བ་ཏན་ཏན་མེད་པ་རེད་བསམ་གྱི་འདུག

    ༥ ང་ནི་ང་རང་གི་ཡིད་སྨོན་བྱ་སའི་མིར་བསམ་འཆར་ཡིན་ཅིག་འདོན་དགོས་མཁན་ཞིག་ཡིན། ཡིན་ནའང་བསམ་འཆར་ཇི་ཡོད་ངོ་མ་བཤད་ན་ཐུགས་སྤྲོ་པོ་ཡོང་མཁན་ཉུང་ནུང་རེད་འདུག

    ་་་་་་་་་་་་་་་་་་་་་་་་་རྩོམ་པ་པོར་རང་ཚུགས་ཡོད་རེད་ལ་རྩོམ་པ་པོས་བསམ་འཆར་ཡང་བླངས་ཀྱི་རེད། རྩོམ་པ་པོས་རང་ཚུགས་དང་ང་རྒྱལ་འཛོལ་གྱི་ཡོད་རེད་ལ་བསམ་འཆར་དང་དམའ་འབེབ་ཡང་ནོར་གྱི་རེད། ཕཚ།



    ReplyDelete
  45. དུས་ཚོད་ཏག་ཏག་ཡིན་ཞེས་པ་ནི། སྐབས་དེར་རྒྱ་ནག་གཞུང་གིས། རང་སྲེག་ནི་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བྱུང་མ་མྱོང་ཞིང་དེ་དང་འགལ་བ་ཡིན་ཚུལ་དང་། རང་སྲེག་ནི་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་འགལ་བ་རེད་ཅེས་དྲིལ་བསྒྲགས་བྱས་པ་རེད། ལོ་རྒྱུས་ཀྱི་འཕེལ་རིམ་དང་འགལ་ཚུལ་དང་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་འགལ་ཚུལ་གྱི་སྐད་ཆེ། གཞུང་གིས་བཤད་པ་ཙམ་མིན་པར་བླ་སྤྲུལ་གྱི་མིང་འཛིན་འགའ་ལའང་བཤད་དུ་བཅུག་པ་རེད། བོད་པ་རང་ཉིད་ཀྱི་ནང་དུའང་། ལོ་རྒྱུས་ཀྱི་བྱུང་བ་འདི་ལ་དོ་སྣང་གནང་མཁན་ཧ་ལམ་དཀོན་ཙམ་ཡིན་པ་འདྲ། གནད་དོན་དེ་ཉེ་དུས་ཕྲན་རང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བགྲོ་གླེང་ཚོགས་འདུར་བཅར་དུས་མཐོང་ཚུལ་ཧ་ཅང་གསལ་པོ་བྱུང་། གང་ལྟར་རྒྱ་ནག་གཞུང་གིས་དེ་འདྲ་ཞིག་བཤད་ཡོང་དུས། བོད་ཀྱི་ལོ་རྒྱུས་ནང་གནས་ཚུལ་དེ་འདྲ་བྱུང་མྱོང་མེད་པ་མིན་པར་བྱུང་མྱོང་བ་དང་། བྱུང་མྱོང་བ་དེ་ཡང་རང་སྲེག་ངོ་རྒོལ་གྱི་རྣམ་པ་དང་། རང་སྲེག་མཆོད་འབུལ་གྱི་རྣམ་པ་གཉིས་ཀར་བྱུང་ཡོད་ཚུལ་དེ་གསལ་འདོན་བྱས། རྩོམ་ཡིག་འདི་བོད་ནང་གི་དྲྭ་ལམ་དུ་སྤེལ་དགོས་སྟབས། དེ་ལ་གཞིགས་པའི་ཚིག་སྦྱོར་ལའང་བསམ་གཞིགས་བྱས་ཡོད། ཚོང་པ་ཞིག་གི་ལས་ཀ་བྱས་འདུག་གསུངས་ནའང་འདྲ། སྐབས་དོན་དང་འགལ་འདུག་གསུངས་ནའང་འདྲ། བདག་གིས་དམིགས་ས་དེ་འདྲ་ཞིག་ཡིན།

    བདག་ནི་རྩོམ་པ་པོ་ཡིན་རློམ་དང་། ཤེས་ལྡན་ཡིན་སྤོབས་ཅི་ཡང་མེད། བོད་ཡིག་ཅུང་ཟད་ཅིག་ཤེས་པ་དེ་བཀོལ་ནས་སྐབས་འགར་བསམ་ཚུལ་འགའ་ཡི་གེར་སྤེལ་བ་ཙམ་ཡིན། དེར་བརྟེན་མ་ཡིན་ཡིན་ཁུལ་གྱིས་གཞན་གྱི་བསམ་འཆར་ལ་ཉན་པའི་ཁོག་རྒྱ་ཡོད་ཁུལ་ཡང་བྱེད་ཀྱི་མེད། ང་རང་ལ་རིན་ཐང་ཞིག་ཡོད་ན། དགྲ་གཉེན་ངོ་ཤེས་པའི་སྒོ་ནས་གང་བསམས་དེ་བརྗོད་བྱས་པ་དེ་ཙམ་ལགས། ཐུགས་རྗེ་ཆེ། མུ་མཐུད་དགོངས་འཆར་གནང་རོགས།

    ReplyDelete
  46. ངས་བྲིས་པའི་མཆན་དེ་ཚོ་མི་གཞན་གྱིས་ཀྱང་ཀློག་ཉེན་ཆེ། དེར་བརྟེན་དང་ཐོག་ངས་གསལ་བཤད་ཅིག་བྱ་གི་ཡིན། འདིར་ངས་བྲིས་པ་དེ་ང་མི་སྒེར་ཞིག་གི་བསམ་བློ་གཏོང་ཕྱོགས་ཤིག་ནས་དེ་འདྲ་འདི་འདྲ་བསམ་གྱི་འདུག དེ་དང་འདི་ངར་གོ་གི་འདུག་ཟེར་བ་ལས། ཁྱེད་ཚོས་ཉོན་དང་རྩོམ་པ་པོ་ཁོང་མི་འདི་འདྲ་མ་རེད་ཅེས་རྩ་བ་ནས་ཟེར་གྱི་མེད།
    དེ་བས་རྒན་ཆུང་ཚེ་རིང་ལགས། ཁྱེད་རང་མི་ཇི་ཡིན་དགུ་ཡིན་ཞུ་གི་མེད། གུས་པ་ཀློག་པ་པོ་ཞིག་གིས་གོ་སྟངས་མི་འདྲ་བ་དེ་འདྲ་ཞིག་ཀྱང་འདུག་ཞུ་བ་ཙམ་ཡིན། ངའི་ཚིག་འབྲུ་ལ་ཐལ་ཆ་ཡོད་རེད། ཡིན་ནའང་ཁྱེད་རང་ལ་སྨྱོན་བཙུགས་བྱས་ནས་ནག་པོར་བཟོ་འདོད་ཡོད་ན་ངས་འདིར་བཤད་ཀྱི་མ་རེད།

    ད་ང་མུ་མཐུད་བསམ་འཆར་འདོན་གྱི་ཡིན།

    ༡ ང་མཐོང་རྒྱ་ཐོས་རྒྱ་ཉུང་ཉུང་ཡིན་ངོ་མ་ཡིན། རྒྱ་ནག་གིས་སྨྱོན་བཙུགས་དེ་འདྲ་ཞིག་བྱས་ཡོད་པ་མ་ཤེས་སྟབས་མགོའི་ཚིག་དུམ་དེར་གོ་བ་གཞན་ཞིག་སླེབས་པ་རེད། དེ་ཁྱེད་རང་གི་དགོངས་པ་མ་རེད། ཡིན་ནའང་ཁྱེད་རང་གིས་བསམ་གཞིགས་གནང་དང་ཁྱེད་རང་གི་བསམ་ཚུལ་ཞིག་མི་གཞན་ཞིག་གིས་ཤེས་ཆེད་དུ་ཁྱེད་ཀྱི་འདི་བྲིས་པ་རེད། ཡིན་ནའང་ང་ལྟ་བུ་མི་མང་པོ་ཡོད་རེད་ལ་དེ་ཚོས་ཁྱེད་རང་གིས་བརྗོད་འདོད་པའི་དགོངས་པ་་ཇི་བཞིན་དང་ཡང་ནང་འདྲ་བ་ཞིག་ལོན་མི་ཐུབ་ན་གང་འདྲ་ཆགས་ཀྱི་འདུག ཡང་རྩོམ་འདིའི་རྗེས་ལ་འགྲེལ་པ་ཞིག་བྲིས་ནས་ཁྱེད་ཀྱིས་གང་བསམ་དང་གང་དགོངས་གསལ་བཤད་བྱ་དགོས་ན་ཅི་འདྲ་ཞིག་རེད། ཁྱེད་ཀྱི་ཀློག་པ་པོ་ང་ཚོར་ཡང་དཀའ་ལས་ཤིག་རེད།

    ཁྱེད་ཀྱི་རྩོམ་འདི་བྲིས་དགོས་པའི་བསྐུལ་སློང་དང་དམིགས་ཡུལ་བཞག་ནས་ཀློག་པ་པོ་སྤྱིར་བཏང་རང་ཞིག་གི་ངོས་ནས་ཐེངས་གཅིག་ལྗགས་ཀློག་གནང་དང་། དེ་འདྲ་ཞིག་གོ་རྒྱུ་མེད་པ་ཞིག་རྩ་བ་ནས་རེད་འདུག་གམ།

    ༢ མགོའི་དུམ་བུ་དེས་གོ་ལོག་ཐེབས་ཀྱི་འདུག མཇུག་གི་དུམ་བུའི་ནང་ནས་བརྗོད་གཞི་དང་བྲལ་འདུག

    ༣ དེ་གཉིས་མེད་ན་ཡང་ན་བཅོས་ན་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་རེད་ཟེར་བ་སོགས་ལ་འགག་ལན་མི་ཐེབས་པ་རྩ་བ་ནས་མེད་འདུག་ལ་བོད་ནང་གི་དུ་དེ་བས་ཆུ་རྒྱུག་རྒྱུག་འགྲོ་ཐུབ་ཀྱི་རེད། བོད་རིག་པའི་དུས་དེབ་ཐོག་ཏུའང་འདོན་ཆོག་གི་རེད།

    འོ་དང་དུང་ང་རང་དཀར་འདོན་ཞིག་བྱ་དགོས་ཀྱི་འདུག ངས་ག་གེ་མོ་དགོངས་པ་མིན་ནམ་བསམ་གྱི་འདུག དེ་འདྲ་ཡིན་ན་ག་གེ་་མོ་་རེད་ཅེས་མིན་ནམ་བསམ་གྱི་འདུག་ཅེས་དང་དེ་འདྲ་ཡིན་ན་ཞེས་བྲིས་ནས་དོགས་པ་ཡོང་སྟངས་བཤད་པ་ལས་ཚིག་ཐག་ཞིག་བཅད་འདུག་གམ། ཞིབ་མོ་བྱས་དེ་དག་གཟིགས་རོགས།

    ངས་བྲིས་པའི་མཆན་དེ་ཚོ་ཁྱེད་ཀྱིས་་ནི་གཟིགས་སོང་། བསུབ་རོགས་གནང་ངས་འདི་ནས་བསུབ་ཐུབ་ཀྱི་མེད་འདུག ངའི་ཡིག་ནོར་བྱུང་དེ་ཚོ་ཁྱེད་ཀྱིས་བཅོས་རོགས་ཀྱང་བྱས་མ་སོང་། ང་ལ་འགྱོང་རང་རེད་འདུག

    ་་་་་་་་་་་་་ང་མི་ཁོག་པ་ངན་པ་་ཞིག་ཀྱང་ཡིན། ང་ཕྱི་རྒྱལ་སྐད་སྦྱོང་སར་རྒྱ་རིགས་ཀྱང་མཉམ་དུ་ཡོད། ཡིན་ནའང་ཁོ་ཚོས་འབྲི་ཀློག་སྐབས་ནོར་འཛོལ་ཤོར་བ་ངས་ཤེས་རུང་མཐོང་རུང་འདྲིས་རུང་རྩ་བ་ནས་ལབ་ཀྱི་མེད། ད་དུང་བསྟོད་ར་གཏོང་གི་ཡོད་ལྐུགས་པ་དེ་ཚོས་་ང་ལ་ང་ཅང་དགའ་བོ་བྱེད་ཀྱི་རེད། ཧཧ།









    ReplyDelete
  47. འོ། གཅིག་བྱས་ན་ཁྱེད་རང་གིས་མཁྱེན་གྱི་ཡོད་ཀྱི་མ་རེད། གཞན་གྱིས་བཞག་པའི་མཆན་ལ་སྟངས་འཛིན་ཇི་ལྟར་བྱ་མིན་གྱི་འདེམས་ཀ་ཡང་་ཡོད་རེད། མཆན་ལ་ཁྱེད་ཀྱིས་གཟིགས་བསྒྲུབས་རྗེས་རྩོམ་ཡིག་འོག་འཇོག་དང་མི་འཇོག་ རྙིང་པ་ཞིག་བསུབ་གསར་པ་ཞིག་བཞག་པ་སོགས་ཀྱི་འདེམས་ཀ་ཡོད་རེད། གཅིག་འཚོལ་གནང་དང།

    ReplyDelete
  48. ཁྱེད་ཀྱི་དགོངས་འཆར་དེ་དག་དུས་སྐབས་ཤིག་གི་དགོངས་འཆར་ཡིན་པས། ད་ཆ་དེ་ལ་འགྱུར་བ་བྱུང་རུང་བསུབ་དགོས་དོན་མེད། ཀློག་པ་པོ་དག་གིས་དགོངས་འཆར་དེ་ཚོ་ཆ་ཚང་ཀློག་ན་གོ་ནོར་མི་འབྱུང་བར་ཕན་ངེས་པར་མ་ཟད། བློ་སྐྱེད་ཀྱང་འབྱུང་སྲིད་པ་ཡིན།

    ཕྲན་གྱིས་དྲྭ་དེབ་ཀྱི་མཆན་རྣམས་ལ་སྟངས་འཛིན་བྱེད་སྟངས་ཤེས་ཀྱི་ཡོད། འོན་ཀྱང་ད་ཕན་མཆན་དགོད་མཁན་བཀག་པ་དང་མཆན་ལ་བསུབ་བཅོས་བྱེད་དགོས་པའི་གནས་ཚུལ་བྱུང་མ་མྱོང་། མུ་མཐུད་ནས་དགོངས་འཆར་ག་རེ་ཡོད་ཀྱང་གསུངས་ན་འགྲིགས།

    ཁྱེད་ཀྱིས་གསུངས་པའི་གནད་དོན་བརྗོད་གཞི་དང་ཁ་བྲལ་འདུག་གསུངས་པ་དེར་བསམ་གཞིགས་བྱས་པ་ཡིན། དཔྱད་བརྗོད་བྱེད་སྟངས་ལ་རིགས་མང་པོ་ཡོད། ལོ་རྒྱུས་སུ་ག་རེ་བྱུང་ཡོད་མེད་རྐྱང་བཤད་བྱེད་པ་དང་། དེ་ལ་རང་གི་བསམ་ཚུལ་བརྗོད་པ། གནས་སྟངས་ཁ་ཤས་ཕན་ཚུན་མཚུངས་བསྡུར་བྱེད་པ་སོགས་སྣ་ཚོགས་ཡོད་པ་རེད།
    རྩོམ་ཡིག་འདིའི་ནང་། ༡) འདས་པའི་ལོ་རྒྱུས་དེ་གླེང་དུས། ཐོག་མའི་རྐང་འཛུགས་སའི་གནས་བབས་དེ་ད་ལྟ་ཡིན། ད་ལྟ་ནས་ཡར་ལོ་བརྒྱ་ཕྲག་མང་པོའི་གོང་གི་ལོ་རྒྱུས་ལ་བལྟས་ནས་འགོ་བཙུགས་ཤིང་། ལོ་བརྒྱ་ཕྲག་མང་པོའི་གོང་གི་ལོ་རྒྱུས་ནས་ད་ལྟའི་གནས་སྟངས་ལ་བལྟས་ཏེ་མཇུག་བསྡུས་ཡོད།
    ༢) དེ་བཞིན་ལོ་རྒྱུས་ཐོག་བྱུང་བའི་རང་སྲེག་གི་གནས་ཚུལ་གཉིས་རེ་རེ་ནས་གླེང་བར་མ་ཟད། དེ་གཉིས་གཤིབས་བསྡུར་ཡང་བྱས་ཏེ། མཐུན་ས་དང་མི་མཐུན་ས་གསལ་འདོན་བྱས་ཡོད། དཔྱད་གླེང་བྱེད་སྟངས་འདི་རིགས་ནི། ཚགས་པར་དང་དྲ་ལམ་དཔྱད་གླེང་གི་སོགས་སུ་རྒྱུག་ཆེ་ཞིང་། ཞིབ་འཇུག་རྐྱང་པའི་དཔྱད་དེབ་ཁག་ཏུ་འདི་རིགས་མི་འགྲོ། རྩོམ་ཡིག་འདི་ཕྲན་དང་ཁེ་ཎ་ཌར་བཅའ་བཞུགས་མཁས་དབང་ཚེ་རིང་ཤཀྱ་ལྷན་དུ་བྲིས་ཤིང་། བོད་ཀྱི་དུས་བབ་ཚགས་པར་དང་། བོད་ཀྱི་བང་ཆེན་ཚགས་པར། དེ་གཉིས་ཀྱི་དྲྭ་ལམ། བོད་ནང་གི་དྲྭ་ལམ་ཁ་ཤས་བཅས་སུ་བཀོད་དེ་ཟླ་ངོ་བཅུ་གྲངས་འགྲོ་ལ་ཉེ་བ་ཡིན། ཐུགས་རྗེ་ཆེ། མུ་མཐུད་དགོངས་འཆར་ག་རེ་མཆིས་ཀྱང་གསུངས་རོགས།

    ReplyDelete