2012-10-23

ཨ་མ་ལགས། ང་སླེབས་ས་མ་རེད།

གནམ་སྔོན་པོ་འདིའི་འོག་ནས། རི་བོ་དང་ཆུ་མོ་གྲངས་མེད་ཅིག་བརྒལ་ན། ང་དྲན་བཞིན་པའི་ཁྱེད་ཀྱི་གཉེར་མ་ཡོད།

སྐྱ་ཐེར་ཐེར་གྱི་ས་གཞི་དེའི་སྟེང་ནས། ཁུ་སིམ་སིམ་གྱི་གྲོང་གསེབ་དང་འཁྲུག་ཆ་ཆེ་བའི་གྲོང་ཁྱེར་གྲངས་མེད་ཅིག་བརྒལ་ན། དབང་མེད་ལས་རླུང་གིས་དེད་པའི་བྱ་སྒྲོ་དཀར་པོ་ང་ཡོད།


ངེད་མ་སྨད་གཉིས་ཀྱི་བར་དུ། ཆུ་མོ་གྲངས་མེད་ཅིག་བཞུར་བཞིན་ཡོད། རླུང་བུ་ཚད་མེད་ཅིག་ལྡང་བཞིན་མཆིས། ད་དུང་སྤྲིན་ཚོགས་འཁྲིགས་ཤིང་སྐར་ཚོགས་འཆར་བཞིན་འདུག

ཡིན་ནའང་། རྐྱེན་དབང་དེས། ལས་དབང་དེས། མི་ལུས་རིན་ཆེན་ཐོབ་པའི་ང་རང་། ལུས་རྟེན་སྩོལ་མཁན་ཁྱེད་ཀྱི་དྲུང་དུ་བཅར་ཐབས་བྲལ།

ཉི་མ་ནམ་རྒྱུན་བཞིན་ཤར་དུས། ངས་ཁྱེད་ཀྱི་ཞབས་སྙུང་གི་ཡོད་པ་ཚོར་ལ། ཉི་མ་ལ་ཁར་བཞུད་དུས། ཁྱེད་ཀྱིས་ངའི་མིག་མཐའི་མཆི་མ་ཡང་དྲན་བཞིན་ཡོད་ངེས་རེད།

བྱ་བྱིའུ་དེ་ཚོ། ཕྱེ་ལེབ་དེ་ཚོ། ད་དུང་སྦྲང་བུ་དེ་ཚོ། གང་འདོད་དུ་འཕུར་ཞིང་། སུ་འདོད་དང་ཐུག་དུས། ང་རང་ཡང་། ཁྲུང་ཁྲུང་དཀར་མོ་དེ་བྱེད་འདོད། ངང་པ་སེར་པོ་དེ་བྱེད་འདོད། ཕ་ཡུལ་དུ་བབས་འདོད། ཁྱེད་ཀྱི་པང་དུ་ཉལ་འདོད།

ཡིན་ནའང་། ང་རང་། གངས་ལྗོངས་ཀྱི་ཁ་འབབ་རྣམ་བཞིའི་ཆུ་རྒྱུན་དང་འདྲ་བར། མཐོ་སྒང་ནས་དམའ་སར་བཞུར་བཞུར་བའི་མཐར། མཐའ་ཡས་ཀྱི་རྒྱ་མཚོའི་ནང་ནས། རང་གི་ཆུ་འགོའི་རི་དྲུང་དུ་བསྐྱར་ལོག་བྱེད་ཐབས་བྲལ།

ཨ་མ་ལགས། ཁྱེད་ཀྱིས་ང་ལ་གླག་རྒོད་ལྟ་བུའི་བློ་སྟོབས་དང་། རི་མགོའི་མེ་ཏོག་ལྟ་བུའི་སྙིང་རུས་སྩལ་བས། མགོ་བོ་བཏེགས་ཏེ་མི་ཡུལ་འགྲིམས་ཐེངས་རེར། ངས་ཁྱེད་ཀྱི་བརྩེ་བ་ཟབ་པའི་སྤྱན་དང་། ལྷད་མེད་པའི་གཤིས་ཀ་དྲན་བཞིན་ཡོད་ལ། ཁྱེད་ཀྱི་ཐུགས་སྨོན་རྟག་ཏུ་ང་དང་མཉམ་དུ་ཡོད་པ་ལོས་ཚོར།

པཱ་ལགས་དམ་པས་གནང་བའི་བྱ་སྒྲོ་དཀར་པོ་ཅན་གྱི་སྨྱུ་གུ་འདིས། ཁོང་གི་ཞབས་རྗེས་མ་ཟིན་པའི་འགྱོད་པས། སྙིང་ཆུང་མིག་ཆུའི་མཚེའུ་ལ་གྱུར་ཟིན་ལ། གླག་རྒོད་ཀྱི་བློ་སྟོབས་དང་། མེ་ཏོག་གི་སྙིང་རུས་འདིས། མགོ་བོ་བསྒུར་མི་འདོད་པས། ང་རང་ཁྱེད་ཀྱི་ཞབས་དྲུང་དུ་འཁོར་ས་མ་རེད།

ཡིན་ནའང་། ཉིན་རེ་བཞིན། ངའི་སེམས་པ་ཁྱེད་ཀྱི་ཞབས་དྲུང་དུ་བཅར་བཞིན་ཡོད། མཚན་རེ་བཞིན་ཁྱེད་ཀྱི་སྔས་མགོའི་འགྲམ་དུ་ཡོད། ཁང་སྟེང་གི་བྱིའུ་ཆུང་གི་སྐད་དེ་ངའི་དྲན་གཏམ་ཡིན། ནམ་མཁའི་ལྷ་ཟླ་དཀར་པོ་དེ་ངའི་སྲི་ཞུ་ཡིན།

ཁྱེད་ཀྱི་ཐུགས་སྨོན་ནང་གི་ང་དང་། ངའི་ཉིན་ཐོའི་ནང་གི་ཁྱེད་ནི། རང་དབང་བྲལ་བའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་མཚོན་བྱེད་ཡིན་ལ། རང་དབང་གི་དོན་སྙིང་མཚོན་བྱེད་ཀྱང་ཡིན། མཚོན་བྱེད་འདི་མངོན་དུ་འགྱུར་པའི་ཆེད་དུ། ངས་མགོ་བསྒུར་ཐུབ་མ་སོང་། ང་རང་ཁྱེད་ཀྱི་དྲུང་དུ་ཡོང་ཐུབ་མ་སོང་།

འདི་ནི་ཉིན་རེ་བཞིན་བཟོད་ཐབས་བྲལ་བ་ཞིག་ཡིན་ཡང་། ངས་མཐར་བསྐྱལ་ངེས་ཡིན། ཁྱེད་ཀྱིས་ཀྱང་ངས་མཐའ་འཁྱོལ་བའི་ཐུགས་སྨོན་མཛད་རོགས།། །།

12 comments:

  1. སེམས་པ་ཚོར་བ་སླེབས་དགོས་པ་ཞིག་བྲིས་འདུག

    ReplyDelete
  2. སེམས་པ་སྐྱོ། སེམས་པ་འགུལ། སེམས་ཤུགས་སྐྱེས། ཐུགས་རྗེ་ཆེ།

    ReplyDelete
  3. ཀུན་དགའ་རྒྱལ་མཚན།October 26, 2012 at 9:47 AM

    ཨ་མ་ལགས། ང་སླེབས་ས་མ་རེད། ཅེས་པ་བཀླགས་པས་བོད་ནས་འབྱོར་བའི་བོད་མི་ཞིག་ཡིན་པ་མཚུངས་པའི་ཆ་ནས་ཚོར་ཤུགས་ཆེན་པོ་སྤྲད་སོང་། འོན་ཀྱང་བསོད་ནམས་དམན་པ་ངས་ཨ་མ་ལགས་ལ་'ཨ་མ་ལགས་'ཞེས་པའི་ཚིག་སྙན་འདི་འབོད་རྒྱུའི་སྐལ་པ་མ་བྱུང་། དེད་དོད་དུ་ཕ་ལ་ཕ་མ་གཉིས་ཀྱི་འདུ་ཤེས་བཞག་ནས་དྲན་གདུང་ལན་མང་མྱངས་མྱོང་།
    མདོར་ན། ང་ཚོ་བོད་མི་ཧྲིལ་པོའི་གནས་སྟངས་གཅིག་མཚུངས་སུ་མངོན།

    ReplyDelete
  4. གོང་དུ་མཚན་མི་གསལ་བའི་ཀློག་པ་པོ་གཉིས་ཀྱིས་རྩོམ་འདི་ལ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། རྗེས་སུ་རང་མིང་བྲིས་གནང་ན་ཡག་པོ་འདུག ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།

    ReplyDelete
  5. ཕྲན་གྱི་ལས་རོགས་བཟང་པོ་དཔྱོད་ལྡན་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། རྩོམ་ཡིག་འདི་འབྲི་བའི་ཉིན་མོར། ངས་ཨ་མ་ལགས་ལ་ཁ་པར་བཏང་བ་ཡིན། ཁ་པར་དེ་ཡང་ལས་སླ་པོར་གཏོང་མ་ཐུབ་ཅིང་། ལྐོག་ཉན་བྱེད་མཁན་ཡོད་པའི་དབང་གིས་སྐད་ཆ་བཤད་དུས་བཤད་ཚོད་བྱེད་དགོས་པའང་ཚང་མས་མཁྱེན་གསལ་རེད། དེའི་དགོང་མོ་བསམ་བློ་གཏོང་དུས་སེམས་ནང་བཟོད་སྲན་མི་ཐུབ་པའི་སྐྱོ་བ་སྐྱེས་ཏེ་རྩོམ་ཡིག་འདི་བྲིས་ཤིང་། ཉིན་གཉིས་ཀྱི་རྗེས་སུ་བཟོ་བཅོས་བྱས་ཏེ་འདིར་བཀོད་པ་ཡིན།
    ཀུན་དགའ་རྒྱལ་མཚན་ལགས་ཀྱང་ཆུང་དུས་ནས་རང་གི་བྱམས་བརྩེའི་ཕ་གཅིག་པུ་དེ་དང་བྲལ་ནས་དྲན་གདུང་མང་པོ་མྱངས་དགོས་བྱུང་གསུངས་པ་དེས་སེམས་པ་འགུལ། རྩོམ་འདིའི་མཇུག་ཏུ་ངས་ང་སྒེར་གྱི་ཚོར་བ་དེ་མིའི་རིགས་སྤྱིའི་གཞི་རྩའི་འཚོ་གནས་དང་། ཐོབ་ཐང་ལ་སྦྱར་ཏེ་གནས་ལུགས་ཤིག་སྟོན་ཁུལ་བྱས་ཡོད།
    མི་མང་པོར། བོད་རང་དབང་དང་བོད་རང་བཙན་ནི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་དང་རྙོག་གྲ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད་པ་རེད། འོན་ཀྱང་ང་ལ་མཚོན་ན། བོད་རང་དབང་དང་བོད་རང་བཙན་གང་ཡིན་རུང་། དེ་ནི་ང་དང་ང་འདྲ་བའི་མི་དཀྱུས་མ་ཚོའི་རང་དབང་གི་འཚོ་གནས་ཀྱི་ཐོབ་ཐང་དང་འབྲེལ་བསྡད་ཡོད། དེ་ནི་ང་རང་སོ་སོའི་ཕ་ཡུལ་དུ་རང་དབང་གི་ཐོག་ནས་འགྲོ་འོང་ཆོག་པ་དང་། རང་གི་བརྩེ་བའི་ཕ་མ་སྤུན་མཆེད་དང་ཐུག་སྟེ། རང་གིས་བཤད་འདོད་པའི་སྐད་ཆ་རང་དབང་གི་ཐོག་ནས་བཤད་རྒྱུ་དེ་ཡིན། མདོར་ན། ང་ཚོའི་འཐབ་རྩོད་ནི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་གིས་ང་ཚོའི་འཚོ་བར་ཤུགས་རྐྱེན་ཐེབས་པ་ཞིག་མ་ཡིན་པར། ང་ཚོར་ཉིན་རྟག་པར་ཚོར་སྣང་ཟབ་མོ་འབྱུང་བཞིན་པའི་མངོན་འདོད་དེ་ཡིན། རེ་འབོད་དེ་ཡིན།

    ReplyDelete
  6. ཆུང་ཚེ་རིང་ལགས། ཨ་མ་ལགས། ང་སླེབས་ས་མ་རེད། ཅེས་པའི་དངོས་ཡོད་གནས་ཚུལ་གྱི་གཏམ་འདི་བཀླགས་རྗེས་ཁོ་མོ་ལ་ཚོར་བ་གཏིང་ཟབ་ཅིག་སྤྲད་པ་མ་ཟད་མིད་པའང་མཆིལ་མས་བརྣངས་སོང། གང་ལ་ཞེས་ན་ཁོར་ཡུག་འདིའི་ནང་དུ་ངེད་ཅག་གི་སྤུན་ཟླ་དུ་མ་ཞིག་གིས་ལས་དབང་ཚུད་ཡོད། ཚིག་དོན་གཉིས་ཀ་སྙན་པོ་ཞེ་དྲག་བྱུང། ཐུགས་རྗེ་ཆེ།

    ReplyDelete
    Replies
    1. འདི་བྲིས་མཁན་ཁོ་མོ་ལྷ་མོ་སྐྱིད་ཡིན། མིང་བྲིས་རྒྱུ་བརྗེད་འདུག་

      Delete
  7. ལྷ་མོ་སྐྱིད་ལགས། དགོངས་འཆར་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། རྩོམ་ཡིག་འདི་བྲིས་ཚར་རྗེས། ངས་ཡང་བསྐྱར་ཀློག་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། རྩོམ་འདི་འབྲི་དུས་ཀྱི་གདུང་བ་ཆེན་པོ་རེད་ལ། གདུང་བ་དེ་ཡང་ནས་བསྐྱར་དུ་མྱོང་དུས་ཀྱི་ཚོར་བ་དེ་བཟོད་ཐབས་མེད་པ་ཞིག་རེད། ཡིན་ནའང་། ངས་རྩོམ་དེ་བཀླགས་རུང་མ་བཀླགས་རུང་། དགོང་མོ་མགོ་བོ་སྔས་མགོའི་ཐོག་ཏུ་འཇོག་དུས། ངའི་སེམས་པ་གྲང་མོ་རེད། ང་ཚོས་གོ་མེད་ཚོར་མེད་ལྟ་བུ་བྱས་རུང་། སེམས་ཀྱི་ཟབ་ས་ན་གདུང་བ་དེ་ཉལ་བསྡད་ཡོད།

    ReplyDelete
  8. Thanks for your love letter. I always believe that, your every activity in 24 hours are the gratitude you are paying for your lovely Mum.

    ReplyDelete
  9. ་མཆན་མི་ཉུང་བ་བྲིས་ནས་ཡར་འཇུག་སྟངས་ཐད་ལ་དཀའ་ངལ་བྱུང་ནས་ནག་གསུབ་ཏུ་ཕྱིན། ད་འགོ་ནས་འབྲི་དགོས་ན་དཀའ་ཀི་ཡ་ཡ།

    ReplyDelete
  10. Chung la, I am Tenzin Dorjee at Petoen School. Though I was born and raise by my parents in India. I hope I am not lying when I say that I can still feel your emotions. Your composition made cry from within. Specially when you say that you cannot re-read your composition because you cannot go through the emotions all the way once more. My prayers and good wishes are always with your family.

    ReplyDelete
    Replies
    1. བསྟན་རྡོར་ལགས། ཐུགས་རྗེ་ཆེ། འཇིག་རྟེན་འདིར་མ་འདྲིས་གྲོགས་བཟང་ཁྱེད་ལྟ་བུ་ཞིག་ཡོད་པ་དེ་ཡང་བསོད་ནམས་རེད།

      Delete