2012-11-29

ཟླ་བ་དང་སྐར་མ། ད་དུང་རླུང་བུ།

ཐག་རིང་རྒྱུས་མེད་ཀྱི་ལུང་པར། །
འཁྱམ་པོ་ལས་དབང་གིས་དེད་དུས།
ཁྱེད་རང་ནམ་མཁའ་རང་ཡིན་པཱ[1]། །

ང་རང་གར་སླེབས་སུ་ཡོད་སྙམ།།

སྐྱོ་གདུང་མུན་ནག་གི་ནང་དུ། །

ནམ་ཕྱེད་ཁེར་ལངས་རེ་བྱེད་དུས།།
ཁྱེད་རང་ཟླ་དཀར་དེ་ཡིན་པཱ། །

ང་ཡི་སྒེའུ་ཁུང་ནས་འཛུམ་འདུག །

གཅིག་པུར་ལམ་གཞུང་དུ་བརྔུལ་དུས། །

གདོང་པ་བསིལ་མཁན་དེ་ཡིན་པཱ།།
སྐྲ་ཡི་འདབ་མ་ཡི་ཚོགས་ལ། །

རེག་མཁན་བསིལ་རླུང་ཡང་ཡིན་པཱ།།

ཁྱེད་རང་སྐར་ཚོགས་རྣམས་ཡིན་པཱ། །

རྟག་པར་འཛུམ་མིག་གིས་གཟིགས་པཱ།།
ད་དུང་ལོ་མ་དང་རོལ་དབྱངས། །

རྒྱུན་དུ་སྙིང་ཁ་ན་སིམ་པཱ།།

གར་སོང་གར་བསྡད་དུ་ཤར་བའི། །

འོད་ཀྱི་གོང་བུ་ཡང་ཡིན་པཱ།།
སེམས་པ་དུས་ཀུན་ཏུ་དྲོད་པའི། །

སྣང་བྱེད་དཀྱིལ་འཁོར་ཡང་ཡིན་པཱ།། །།

མཆན། དབུས་སྐད་ཀྱི་ནང་དུ། ཡིན་པཱ་དང་མིན་པཱ་ནི། འདྲི་མཁན་རང་ངོས་ལ་དོན་དེ་ཡིན་པའམ་མིན་པར་ངེས་པའི་རྨང་གཞིའི་སྟེང་། འདྲི་ཡུལ་ལ། དེ་ལྟར་ཡིན་མིན་ཏན་ཏན་བཟོ་ཆེད་དྲི་བ་འདྲི་སྟངས་ཤིག་ཡིན། དཔེར་ན། མི་ཞིག་བོད་ནས་ཡོང་བ་ཡིན་པ་ཤེས་རྗེས། དེ་ལྟར་ཡིན་པ་ཏན་ཏན་བཟོ་ཆེད། ཁྱེད་རང་བོད་ནས་ཡིན་པཱ། ཞེས་འདྲི་བ་ལྟ་བུའོ།། ཡང་མི་དེ་བོད་ནས་ཡོང་བ་ཡིན་མིན་འདྲི་མཁན་གྱིས་རྩ་བ་ནས་ཤེས་ཀྱིན་མེད་ན། ཁྱེད་རང་བོད་ནས་ཡིན་པས། ཞེས་འདྲི་སྟངས་གཞན་ཞིག་ཀྱང་ཡོད་པས། འདིར་ཁ་སྐད་ཀྱི་འདྲི་སྟངས་སྔ་མ་དེ་སྤྱད་པ་ཡིན་ནོ།། །།

3 comments:

  1. བྲག་གཞིས་བུ།November 29, 2012 at 3:38 PM

    ཉི་མ་དང་སྤང་ལྗོངས། ད་དུང་ཤིང་སྡོང་།

    ReplyDelete
  2. ཀུན་དགའ་རྒྱལ་མཚན།December 4, 2012 at 9:40 AM

    སྙན་མོ་འདུག མཚམས་འདིར་རྨོངས་འཆར་ཞིག་ཞུ་འདོད་བྱུང་། ཡིན་པཱ་ཞེས་པ་སྒྲ་ལ་འ་ཆུང་འདོགས་པ་བོད་པའི་ཡི་གེ་འབྲི་སྟངས་ལ་མེད་པས་ཅུང་མི་བདེ་བ་འདུག་སྙམ། དེ་ནི་དཔེར་ན། ཧ་གོ་བའི་དོན་དུ་ཤེས་པ་ཞེས་པའི་སྐབས་སུ་ཤེས་དང་། པ་གཉིས་ལྷན་དུ་ཀློག་པ་དང་། བློ་ལ་འཇུག་པའི་ཤེས་པ་ཞེས་པའི་སྐབས་སུ་ཤེས་དང་པ་གཉིས་ཀྱི་བར་ལ་སྟོང་ཆ་ཕྲན་བུའི་ཐོག་ཀློག་སྟངས་བཞིན། ཕལ་སྐད་ཀྱི་ཏན་ཏན་བཟོ་ཆེད་དུ་ཕྱི་མ་ལྟར་ཀློག་དགོས་པ་ལས་འ་ཆུང་འབྲི་མི་དགོས་སྙམ།

    ReplyDelete
  3. མཁྱེན་ལྡན་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    ༡) བོད་སྐད་དུ་འ་ཆུང་འབྲི་སྲོལ་ཡོད་མེད་དང་། འ་ཆུང་བྲིས་ན་འགྲིག་གི་ཡོད་མེད་ཀྱི་ཐད་ད་དུང་ཞིབ་འཇུག་དང་བགྲོ་གླེང་དགོས་པ་ཞིག་རེད་སྙམ། རྒྱ་གར་གྱི་སྐད་བཞིན་སྲོག་ཆེན་སྲོག་ཆུང་གི་རྣམ་གཞག་ཡོད་མེད་ཁོ་ནའི་ཐོག་ནས། བོད་ཡིག་ཏུ་འ་ཆུང་བྲིས་ན་འགྲིག་མ་འགྲིག་ཐག་བཅད་ན་མི་འཚམས།
    ༢) སྐབས་འདིར་འ་ཆུང་བྲིས་པ་དེ། གཅོད་མཚམས་དབང་གིས་བྱ་ཚིག་དང་མིང་ཚིག་གི་ཁྱད་འབྱེད་ནུས་པ་དེ་ཙམ་ལ་ཐུག་པ་ཞིག་མ་རེད། དཔེར་ན། བྱས་པ། བྱས་-པ། བྱས་-པཱ། ལྟ་བུ་ལ་མཚོན་ན། བྱས་པ་ཞེས་མིང་ཚིག་དང་། བྱས་-པ་ཞེས་པ་བྱ་ཚིག བྱས་-པཱ་ཞེས་པ་ངེས་གཏན་བཟོ་བའི་འདྲི་ཚིག་ཏུ་འགྱུར་བ་ལྟ་བུ་རེད། དེར་བརྟེན་ཁ་སྐད་རང་གི་རྗོད་སྟངས་དབང་དུ་བྱས་ན། བྱ་ཚིག་མིང་ཚིག་གི་འདོན་སྟངས་དེ་དང་སྐབས་འདིའི་འདྲི་ཚིག་གི་འདོན་སྟངས་གཉིས་མི་འདྲ་བར། འདྲི་ཚིག་ཏུ་གྱུར་པའི་པ་དེ་ལ་རིང་ཆ་ཡོད་པ་རེད། དེར་བརྟེན། ཕྲན་གྱིས་པཱ་ཞེས་འ་ཆུང་བསྣན་ཞིང་། དེ་ནི་བོད་ཕྱི་ནང་གི་བོད་མི་མང་པོས། དེང་སང་། དབུས་སྐད་དུ་ཕ་ཡི་ཞེ་སར། པ་ལགས་ཞེས་མི་འབྲི་བར། པཱ་ལགས་ཞེས་འབྲི་སྲོལ་དར་བཞིན་པ་དང་སྒོ་མཚུངས་པ་ཞིག་ཡིན། ཐུགས་རྗེ་ཆེ།། །།

    ReplyDelete