2012-11-04

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།

མཚན་མོ་མུན་ནག་ནང་དུ།།
སེམས་པས་ལུས་པོ་དྲུད་དེ།།
སྡོད་ཁང་ཕྱོགས་སུ་ལོག་དུས།
ཟླ་བ་ཁེར་འདུག་མཐོང་བས།།
ཁྱེད་ཀྱི་འཛུལ་ཞལ་དྲན་བྱུང་།།

ཁྱེད་ཀྱི་སྨོན་ལམ་དྲན་བྱུང་།

ཐུགས་རྗེ་ཆེ་ཞེས་ཞུ་འོ།།
ང་ལ་རྒྱབ་སྐྱོར་གནང་བར།།
བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་ཐུགས་ཁུར་གནང་བར།།

ཞོགས་པ་མལ་ཆས་ནང་ནས།།

ང་རང་གཅིག་པུར་ལངས་དུས།།
ཁྱེད་ཀྱི་མངར་ཇ་དྲན་ནས།།
མིག་ཆུ་འཆོར་གྲབས་བྱེད་ཀྱང་།།
བརྩེ་བའི་གློག་འཕྲིན་མཐོང་དུས།།
སེམས་པ་དྲོད་ཀྱིས་གང་འགྲོ།།

ཐུགས་རྗེ་ཆེ་ཞེས་ཞུ་འོ།།

ང་ཡི་དགོས་མཁོ་ཤེས་པར།།
བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་གཤིས་འཇམ་གནང་བར།།


ཁང་ཆུང་གྲུ་བཞིའི་ནང་དུ།།

ང་རང་གཅིག་པུར་ཡོད་དུས།
ཁེར་རྐྱང་གདུང་བ་ཆེན་པོས།།
ལུས་སེམས་གཉིས་ཀ་མནར་ཡང་།།
ཁྱེད་ཀྱི་ཁ་པར་འབྱོར་དུས།།
ཐམས་ཅད་བདེ་ལ་འགྱུར་འགྲོ།།

ཐུགས་རྗེ་ཆེ་ཞེས་ཞུ་འོ།།

ང་ལ་བརྩེ་དུང་གནང་བར།།
བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་བསམ་ཤེས་གནང་བར།།

ཕྱི་ཡུལ་ཡར་མར་འགྲིམས་དུས།།

སེམས་པ་ཆར་པས་བརླན་ཡང་།།
དངུལ་ཁུག་ནག་པོའི་ནང་གི།།
ཁྱེད་ཀྱི་འདྲ་པར་མཐོང་བས།།
ཚང་མ་དྲོད་ཀྱིས་ཁྱབ་འགྲོ།།
ཡོད་ཚད་བརྩེ་བས་བཏུམ་འགྲོ།།

ཐུགས་རྗེ་ཆེ་ཞེས་ཞུ་འོ།།

ང་ལ་ལྷད་མེད་གནང་བར།།
བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་ཡིད་ཆེས་གནང་བར།།

ཕྲག་དོག་འབུར་འཇོམས་ཐོ་བས།།

སྨྱུ་གུ་དུམ་བུར་བཅག་ཅིང་།།
འཆར་སྣང་རི་མོ་ཡོངས་རྫོགས།།
དབང་ཤེད་ཅན་གྱིས་བཅོམ་དུས།།
སྔོན་ལས་ལོ་མ་ལྗང་ཁུས།།
སེམས་ཤུགས་མེ་ལྕེ་སྤར་བྱུང་།།

ཐུགས་རྗེ་ཆེ་ཞེས་ཞུ་འོ།།

ང་ལ་བསྐུལ་ལྕག་གནང་བར།།
བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་ནུས་ཤུགས་གནང་བར།།


སྐྱོ་ཤས་མིག་ཆུས་ཁེངས་པའི།།
བྱ་སྒྲོ་དཀར་པོའི་མི་ཚེར།།
བདེ་སྐྱིད་འོད་སྣང་སྤྲོ་མཁན།།
དྲོ་སྐྱིད་ཚོར་སྣང་སྦྱིན་མཁན།།
གདེང་སྤོབས་ཚད་མེད་སྤེལ་མཁན།། 
ཁྱེད་ལས་གཞན་པ་མི་འདུག །
  
ཐུགས་རྗེ་ཆེ་ཞེས་ཞུ་འོ།།
ང་ལ་བདེ་སྐྱིད་གནང་བར།།

བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་ཡོད་ཚད་སྩལ་བར།། །།

16 comments:

  1. གོ་བདེ་པོ། ནང་དོན་གསལ་པོ། ཚོར་བ་ཆེན་པོ་ཞིག་བྲིས་འདུག ཁྱེད་རང་གི་རྩོམ་ཡིག་ལ་དམིགས་བསལ་ཁྱད་ཆོས་འདུག ཐུགས་རྗེ་ཆེ་ཞུ་ས་དེ་སུ་ཡིན་རུང་། འཛམ་གླིང་ནང་བུད་མེད་བདེ་སྐྱིད་ཆེ་ཤོས་ཤིག་རེད།

    ཐུགས་རྗེ་ཆེ་ཞེས་ཞུ་འོ།། སྙན་ངག་ཕུལ་བྱུང་སྤེལ་བར།། བཀའ་དྲིན་ཆེ་ཞེས་ཞུ་འོ།། ཡིད་ཀྱི་དབང་པོ་འཕྲོག་པར།།

    ReplyDelete
  2. ཧ་ཅང་སྙན་པོ་དང་ཚོར་སྣང་ཆེན་པོ་བྱུང་། རིག་ལྡན་གྱིས་གསུངས་པ་བཞིན། སྙན་ངག་འདི་འབྲི་ཡུལ་བུད་མེད་དེ་བསོད་བདེ་ཆེན་པོ་རེད་ལ། ཁྱེད་རང་ཡང་བསོད་ནམས་ཆེན་པོ་རེད། མུ་མཐུད་ནས་ལྷད་མེད་ཀྱི་སེམས་པས་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་གནང་། འབྲས་བུ་བཟང་པོ་མུ་མཐུད་སྨིན་ངེས་རེད།

    ReplyDelete
  3. ཁྱེད་ཀྱིས་ཉེ་དུས་བྲིས་པའི་སྙན་ངག་ཚང་མ་ཀློག་པ་ཡིན། སྙན་ངག་ཚང་མའི་བརྗོད་བྱ་དང་རྗོད་བྱེད། སྒྲོམ་སློང་སྟངས་སོགས་ཕྱོགས་ཡོངས་ནས་ཁྱད་ཆོས་དམིགས་བསལ་འདུག ཁྱེད་རང་ཧྥ་རན་སིར་ཕེབས་པ་དེ་བོད་གཞུང་ལ་གྱོང་ཡིན་སྲིད་ཀྱང་། བོད་ཀྱི་རྩོམ་རིག་ལ་ཁེ་ཕན་རེད་འདུག མུ་མཐུད་དེ་རྩོམ་ཡིག་སྤེལ་རོགས་གནང་།

    ReplyDelete
  4. ཧ་ཅང་སྙན་པོ་བྱུང་། ལྷད་མེད་པའི་བརྩེ་དུང་དང་རྒྱབ་སྐྱོར། བསམ་ཤེས་ཟེར་བ་འདི་ཚོ་མཐོང་དུས། ང་ཚོ་གྲྭ་རྐྱང་ཚོ་ཡང་བརྩེ་དུང་གི་བྲོ་བ་མྱངས་འདོད་བྱུང་། རྩེད་མོ་ཡིན། ཁྱེད་ཀྱི་སྙན་ངག་དེ་ཚོ་ནས། ཁྱེད་རང་གི་རང་བཞིན་མཐོང་གི་འདུག

    ཐུགས་རྗེ་ཆེ།

    ReplyDelete
  5. དངོས་གནས་གོ་བདེ་པོ་འདུག རྡོག་རྡོག་ཡག་པོ་གཅིག་འདུག དེའི་མིང་ལ་སྙན་ངག་ཟེར་གྱི་རེད་པེ། །

    ReplyDelete
  6. སྙན་ངག་འདི་གོ་ཧ་ཅང་བདེ་པོ་འདུག

    ཁྱེད་ཀྱི་ལྷད་མེད་པའི་བརྩེ་དུང་དང་གཤིས་ཀ་མཐོང་ཡོང་གི་འདུག ཁྱེད་ཀྱི་བཟའ་ཟླ་དངོས་གནས་བསོད་ནམས་ཆེན་པོ་རེད། ཁྱེད་རང་ཡང་བསོད་ནམས་ཆེན་པོ་རེད།

    ReplyDelete
  7. སྙན་རྩོམ་སྙན་པོ་དེ་འདྲ། །
    ཀློག་རྒྱུ་བྱུང་བ་དེ་ལ་། །
    ཐུགས་རྗེ་ཆེ་ཞེས་ཞུའོ། །
    བཀའ་དྲིན་ཆེ་ཞེ་ཞུའོ། །

    གོ་བདེ་ཞིང་གོ་དོན་ཟབ་པའི་སྙན་རྩོམ་ཞིག་རེད་འདུག ཐུགས་རྗེ་ཆེ་བཀུར་འོས་སྐུ་ཞབས་ཆུང་ལགས། །

    ReplyDelete
  8. རིག་ལྡན་དང་བློ་བསྟན་ལགས། རྒན་བློ་གྲོས། ཁང་གསར་རྡོ་རྗེ། དོན་གླིང་བུ། དེ་མིན་མིང་མི་གསལ་བ་གཅིག་བཅས་ཀྱིས་སྙན་ངག་འདིར་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ།
    ཀློག་པ་པོ་ཚོར་སེམས་འགུལ་ཐེབས་པའམ། སེམས་ཚོར་དྲག་པོ་བསྐྲུན་ནུས་དུས། ང་ཚོས་དེ་ལ་སྙན་ངག་ཡག་པོ་དང་སྙན་པོ་འདུག་ཅེས་བཤད་ཀྱིན་ཡོད། འོན་ཀྱང་དེ་འདྲའི་སྙན་ངག་དེ་སྙན་པོ་དང་ཡག་པོ་ཇི་ལྟར་ཆགས་པ་རེད། ངས་བསམས་ན། སྒྱུ་རྩལ་གྱི་བརྩམ་བྱ་ཚང་མའི་རྨང་གཞི་ཞིག་ནི། དཀའ་སྡུག་དང་འབྲེལ་བ་ཡོད་རེད།
    བཟོད་ཐབས་བྲལ་བའི་ཚོར་སྣང་ཞིག མཚོན་ཐབས་བྲལ་བའི་གནས་ལུགས་ཤིག །གསལ་བཤད་བྱེད་ཐབས་བྲལ་བའི་གནས་སྟངས་ཤིག །དཀའ་སྡུག་ཆེན་པོས་རྣམ་པ་གཞན་ཞིག་དང་བཤད་སྟངས་གཞན་ཞིག་གིས་བཤད་དགོས་དུས། སྙན་ངག་ཕལ་ཆེ་བ་མིག་ཆུས་གྲུབ་པ་རེད་ཅེས་བཤད་རུང་བ་ཡིན།

    དེར་བརྟེན། ཁྱེད་རྣམ་པས། སྙན་ངག་འདི་སྙན་པོ་འདུག་དང་ཡག་པོ་འདུག་ཟེར་དུས། སྙན་ངག་དེའི་རྒྱབ་ཀྱི་སྐྱོ་གདུང་གི་སྙིང་སྒྲ་དེ་ཚོར་ཡོད་མེད་མི་ཤེས་ཀྱང་། ངའི་རེ་བ་ནི་སྙིང་སྒྲ་དེ་ཚོར་ཐུབ་དགོས་པ་དེ་ཡིན། དེ་ནི་སྙན་ངག་གི་བླ་སྲོག་དང་བྱེད་པོ་ངོ་མ་དེ་རེད།།

    ReplyDelete
    Replies
    1. ངོ་མ་ཞུས་ན་ངས་དེ་ཀློག་དུས་ཧོབ་ཏེ་མིག་ཆུ་ལམ་ཙམ་འཁོར། ཚོར་བ་ཡོད་པ་ཞིག་ཡིན་པ་འདྲ། དེ་མིན་རྟོག་གེ་མགོ་འཁྲེགས་ཀྱི་གྲྭ་པ་ང་ཚོ་ལས་སླ་པོ་མིག་ཆུ་བཏང་མི་ཡོང་། ཧ་ཧ

      Delete
    2. རྒན་བློ་གྲོས་ལགས་ཀྱིས་གང་གི་ཐུགས་ཚོར་དང་བཅས་ཏེ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ།

      Delete
  9. གནའ་དེང་ཟུང་སྦྲེལ་སྙན་ངག །བཀླགས་རྒྱུ་བྱུང་བ་དགའ་སོང་། །ཐུགས་རྗེ་ཆེ་ཞེས་ཞུའོ། བཀའ་དྲིན་ཆེ་ཞེས་ཞུའོ། །
    ཉིད་ཀྱིས་“ཁྲག་དོག” གསུངས་པ་གང་ཡིན་ནམ།

    ReplyDelete
  10. ཤམ་བྷ་ལ་ཡི་ཕོ་ཉ།། འདི་རུ་བྱོན་པས་དགའ་བྱུང་།། “ཁྲག་དོག་”ཡིག་ནོར་རེད་དོ།། དོན་དུ་“ཕྲག་དོག་”ཡིན་ནོ།། དགོངས་འཆར་ཐད་ཀར་གསུངས་པར། །ཐུགས་རྗེ་ཆེ་ཞེས་ཞུ་འོ།། །

    ReplyDelete
  11. ཁྲག་དོག་ ཕྲག་དོག་ལ་བཟོ་བཅོས་བྱས་ཚར།

    ReplyDelete
  12. This comment has been removed by the author.

    ReplyDelete
  13. ང་རང་རྒྱ་ནག་ལ་ཡོད་པས་བོད་ཕྲུག་གཅིག་ཡིན། ཁྱེད་ཀྱི་སྙན་ངག་ལས་བོད་ཀྱི་སྙན་ངག་ལ་དགའ་བ་གསར་པ་ཞིག་སྐྱེས། བཀའ་དྲིན་ཆེ། ཆུང་ལགས།

    ReplyDelete
  14. གངས་ཕྲུག་ཀརྨ་ལགས། ཕྲན་གྱི་རྩོམ་ཉོག་འདི་ཚོས། དེ་འདྲའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་ཡོད་ན། དེའི་དགའ་བ་ནི་གཞན་གང་གིས་ཀྱང་འགྲན་དུ་མེད་པའོ།། ཐུགས་རྗེ་ཆེ།

    ReplyDelete