2012-10-28

ཁང་ཆུང་དཀར་པོ།

ལྗང་མདོག་རི་ལམ་དེ་ནས་ཡར་ཕེབས་ན།།
ཀྱག་ཀྱོག་ལམ་བུ་དེ་ཡི་མཐའ་སྣེ་ན།།
སྨུག་ཞག་འཁྲིག་པའི་ལྡུམ་ར་གྲུ་བཞིའི་ནང་།།
གཡང་ཞག་འཁྱིལ་བའི་ཁང་ཆུང་དཀར་པོ་མཆིས།། 



ཡར་ལ་ཕེབས་ཤོག་ལྷད་མེད་ཁ་བཏགས་ཡོད།།
མར་ལ་བཞུགས་དང་འབོལ་གདན་ཁྲ་ཁྲ་ཡོད།།
ཕྱོགས་བཞིར་གཟིགས་དང་སེམས་ཀྱི་རི་མོ་ཡོད།།
ལེགས་པར་གསན་དང་སྙན་པའི་རོལ་མོ་ཡོད།།

ཁྱེད་རང་རྒྱང་རིང་ཞིག་ནས་ཕེབས་པ་འདྲ།

ང་ཡང་ཐག་རིང་བོད་ནས་ཡོང་པ་ཡིན།།
ཕན་ཚུན་རྒྱུས་མངའ་ཆུང་ཡང་གཅིག་པ་རེད།།
འདི་རུ་བཞུགས་ནས་ངལ་གསོ་ཅུང་ཙམ་མཛོད།།


བྱ་སྒྲོ་དཀར་པོའི་ཁང་ཆུང་དཀར་པོའི་ནང་།།

གསེར་གཡུ་མུ་ཏིག་ནམ་ཡང་མངོན་མི་སྲིད།།
ཀུན་ལ་མཁོ་བའི་རིན་ཆེན་ནོར་བུ་དེ།།
བྲིས་པས་མི་མཚོན་གནས་ལུགས་དེ་ཚོ་ཡིན།

ས་མཐར་གྱར་བའི་བྱ་སྒྲོ་ཐབས་སྐྱོ་ཡང་།།

སེམས་སྡུག་སེལ་བའི་གཏམ་ལ་ཟད་པ་མེད།།
ཤེས་རྒྱ་བསྐྱེད་པའི་དེབ་ཀྱང་སྤུངས་ནས་ཡོད།།
ནང་ཚགས་གནང་སྟེ་གང་དགའ་ཅི་བདེ་མཛོད།།

ཆང་རག་ཐ་མག་སྤངས་པའི་གྲོང་མཐའ་འདིར།།

སྐོམ་ཁ་གསོ་བའི་བཏུང་བར་ཇ་གཅིག་ཡོད།།
བཀྲེས་ལྟོགས་སེལ་བར་བག་ལེབ་ཁ་ཤས་ཡོད།།
ད་དུང་དགོས་ན་རང་བྱུང་ཤིང་ཏོག་ཡོད།།

སོང་ཟིན་ལམ་བུར་ཕྱི་མིག་དགོས་པ་ཆུང་།།

འགྲོ་རྒྱུའི་ལམ་ཐག་ཚོད་དཔག་ཐིག་མི་སྲིད།།
ད་ལྟ་ལག་ཏུ་ཡོད་པའི་དུས་ཚོད་འདིར།།
ད་ལྟའི་སེམས་པ་ལྷོད་ཀྱིས་འཇོག་པར་ཞུ།།

དུས་ནི་བཞུར་མཚམས་མི་ཆད་ཆུ་མོ་རེད།།

ཆུ་རླབས་གཅིག་ལ་མཛུབ་མོས་གཅིག་རེག་ན།།
སླར་ཡང་རེག་པའི་གོ་སྐབས་གཏན་མེད་པས།།
ལྷན་འཛོམས་དུས་འདི་གཅེས་པར་འཛིན་པར་འོས།།

གྲོད་པ་བགྲང་ཞིང་ཁ་ཡང་ངོམ་པའི་རྗེས།།

གཉིད་ཅིག་འདོད་ན་བྲང་འདིར་མགོ་བོ་ཞོག །
འཆར་སྣང་རྒྱ་མཚོའི་རྦ་རླབས་འཁྱོམ་པ་ཡི།།
ང་ཡི་སྙིང་དང་ཉེ་ཤོས་འདི་རང་ཡིན།།

ཁྱེད་ཀྱི་རྨ་ཁ་ང་ཡིས་གསོ་དཀའ་ཡང་།།

ཟུག་གཟེར་ཟབ་ཚད་སེམས་ཀྱིས་ཚོར་བར་ནུས།།
ང་ཡི་མིག་ཆུ་ཁྱེད་ཀྱིས་མཁྱེན་དཀའ་ཡང་།།
སེམས་གསོའི་ཚིག་འགའ་སྨྲ་བར་ངལ་བ་ཅི།།

ཕྱི་ཡི་ཆར་རླུང་དྲག་པོར་བསམས་པ་ན།།

ནང་གི་སེམས་པ་ལྷོད་འདི་སྐྱིད་དུ་སྣང་།།
ད་དུང་རོལ་དབྱངས་དེ་ལ་ཉན་བསྡད་ན།།
རི་བྱའི་གཤོག་སྒྲ་ཐོས་པའི་རྨི་ལམ་ཡོང་།།

ཧ་ཅང་ཟབ་མོ་ཞིག་ལ་སེམས་གཏད་ན།།

དུས་ཚོད་མི་ཚོར་འདི་ཡང་གཤིས་ཤིག་རེད།།
ཧ་ཅང་ཉེ་ནས་ཉེ་རུ་བཅར་བ་ན།།
སེམས་ཀྱི་ཤེའུ་མཐོང་བའང་ཆོས་ཉིད་ཡིན།།

བརྩེ་དུང་སྤོས་དྲི་འཐུལ་བའི་ངའི་སྨྱུ་གུར།།

ལོ་མ་ལྗང་ཁུ་ཁོ་ན་བརྗོད་བྱ་ཡིན།།
ཁྱེད་ལ་འབུལ་རྒྱུའི་སྙན་ཚིག་དུམ་བུའི་ནང་།།
བྱ་བ་ལམ་ལ་འགྲོ་བའི་སྨོན་ལམ་ཙམ།།

རོལ་དབྱངས་ལྟ་བུའི་ཆར་རླུང་དེ་ཡི་མཐར།།

ནམ་མཁའ་དྭངས་ཤིང་ཉི་མ་གསལ་ནས་འདུག །
ཁྱེད་རང་ཁྱེད་ཀྱི་རི་ལམ་དེད་ནས་སོང་།།
ང་ཡིས་ལག་པ་གཡབས་ཏེ་སྐྱེལ་ཐུང་ཞུ།།

ཕྱི་མིག་གཟིགས་པའི་དགོས་པ་ཧ་ཅང་ཆུང་།།

ཐུགས་རྗེ་ལེགས་གསོལ་དེ་བས་གསུངས་མི་དགོས།།
མགོ་བོ་བཏེགས་ཏེ་མུ་མཐུད་ལམ་དུ་ཕེབས།།
ཡར་ཙམ་དེ་ནས་ལམ་རོགས་བརྙེད་པའང་སྲིད།།

ལོ་མ་ལྗང་ཁུས་བསྐོར་བའི་ཁང་ཆུང་འདིར།།

བྱ་སྒྲོ་དཀར་པོས་མུ་མཐུད་ཇ་གཅིག་བཟོ།།
དམ་བཅའི་ཐིག་རིས་གསལ་བའི་ཤོག་བུའི་ངོས།།
འབྲི་འདོད་ཡོད་པའི་ཡི་གེ་འགའ་ཞིག་འབྲི།།

རི་ལམ་དེ་ནས་ཡར་ཡར་སོང་བ་ན།།

ཁང་ཆུང་དཀར་པོ་མར་མར་ལུས་པར་གྱུར།།
དུས་ཀྱི་ལ་མོ་དེ་ཉིད་བརྒལ་བའི་རྗེས།།
ཕྱི་མིག་གཟིགས་ཀྱང་ཁང་ཆུང་མཐོང་མི་སྲིད།།། །།

11 comments:

  1. ཆུང་ཚེ་རིང་ལགས། སྙན་ངག་འདི་ཞེ་དྲག་སྙན་པོ་བྱུང་། ནང་དོན་ཆ་ཚང་ཧ་མ་གོ་ཡང་། སེམས་ནང་ལ་འདྲ་མ་འདྲ་དྲན་ཡོང་བ་ཞིག་འདུག ཁང་ཆུང་དཀར་པོ་དེ་ཡང་སྤྱིར་བཏང་གི་ཁང་ཆུང་མ་ཡིན་པ། ཁྱེད་རང་གི་སེམས་ནང་གི་གནས་བབས་ངེས་ཅན་མཚོན་པའི་ཁང་པ་ཞིག་ཡིན་པ་འདྲ། ཐུགས་རྗེ་ཆེ། གྲོགས་མིང་བློ་བསྟན་གྱིས་ཨ་རི་ནས་ཕུལ།།

    ReplyDelete
  2. གྲོགས་བློ་བསྟན་ལགས། ཁམས་བཟང་། སྐུ་ཉིད་ཀྱིས་ངའི་ཁང་ཆུང་དཀར་པོའི་ནང་འཁྱུག་ཙམ་ཕེབས་ཏེ་བཀའ་མོལ་གནང་བར་ཐུགས་རྗེ་ཆེ། ཁང་ཆུང་དཀར་པོ་འདི་ནི་མདང་དགོང་བར་ང་གཅིག་པུའི་ཁང་ཆུང་ཞིག་ཡིན་ཡང་། ངས་དྲ་ལམ་དུ་སྤེལ་བ་ནས་བཟུང་ཀློག་པ་པོ་སྤྱིའི་ཁང་ཆུང་རེད། ལྷག་པར་ང་དང་གྲོགས་འབྲེལ་ཡོད་པ་ཚོའི་ཁང་ཆུང་རེད། ཁང་ཆུང་དཀར་པོ་འདི་ངའི་སེམས་རེད། ངའི་སེམས་ཀྱི་ཁང་པར་མུ་མཐུད་ཡང་ཡང་ཕེབས་ཤོག

    ReplyDelete
    Replies
    1. ང་གྲ་པ་གྲ་རྐྱང་སྙན་ངག་ལ་ཐན་དུ་ལྟ་མཁན་དེ་ཡང་ཁྱེད་ཀྱི་ཁང་ཆུང་ལ་ལས་དབང་གིས་རང་དགར་འཁོར་གྱི་འདུག མཚམས་རེ་གོ་ཁག་པོ། ད་རིང་ནི་གོ་བདེ་མདོག་ཁ་མོ་འདུག །

      Delete
  3. ཁང་ཆུང་དཀར་པོར་སྟེས་དབང་རླུང་གིས་དེད།།
    ཁང་ཆུང་དཀར་པོའི་གཏམ་རྒྱུད་ཉན་བཞིན་དུ།།
    ཁང་ཆུང་དཀར་པོའི་སྔ་རྗེས་བར་གསུམ་རྟོགས།།
    ཁང་ཆུང་དཀར་པོ་སེམས་ཀྱི་ཁང་ཆུང་ཞིག།

    ཁང་ཆུང་རིག་པའི་གཏེར་མཛོད་ཆེན་པོ་ཞིག།
    ཁང་ཆུང་སྒྱུ་རྩལ་དོ་ར་ངོ་མ་ཞིག།
    ཁང་ཆུང་དགོས་འདོད་ནོར་བུའི་འབྱུང་ཁུངས་ཤིག།
    ཁང་ཆུང་ཁང་ཆུང་གོ་ལ་ཆེན་པོ་ཞིག།

    ReplyDelete
    Replies
    1. རྩོམ་ཡིག་དེ་བཀླགས་རྗེས་ཤར་མར་ཐལ་ལོ།།
      བསེ་རུས།

      Delete
  4. རྒན་བློ་གྲོས་ལགས་ཀྱིས་ཕྲན་གྱིས་སྙན་ངག་འདིར་ཐུགས་སྣང་གནང་བར་མ་ཟད། གོ་བདེ་གསུངས་པར་ཐུགས་རྗེ་ཆེ། ད་དུང་ཡང་ཡང་ཕེབས་རོགས།

    ReplyDelete
  5. བསེ་རུའམ་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ངག་དབང་རྡོ་རྗེ་ལགས་ཀྱིས། སྙན་ངག་འདི་གཟིགས་རྗེས་ཚིག་ཉུང་དོན་ཟབ་ཀྱི་ཆེ་བརྗོད་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  6. ང་རང་གིས་བལྟས་ན། ཁང་ཆུང་དཀར་པོ་ཞེས་པའི་སྙན་ངག་འདི། ནང་དོན་དང་སྒྱུ་རྩལ་གཉིས་ཀའི་ཆ་ནས། ཉེ་རབས་ཀྱི་སྙན་ངག་ཡག་ཤོས་ཤིག་རེད་ཅེས་བརྗོད་ཆོག ཧ་ཅང་སྙན་པོ་བྱུང་།

    ReplyDelete
  7. ཁང་གསར་རྡོ་རྗེ་ལགས་ཀྱིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  8. ལྷག་པ་ཚེ་རིང་།February 15, 2013 at 7:32 PM

    སྙན་ངག་ཟེར་ན་དེ་འདྲ་དགོས། དེ་མིན་མངོན་བརྗོད་ཀྱིས་རྒྱན་དྲགས་ན་གཞན་གྱིས་གོ་དཀའ་ལ་ལྟ་མི་འདོད་པའི་ཚོར་བ་ཞིག་ཡོང་གི་ཡོད། དངོས་གནས་སྙན་པོ་བྱུང་། ད་དུང་སྐུ་ཉིད་ཀྱི་སྙན་ངག་དེ་གཞས་ཚིག་ལའང་བེད་སྤྱད་ནས་བཏང་ན་དམིགས་བསལ་གྱི་ནུས་པ་ཞིག་ཐོན་རྒྱུར་ཐེ་ཚོམ་མེད། དེང་སྐབས་གཞོན་སྐྱེས་མང་པོ་ཞིག་གཞས་གཏོང་རྒྱུར་དགའ་པོ་ཡོད། འོན་ཀྱང་ཁོང་ཚོས་གཏོང་བཞིན་པའི་གཞས་ཚིག་དེ་ཚོ་ནི་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མེད།

    ReplyDelete
  9. ལྷག་པ་ཚེ་རིང་ལགས། གདེང་འཇོག་གནང་བར་ཐུགས་རྗེ་ཆེ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete