2012-08-23

ཆར་པས་བརླན་པའི་སྙན་ངག

ཤག་ཤག་འབབ་པའི་ཆར་སྒྲ་དང་།།
འུར་འུར་ལྡང་བའི་རླུང་ཁྲོད་ནས།།
ཆར་གདུགས་སེར་སྨུག་ཕར་བསྐྱུར་ནས།།
གདོང་པ་ཐད་ཀར་གནམ་ལ་གཏད།།
 
ལུས་པོ་གྲང་ཞིང་བརླན་ན་ཡང་།།
སེམས་པ་ཚ་ཞིང་བརྔུལ་བར་གྱུར།།
ཆར་ཐིགས་ཁྲི་འབུམ་མདའ་མོ་ལྟར།།
ལུས་ཀྱི་ཕྱི་ནང་ཀུན་ལ་ཟུག །


མིག་ཆུའི་ཆར་གྱིས་བརླན་པ་ཡི།།
ས་གཞི་གདུང་བས་འདམ་དུ་བརྫིས།།
སངས་དུས་མེད་པའི་སྨུག་སྤྲིན་གྱིས།།
རི་དང་ནགས་དང་གྲོང་ཀུན་བཏུམས།།

གནམ་འདིས་སྦྲེལ་བའི་ཁྱེད་ཀྱི་སེམས།།
གཙང་འགྲམ་ལྗོན་པའི་ཁ་དོག་རེད།།
གློ་བུར་ས་ལ་ལྷུང་པ་ཡི།།
ལོ་མ་སེར་པོ་སེམས་ལ་གཟན།།

ཁེར་གདུང་སྐྱོ་ཤས་ཆེ་བ་ཡི།།
བྱིའུ་ཡི་གཤོག་ཟུང་ཐིགས་པས་སྦངས།།
ས་འབུ་ཉམས་ཆུང་ཁྱིམ་གཞི་ཡང་།།
ཆར་ཆུས་འཁྱེར་བར་སུ་ཡིས་བལྟ།།

ཆར་པ་ཉིན་གསུམ་བབས་པའི་མཐར།།
ཉི་མ་ཐེངས་གཅིག་ཤར་ན་ཡང་།།
རྒྱུ་མཚན་མེད་པའི་གྲང་རླུང་དེས།།
སེམས་པ་དྲོད་པའི་སྐབས་མི་འདུག །

དམ་བཅའི་སྣག་ཚ་བཏུང་པ་ཡི།།
ཤོག་བུའི་མདོག་ཀྱང་ཆར་པས་བསྒྱུར།།
དུས་གསུམ་འགྱུར་བ་མེད་པ་ཡི།།
བྱ་སྒྲོ་དཀར་པོའི་སྙིང་ཁ་རྨས།།

ལོ་དགུ་འཆི་བའི་སྨྱུ་གུ་འདིར།།
ཟླ་ཤས་གསོན་པའི་སྲོག་སྩལ་བས།།
སྙན་ངག་བདུད་རྩིའི་རོ་ནི་མྱངས། །
ད་ནི་ཆར་པས་གསད་ནའང་གསོད། །།

གདོང་དུ་འབབ་པའི་ཁྲུམ་ཁྲུམ་འདི།།
ཆུ་དང་མིག་ཆུ་རྔུལ་ནག་ཅི།།
ཡ་གིའི་རི་མགོའི་ཐིབས་ཐིབས་དེ།།
སྤྲིན་དང་སྨུག་པ་མུན་པ་གང།། །།

9 comments:

  1. རྡ་སའི་གནས་སུ་ལོ་མང་བསྡད།།
    རྡ་སའི་ཆར་པར་ཆ་རྒྱུས་ཡོད།།
    འོན་ཀྱང་ཆར་པའི་སྙན་ངག་ཅིག །
    མཐོང་བ་ད་རེས་དང་པོ་ཡིན།།

    སྙན་པོ་དང་སྐྱོ་ཤས་ཆེན་པོ་བྱུང་། ཐུགས་རྗེ་ཆེ། ཁྱེད་ཀྱི་སྙན་ངག་ལ་ཚོར་བ་ཆེན་པོ་འདུག

    ReplyDelete
  2. ཉིད་ཀྱི་སྙན་ངག་དག་ཀྱང་གང་བྱུང་དུ་འབྲི་མཁན་ཚོ་ལས་ཏོག་ཙམ་ཡག་པོ་འདུག་མོད། འོན་ཀྱང་། སྐུ་ཉིད་ཀྱི་མུ་མཐུད་དུ་བརྩམས་སྒྲུང་བྲིས་པ་ཡིན་ན་སྤྱི་ཚོགས་ལའང་ཕན་ཞིག་ཐོགས་ཀྱི་རེད་ལ། རང་ཉིད་ཀྱིས་ཀྱང་གྲུབ་འབྲས་ཞིག་ལོན་པར་ང་ལ་གདེང་ཚོད་འདུག དེ་མིན་སྙན་ངག་བྲིས་ནའང་ཁྱེད་ཀྱིས་རང་དབང་རེད་མོད། འོན་ཀྱང་། ཁྱེད་རང་གི་སྐབས་ཐོག་གི་ཚོར་བ་ཡིག་ཐོག་ཏུ་ཕབ་ཐུབ་པའི་བདེ་བ་ལས་ཀློག་མཁན་ལ་སེམས་ཚོར་སྤྲད་ཐུབ་པའི་སྙན་ངག་ཅིག་ད་ལྟ་བར་དུ་མཐོང་མ་སོང་། ངས་སྐུ་ཉིད་ཀྱི་བྱ་སྒྲོ་དཀར་པོའི་རྨི་ལམ་ལ་དོ་སྣང་ཆུང་ཆུང་རེ་བྱེད་བསྡད་པ་ཡིན། དེ་ཡིན་དུས་རྗེས་ཕྱོགས་ནས་སྐུ་ཉིད་ཀྱི་བརྩམས་སྒྲུང་མང་པོ་བྲིས་ཏེ་འདིར་བཀོད་རྒྱུར་རེ་སྐུལ་སྙིང་ནས་ཞུ།

    ReplyDelete
  3. སྤྱིར་བཏང་ངས་རང་ཉིད་ཀྱི་སེམས་ཀྱི་དམར་རྗེན་པོ་ཐད་ཀར་བཤད་པ་ཙམ་ལས་སྐུ་ཉིད་ལ་མི་དགའ་བ་དེ་འདྲ་ཞིག་རྩ་བ་ནས་མིན། ངས་སྐུ་ཉིད་ཀྱིས་བསྒྱུར་བའི་《 བོད་མི་གསར་བརྗེ་བ》 ་དང་། 《 མི་དམངས་ཀྱི་ཕན་བདེ་ཆེད་དུ》 ་ཞེས་པ་ཐེངས་རེ་གཉིས་བཀླགས་མྱོང་མཁན་ཞིག་ཡིན་ལ། དེ་གཉིས་ལ་གདེངས་འཇོག་བྱེད་མཁན་ཞིག་ཀྱང་ཡིན། དེར་མ་ཟད། ངས་སྐུ་ཉིད་ཀྱི་བརྩམས་སྒྲུང་ཞིག་ཀྱང་ཀློག་མྱོང་ཡོད། དེ་ནི་ལྷོ་ཕྱོགས་གང་དུ་ཡོད་ཅེས་པ་དེ་རེད། དེ་མ་ཡིན་པའི་སྐུ་ཉིད་ཀྱི་བརྩམས་སྒྲུང་རེ་ཡོད་མེད་ལ་སྐད་ཆ་དྲིས་ཏེ་ཡོད་པ་ཤེས་ཡོད་མོད། གཞན་པ་དེ་དག་རེག་མ་སོང་། གང་ལྟར་བརྩམས་སྒྲུང་དེ་ནི་སྒྱུ་རྩལ་གྱི་ཡང་རྩེ་སོན་པའི་བཙན་བྱོལ་གྱི་བརྩམས་སྒྲུང་ཡོད་དོ་ཅོག་གི་ཏོག་ལྟ་བུ་ཞིག་རེད། སྐབས་དེར་ད་དུང་སྐུ་ཞབས་འདིས་བརྩམས་སྒྲུང་བྲིས་པ་ཡིན་ན་ལག་རྗེས་མི་དམན་པ་ཞིག་འཇོག་ཐུབ་རྒྱུ་རེད་སྙམ་མོད། རྗེས་ཕྱོགས་སྐུ་ཉིད་ཀྱི་བརྩམས་སྒྲུང་སྐོར་གྱི་གཏམ་བཤད་ཅིག་ལ་ཉན་དུས་བརྩམས་སྒྲུང་འབྲི་རྒྱུ་མཚམས་བཞག་རབས་ཤིག་བཤད་སོང་། སྐབས་དེར་ང་ལ་ཕངས་སེམས་གནོན་མི་ཐུབ་པ་ཞིག་བྱུང་། གང་ལྟར་དེ་རིང་སྐུ་ཉིད་ཀྱིས་བྲིས་པའི་སྙན་ངག་འདི་ཀློག་དུས་སེམས་ཚོར་དེ་ཙམ་མ་སྤྲད་པས་གོང་གི་སྐད་ཆ་དེ་འདྲ་ཞིག་ཤོར་སོང་། ད་དུང་་སྐུ་ཉིད་ཀྱིས་སྒྱུར་རྩོམ་《 ང་ལ་དགྲ་མེད》་ ནི་ངས་རྟག་པར་ཀློག་གིན་པའི་རྩོམ་ཡིག་རིན་དང་ལྡན་པ་ཞིག་ཡིན། གོང་གི་སྙན་ངག་འདི་མ་ཡིན་པར་སྙན་ངག་གཞན་པའང་ཁ་ཤས་ཤིག་སྤེལ་འདུག་ལ། དེ་དག་བཀླགས་པ་ཡིན་ནའང་ཡི་གེའི་དག་ཆ་དང་། ཚིག་གི་སྡེབ་སྦྱོར་གྱི་ཆ་གནས་བཤད་རྒྱུ་ཞིག་མེད་ནའང་། སྣང་བརྙན་བསྐྲུན་སྟངས་དང་། འཆར་སྣང་སྤྲོས་སྟངས་ནི་དེ་འདྲའི་ཡིད་ལ་འཐད་པོ་རང་མི་འདུག འོན་ཀྱང་། ངས་སྒྱུ་རྩལ་གྱི་རོལ་མྱོང་བྱེད་སྟངས་ཤིག་གིས་ཁྱེད་ཀྱི་སྙན་ངག་གི་བླ་ན་མེད་པའི་མཛེས་པ་དེ་རྟོགས་མེད་ཀྱང་སྲིད།
    འབྲི་བ་བོ་ནི། བྱམས་པ་རྒྱལ་མཚན།

    ReplyDelete
  4. དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    ༡) ངས་སྒྲུང་འབྲི་དུས། ལ་ལས་སྒྲུང་ནི་ཉི་མ་འཁྱོལ་བྱེད་རེད། ཆོ་མི་འདུག་ཟེར།
    ༢) ངས་ཡིག་སྒྱུར་བྱེད་དུས། ལ་ལས་འགྱུར་ཇི་ཙམ་བཟང་ཡང་རྩོམ་གཞན་གྱི་རེད་ཟེར།
    ༣) ངས་སྙན་ངག་འབྲི་དུས། ལ་ལས་དེ་ཙམ་གྱི་རྩོམ་རྩལ་མི་འདུག་ཟེར།
    ༤) ངས་དཔྱད་རྩོམ་འབྲི་དུས། ལ་ལས། དེ་ནི་ཉེན་ཆེ་བས་ཞོགས་ཟེར།

    ཀ) གྲོགས་པོ་ལ་ལས་ད་སྒྲུང་མ་འབྲི། སྙན་ངག་བྲིས། ཁྱེད་རང་གི་སྙན་ངག་ལ་ཁྱད་ཆོས་དམིགས་བསལ་འདུག་ཟེར།
    ཁ) གྲོགས་པོ་ལ་ལས། སྙན་ངག་མ་འབྲི། སྒྲུང་བྲིས། དེ་ལ་དམིགས་བསལ་ཁྱད་ཆོས་འདུག་ཟེར།
    ང་) ལ་ལས། སྤྱི་ཚོགས་ལ་དགོས་མཁོ་ཆེ་ཤོས་དཔྱད་རྩོམ་དང་སྒྱུར་རྩོམ་རེད་ཟེར།

    གོང་གི་སྐད་ཆ་མང་པོ་ཞིག་རང་རང་གི་ངོས་ནས་སྙིང་གཏམ་རེད་ལ། སོ་སོའི་མཐོང་ཚུལ་རེད། འདི་ཚོའི་ཐོག་ཏུ་ཚང་མ་ཁ་འཆམ་པའི་ལྟ་སྟངས་ཤིག་ཡོང་ཐབས་མི་འདུག དྲང་པོ་བཤད་ན་ངའི་སྒྲུང་རྩོམ་ཁ་ཤས་ཡག་པོ་བྱུང་ཡོད་སྲིད། ཐམས་ཅད་ཡག་པོ་ཆགས་པ་དེ་འདྲ་མ་རེད། སྙན་ངག་དང་སྒྱུར་རྩོམ་སོགས་ཀྱང་དེ་བཞིན་རེད།

    ད་ཁ་ཟིན་སྣ་ཟིན་བྱས་ནས་འགྲོ་གི་ཡིན། སྙན་ངག་བསྐྱར་དུ་འབྲི་འགོ་བཙུགས་ནས་ཟླ་ཤས་སོང་། ད་དུང་མུ་མཐུད་འབྲི་གི་ཡིན། ཐམས་ཅད་དགའ་བ་ཞིག་ངས་འབྲི་མི་ཐུབ་པ་ཤེས་ཡོད། ཐུགས་རྗེ་ཆེ།

    ང་རང་ཆུང་དུས་ནས་སྙན་ངག་ལ་དགའ་མཁན་ཞིག་ཡིན།

    ReplyDelete
    Replies
    1. གྲོགས་པོ་ཆུང་ལགས།

      ཨ་མ་བསམ་ན་གནའ་སྒྲུང་བྲིས།།
      སྐྱེ་དམན་བསམ་ན་སྙན་ངག་བྲིས།།
      ཕྲུ་གུ་བསམ་ན་བྱིས་སྒྲུང་བྲིས།།
      ཀུན་ལ་བསམ་ན་སྣ་འཛོམས་བྲིས།།

      Delete
  5. ང་ལ་མཚོན་ན། སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱིས་སྙན་ངག་དང་། སྒྲུང་། དཔྱད་རྩོམ། འགྱུར་རྩོམ། ལྷུག་རྩོམ་བཅས་ག་རེ་བྲིས་ཀྱང་དམིགས་བསལ་ཁྱད་ཆོས་འདུག དམིགས་བསལ་ཉེ་དུས་ཀྱི་སྙན་ངག་ལ་ནུབ་ཕྱོགས་པའི་སྙན་ངག་གི་ལེགས་ཆ་མང་པོ་འཛོམས་འདུག

    ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་། སྒྲུང་ཚད་ལྡན་འབྲི་ཐུབ་མཁན་དང་ཡིག་སྒྱུར་ཚད་ལྡན་གནང་ཐུབ་མཁན་དཀོན་པོ་རེད། སྙན་ངག་ཆགས་ཡོད་མེད་མི་ཤེས་ཀྱང་སྙན་ངག་ཏུ་འབོད་པ་འབྲི་མཁན་མང་། དེར་བརྟེན། སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱིས་གཙོ་བོ་སྒྲུང་རྩོམ་དང་ཡིག་སྒྱུར་གཉིས་གནང་ན་ཡག་པོ་འདུག་སྙམ།

    ReplyDelete
  6. སྙན་ངག་ནི་སྙན་ངག་རྩོམ་པ་པོ་དང་། སྙན་ངག་ཀློག་པ་པོ་གཉིས་ཀའི་ཚོར་བ་སྤྲོད་སྟངས་དང་། ཚོར་བ་མྱོང་སྟངས་གཉིས་ཀར་ཐུག་ཡོད་པར་སེམས། དེ་བཞིན་དུ་སྒྱུ་རྩལ་གྱི་རྣམ་པ་སྟོན་སྟངས་ཀྱང་དེ་ལྟར་ཡིན། དེ་ནི་མི་གཉིས་ཀྱི་ཁ་ལག་གི་དང་ཀ་མི་འདྲ་བ་དང་གཅིག་མཚུངས་རེད། མི་གཅིག་གིས་ཁ་ལག་གི་ནང་བཅོང་དང་སྨན་སྣའི་རིགས་མང་ཙམ་བླུགས་ན་བྲོ་བ་ཆེ་བ་ཚོར་གྱི་ཡོད་ལ་གཅིག་ཤོས་དེར་དེ་ལས་ཟློག་པའི་མྱོང་བ་ཡོང་གི་ཡོད། དེ་ནི་གཙོ་མི་སོ་སོའི་ཁམས་དང་མོས་པ་ཡིན། འོན་ཀྱང་ཁ་ལག་ལ་ཚ་མེད་པ་དང་། གཅུད་མེད་ཚེ་དའི་མྱོང་ཚོར་དེ་ཧ་ལམ་མི་ཚང་མར་སྤྲོད་ཀྱི་རེད། དེ་ནི་མིའི་ཁམས་དང་མོས་པ་མིན་པར་གཅོ་བོ་ཁ ལག་རང་སྟེང་གི་ཞན་ཆ་དེ་རེད། དེས་ན་སྙན་ངག་ཡིན་ཕྱིན། ཚང་མའི་ཡིད་སེམས་མགུ་བ་ཞིག་ཡོང་མི་སྲིད་ལ་ཡོངས་ཀྱི་འདོད་འདུན་དང་མཐུན་པ་ཞིག་དེ་བས་ཀྱང་ཡོང་ཐབས་མེད། དེ་ནི་སྙན་ངག་གི་ཁྱད་ཆོས་ཤིག་ལ་ངོས་འཛིན་ན་འགྲིག ལ་ལས་ཆུང་ཚེ་རིང་ལགས་ཀྱི་སྙན་ངག་དེ་ཚོ་བ་དང་བར་ཐག་ཉེ་ཞིང་། གོ་བདེ་བ། དམིགས་བསལ་སྒྱུ་རྩལ་གྱི་ཉམས་ཡོད་པ་ཞིག་ཚོར་གྱི་ཡོད་ལ་འགའ་ཤས་ཀྱིས་དེ་བས་གཞན་ཡང་ཚོར་སྲིད། འོན་ཀྱང་ང་ལ་མཚོན་ན། ཁོང་གི་བརྩམས་བྱ་རྣམས་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པའི་མྱོང་ཚོར་ཡོང་གི་འདུག དེ་སྔོན་ངའི་སློབ་གྲོགས་ཤིག་གིས་རང་མོས་སྙན་ངག་གི་དཔེ་དེབ་གཅིག་བཏོན་པ་རེད། འོན་ཀྱང་ཁོ་པའི་སྙན་ངག་ཁྲོད་ངས་གོ་བའི་སྙན་ངག་ཧ་ལམ་མི་འདུག ཁོ་པས་སྤྲིན་པའི་རྒྱབ་ལོགས་ན་ཅི་ཞིག་ཡོད་ལུགས་སོགས་མདོར་ན་ཁོ་པའི་སྙན་ངག་ལ་འགྲེལ་བ་དང་ཡང་འགྲེལ་སོགས་མེད་ན་གོ་ཐབས་མི་འདུག འོན་ཀྱང་གཞན་ལ་ཚོར་སྣང་མི་འདྲ་བ་ཞིག་སྤྲད་ཡོད་ཀྱི་ཡོད། གཅིག་བྱས་ན། ཁོཔའི་སྙན་ངག་དེ་རིགས་ཐོད་འགལ་གྱི་སྙན་ངག་ཡིན་པ་འདྲ།

    ReplyDelete
  7. རྒན་ཆུང་ཚེ་རིང་ལགས། ཁམས་བཟང་། ངའི་མིང་ལ་སྐལ་བཟང་ཉི་མ་ཟེར་ཞིང་། ད་ལྟ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་ལ། ཞོར་དུ་ཉེ་ལམ་ངེད་ཅག་ན་གཞོན་སྐོར་ཞིག་གིས་སྒོ་འབྱེད་བྱས་པའི་སྐར་ཁུང་དྲ་བའི་ཡིག་སྒྱུར་དང་འབྲེལ་མཐུད་ཀྱི་ལས་ཀའང་ཧུར་ཐག་གིས་བྱེད་ཀྱིན་ཡོད།
    འདིར་ཞུ་སྙིང་ནི་ངེད་ཅག་གིས་སྐར་ཁུང་དྲ་བར་བོད་རིག་པའི་ཆེད་མཁས་བ་དང་ཉམས་མྱོང་ཅན་རྣམས་ལ་དྲི་བ་གསུམ་ཅན་གྱི་བཅར་འདྲི་རེ་བྱས་ཏེ་འགོད་རྒྱུ་ལགས་ན། ད་ལན་ཁྱོད་ལ་ངེད་ཅག་གི་བཅར་འདྲི་དང་ལེན་བྱེད་པའི་སྐྱབས་འཇུག་ཞུ། དྲི་བ་གསུམ་དེ་ཡིག་ཐོག་ནས་བསྐུར་རྒྱུ་ཡིན་པས། རྒན་ལགས་ལ་ཁོམ་ལོང་ཡོད་མེད་ཀྱི་ལན་ཞིག་གནང་རོགས་མཁྱེན།
    གོང་མིང་པས་གུས་ཕུལ།

    ReplyDelete
  8. སྐལ་བཟང་ཉི་མ་ལགས་ལ་ཟུར་དུ་ལན་ཕུལ་ཟིན་པས་འདིར་གང་ཡང་མི་ཞུ། རིག་ལྡན་ལགས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་། དེ་ཡང་སྒྲུང་འབྲི་མཁན་དང་ཡིག་སྒྱུར་བྱེད་མཁན་དཀོན་པར་བརྟེན། ངས་དེ་གཉིས་བྱས་ན་ལེགས་གསུངས་པ་སེམས་ལ་བཞག་གི་ཡིན། གཞན་མིང་མི་གསལ་བ་ཞིག་གིས་ཀུན་ལ་བསམས་ན་སྣ་འཛོམས་བྲིས་གསུངས་པ་སོགས་ཀྱང་དགོད་བྲོ་པོ་དང་གོ་རྒྱུ་ཅན་དུ་མཐོང་། ད་ཐམས་ཅད་མི་གཅིག་གིས་འཇོན་དཀའ་བས། ག་རེ་གཙོ་བཟུང་དགོས་མིན་བསམ་གཞིགས་བྱེད་བཞིན་ཡོད།

    དེ་མིན་མིང་མི་གསལ་བ་གཞན་ཞིག་གིས། སྙན་ངག་ལྟ་བུའི་སྒྱུར་རྩལ་རྩོམ་རིག་གི་བྲོ་བ་མྱོང་བར། ཀློག་པ་པོར་ཡང་དེ་མཐུན་གྱི་ཤེས་ཚད་དང་མོས་པ་དགོས་ཞེས་ཟས་ལ་དཔེ་སྦྱར་ནས་གསུངས་པ་དོན་ལ་གནས། དེང་སང་མང་པོས་ངའི་སྙན་ངག་ལ་ནུབ་ཕྱོགས་སྙན་ངག་གི་ཤན་འདུག་ཟེར། དེའི་རྒྱུ་མཚན་གང་ཡིན་མི་ཤེས། ངས་ནུབ་ཕྱོགས་ཀྱི་སྙན་ངག་ཧ་ལམ་ཀློག་གི་མེད། ཡིན་ནའང་སྙན་ངག་གི་སྒྲོམ་གཞི་དང་མཚོན་སྟངས་ཐད་བསམ་བློ་གསར་པ་མང་པོ་གཏོང་གི་ཡོད། དེ་ནི་ལོ་བཅུ་གྲངས་ཀྱི་སྔོན་ནས་དེ་ག་ཡིན། ངས་དབྱིན་སྐད་ཕྲན་བུ་ཤེས་སྟབས། མི་མང་པོས་དབྱིན་ཇིའི་སྙན་ངག་ནས་དཔེ་བླངས་པ་རེད་དྲན་གྱི་མེད་དམ་སྙམ།

    ReplyDelete