2012-12-25

གྲོ་མ་བག་ལེབ།


ཡི་ཤུའི་འཁྲུངས་སྐར་སྐར་མའི་འོད་ཀྱིས་མཛེས།།
མི་ཚོའི་སེམས་པ་དགའ་དང་སྤྲོ་བས་ཁེངས།།
ཁྱེད་རང་ཡོད་ཡོད་འདྲ་བའི་ཐབ་ཚང་ནང་།།
ང་ཡིས་སང་ཉིན་ཆེད་དུ་བག་ལེབ་བཟོ།།

ཐག་རིང་ཐག་རིང་གཅིག་ན་བཞུགས་པའི་ཁྱེད།།
ལྷད་མེད་གྲོ་ཕྱེ་འདི་དང་འདྲ་བ་ལ།།
སྣ་ཚོགས་རྫས་ཀྱི་བསྲེ་ལྷད་ཡེ་མེད་པར།།
རང་བྱུང་མདངས་ཀྱིས་ལང་འཚོ་རྒྱས་ནས་ཡོད།།

རྒྱུན་དུ་སེམས་ན་དྲན་པའི་གཏན་གྲོགས་ཁྱེད།།
དམར་དམར་གྲོ་མ་འདི་དང་འདྲ་བ་ལ།།
ཞིམ་མངར་བརྩེ་བའི་འཛུམ་མདངས་སྟོན་བཞིན་པར།།
མི་ཚེར་དོན་སྙིང་སྦྱིན་པའི་སྟོབས་དང་ལྡན།།

རྟག་པར་དགེ་ལ་བརྩོན་པའི་ཟླ་གྲོགས་ཁྱེད།།
བཅུད་ལྡན་སྣུམ་ཁུ་འདི་དང་འདྲ་བ་ལ།།
རོགས་མེད་སྐྱ་སྐྱའི་ཕྱེ་དང་བསྡེབས་པ་ན།།
བདེ་སྐྱིད་ཞག་གིས་མི་ཚེ་སྣུམ་པར་བྱེད།།

བློ་གཏད་ང་ལ་བཅོལ་བའི་མཛའ་མོ་ཁྱེད།།
དྭངས་བསིལ་ཆུ་གཙང་འདི་དང་འདྲ་བ་ལ།།
ཁ་ནས་བལྟས་ན་སེམས་ཀྱི་གཏིང་མཐོང་བའི།།
ཁ་ཞེ་གཉིས་མེད་དེ་ཡི་མཛེས་པ་ལ།།


དེ་བས་དེ་རིང་ང་ཡིས་བག་ལེབ་བཟོ།།
སེམས་ཀྱི་ནང་སྙིང་མཚོན་པའི་བག་ལེབ་བཟོ།།
སྔར་མེད་གསར་གཏོད་ཅན་གྱི་བག་ལེབ་བཟོ།།
ཀུན་གྱི་བཀྲེས་གདུང་སེལ་བའི་བག་ལེབ་བཟོ།།

ལྷད་མེད་གྲོ་ཕྱེ་ལྷག་བསམ་སྣོད་དུ་བླུགས།།
དམར་དམར་གྲོ་མ་དམར་ཆུང་སྙིང་གིས་བསྲེས།།
བཅུད་ལྡན་སྣུམ་དང་དྭངས་གཙང་ཆུ་ཡང་བླུགས།།
སྦྲང་རྩི་ཕྱེ་སྨན་དག་ཀྱང་འོས་འཚམས་སྦྱར།།

ལག་ཟུང་འཇམ་པོས་ཡང་དང་ཡང་དུ་བརྫིས།།
ཤུགས་ཚད་རན་པོས་སྒང་ནས་འོག་ཏུ་མནན།།
རིག་པ་རྩེ་གཅིག་བསྒྲིམས་པའི་བྱ་བ་འདིར།།
ལུས་ངག་ཡིད་གསུམ་ཡོངས་རྫོགས་ཐིམ་ཡོད་སྙམ།།

དུས་ཚོད་གང་ཙམ་དྲོ་གྲང་རན་པར་བསྙལ།།
རྡུལ་དང་མི་གཙང་དག་གིས་མ་སྦག་བྱས།།
རིམ་པས་སྦོས་ཤིང་དྲི་ཞིམ་འཐུལ་བ་ཚེ།།
བསྐྱར་དུ་ཕྱེ་བསྲེས་ཡང་བསྐྱར་ཡུད་ཙམ་བསྙལ།།

བག་སླང་མཐུག་པོ་དེ་ལ་སྣུམ་གྱིས་བྱུག །
བཟོ་དབྱིབས་ལེགས་པར་བཅོས་ནས་ནང་དུ་བླུགས།།
བརྩེ་དུང་མེ་ཡིས་དྲོད་པའི་བག་སླང་ནང་།།
གང་ཞིག་བཞག་ཀྱང་བདེ་པོ་ཡོང་བ་ཡོད།།
 

ཁྱེད་རང་བག་ཕྱེ་འདི་དང་གཅིག་པ་ཡིན།།
ང་རང་འདི་ལ་ཐིམ་པའི་གྲོ་མ་ཡིན།།
མི་ཚེའི་བསྐོས་ཐང་སླ་ང་གཅིག་གི་ནང་།།
ལྷན་དུ་འཛུམ་པའི་བདེ་བ་མྱོང་བར་བྱ།།

བར་བར་ཨ་ལོག་བརྒྱབ་སྟེ་སྟེང་འོག་བརྗེས།།
མེ་ཡི་ཚ་ཚད་དག་ལ་ཡང་ཡང་བརྟག །
མཇུག་ཏུ་རླངས་ཆུ་ནང་དུ་མ་ཐིགས་པའི།།
རྟེན་འབྲེལ་ཆོ་ག་དག་ལ་རབ་ཏུ་འབད།།

ཆུང་ཆུང་མེ་ཡི་མདངས་ནི་ཉི་མ་བཞིན།།
བག་ཕྱེ་འཚོད་ནས་བཞད་པ་མེ་ཏོག་བཞིན།།
རྒྱུ་གཙང་སྤུས་གཙང་དག་ནི་ངེད་གཉིས་བཞིན།།
འདི་ལས་ལྷག་པའི་ཟས་མཆོག་སུར་ཡོད་ཨང་།།

ང་རང་བག་ལེབ་འདི་རང་ཡིན་པ་འདྲ།།
ང་རང་འདི་ཡི་རོ་བཅུད་ཡིན་པ་འདྲ།།
ང་རང་འདི་ཡི་དྲི་བསུང་ཡིན་པ་འདྲ།།
ཁྱེད་རང་ཚིམ་ན་ཇི་ལྟར་མཆོད་ཀྱང་ཆོག །

ཡི་ཤུ་འདའ་ཁར་བག་ལེབ་རང་ཤ་དང་།།
རྒུན་ཆང་ཁྲག་ཡིན་ལོངས་སུ་སྤྱོད་ཅེས་གསུངས།།
དེ་རིང་ང་ཡིས་ལྷད་མེད་བག་ལེབ་བཟོས།།
མཆོག་རྣམས་དགྱེས་བྱེད་བརྩེ་བའི་སྟོན་མོ་ཡིན།།

 
ཁྱེད་ཀྱི་འགྲམ་ཆང་འཐུང་བའི་བར་དག་ཏུ།།
ང་ཡི་བག་ལེབ་འདི་ལ་རོལ་བཞིན་དུ།།
དེབ་དང་རོལ་དབྱངས་འགའ་ཞིག་ཚང་གྱུར་ན།།
མི་ཚེའི་དོན་སྙིང་ཟེར་བ་ཤུགས་ཀྱིས་འབྱུང་།། །།

No comments:

Post a Comment