2013-02-11

ཕྱེ་མར་དང་སྡེར་ཁ།

(གང་དྲན་ཤར་མར་བྲིས་པས་ཡིག་ནོར་དོན་ནོར་ཡོད་སྲིད།)

༡) ཕྱེ་མར།


བོད་ཀྱི་ལོ་གསར་དང་རྟེན་འབྲེལ་གྱི་བྱེད་སྒོའི་སྐབས་སུ་སྤྱོད་པའི་ཕྱེ་མར་ཇི་ལྟར་དར་མིན་སྐོར་ལ་བཤད་པ་ཅུང་ཟད་ཁ་གསལ་བ་ཞིག་ནི། སྦྲང་ཆར་དུས་དེབ་ཀྱི་ཐོག་ཏུ་དྲན་དབང་བསྟན་པའི་སྒྲོན་མེས་ལན་འདེབས་གནང་བ་དེ་ཡིན་ཞིང་། དེར་རྒན་རབས་ཀྱི་ངག་རྒྱུན་གཞི་ལ་བཞག་སྟེ། ཕྱེ་མར་དར་སྟངས་གཉིས་ལྟ་བུ་ཞིག་གསུངས་འདུག དང་པོ་ནི་བོན་གྱི་ལྷ་གསོལ་དང་། ཕྱྭ་གཡང་འགུག་པ་སོགས་ལ་སྤྱོད་པའི་ཆོ་གའི་མཐུན་རྐྱེན་ཞིག་ཡིན་ཚུལ་དང་། གཉིས་པ་ནི་བོད་པ་ཚོས་སྔོན་མ་ལོ་གསར་སོགས་རྟེན་འབྲེལ་གྱི་སྐབས་སུ་གྲོ་ནས་ཀྱི་སྙེ་མ་ཆུན་པོ་འབུལ་སྲོལ་ཡོད་པ་དེ་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ། གཏན་འཛིན་ཁལ་རུ་འབོ་(ཀི་ལོ་(སྤྱི་རྒྱ་)བཅུ་བཞི་ཤོང་)གཉིས་སོ་སོར་ཡ་གཅིག་གྲོ་དང༌། ཡ་གཅིག་རྩམ་པས་བཀང་སྟེ། གྲོའི་སྟེང་ཚྭ་རྡོག་དང༌། རྩམ་ཕྱེའི་སྟེང་མར་རྡོག་གསུམ་མམ་ལྔ་འཇོག་ཅིང་། དེ་གཉིས་མི་རེ་རེས་བཏེགས་ཏེ་རྟེན་འབྲེལ་ཞུ་བའི་སྲོལ་ནས་ཕྱིས་སུ་སྟབས་བདེ་ཁྱད་དང༌། མཛེས་ཆོས་ཀྱི་དགོས་པ་སོགས་ཀྱི་དབང་གིས་འབོ་ཉིས་སྦྲེལ་བཟོས་ཐོག་ཇེ་ཆུང་དུ་སོང་ནས་ད་ལྟའི་ཕྱེ་མར་གྱི་རྣམ་པ་དེ་ཆགས་པར་གསུངས་པ་དེ་རེད། (ཞིབ་ཕྲ་དྲ་ཐག་འདི་ལ་གཟིགས། http://www.xzzyw.cn/xzyw/news/preview.do?id=312 )བོད་ཀྱི་དུས་ཆེན་ངོ་སྤྲོད་ཀྱི་ནང་དུའང་ཕྲན་གྱིས་ཁོང་གི་འདོད་ཚུལ་ཕྱི་མ་དེ་བཀོད་ཡོད།

མདང་ནུབ་དགུ་ཐུག་ཏུ་བོད་ཀྱི་འབྲོག་ཕྱོགས་དང་ཞིང་ཁུལ་གྱི་གནས་ཚུལ་ལ་ཆ་རྒྱུས་ཟབ་པའི་བོད་མི་འགའ་ཞིག་དང་མཉམ་དུ་སོ་སོའི་ལུང་པའི་ནང་ལོ་གསར་གཏོང་ཚུལ་གླེང་མོལ་བྱས། དེ་ཡང་བོད་ཀྱི་འབྲོག་ཁུལ་ཕལ་ཆེ་བ་དང་ལུང་ཁུག་གི་ཞིང་ཁུལ་ཁག་ཅིག་ཏུ། ལོ་གསར་སྐབས་“ལོ་སྐལ་”ཞེས་པ་ཞིག་རྟེན་འབྲེལ་མཚོན་བྱེད་དུ་རྔན་པར་སྤྲོད་རེས་བྱེད་སྲོལ་ཡོད་པ་དང་། ལྷག་པར་དུ་ཞིང་ཁུལ་དུ། ལོ་སྐལ་དུ་ཆང་རྒྱུ་འབྲུ་རིགས་སྤུས་ལེགས་ཤོས་དང་། མར་རྩམ་ཚྭ་སོགས་སྤྲོད་སྲོལ་ཡོད་འདུག་པ་འདི་ནི་ཕྱེ་མར་གྱི་འབྱུང་ཁུངས་ངོ་མ་ཡིན་འདུག་སྙམ།

དེ་ཡང་དང་པོ། དེང་སང་གི་ཕྱེ་མར་སྒྲིག་གཤོམ་བྱ་ཡུལ་སྣོད་ཀྱི་མིང་དུ། “འབོ་”ཟེར་བ་དེ་དཔང་རྟགས་ཤིག་ཡིན། དེ་ཡང་“འབོ་”ནི་འབྲུ་དང་རྩམ་པ། བུལ་སོགས་འཇལ་བྱེད་ཀྱི་སྣོད་ཅིག་གི་མིང་ཡིན་ཞིང་། དེ་ལ་ཤོང་ཚད་མི་འདྲ་བ་འགའ་ཞིག་ཡོད་ཀྱ
ང་། སྤྱིར་བཏང་ཡོངས་གྲགས་ཀྱི་འབོ་ནི་ཕུལ་དྲུག་ལ་བྲེ་གང་། བྲེ་ཉི་ཤུར་འབོ་གང་ཟེར་ཞིང་། འབོ་དང་ཁལ་དོན་གཅིག་ཡིན། སྔོན་གྱི་གཞུང་ཡིག་མང་པོར་“འབྲུ་རུའི་ཁལ་”ཞེས་བྲིས་ཡོད་ཅིང་། འདིའི་སྐབས་ཀྱི་“རུའི་”ཞེས་པ་ནི་བོད་གཞུང་གིས་གཏན་འབེབས་གནང་བའི་གཏན་འཛིན་ཁལ་རུ་”ཞེས་པ་དེའི་བསྡུས་མིང་ཡིན། དེ་ནི་སྲིད་གཞུང་ནས་གཏན་འཁེལ་བྱས་ཤིང་ཚད་གཞིར་འཛིན་ཆོག་པའི་འབོ་ཟེར་བ་ཡིན། གོ་ཐོས་ལ་གཏན་འཛིན་ཁལ་རུའི་འབོ་ངོ་མ་དེ་བོད་གཞུང་གི་རྩིས་ཁང་ལས་ཁུངས་སུ་ཡོད་པ་དེ་དང་ཚད་བསྡུར་བྱས་རྗེས་བཀའ་ཤག་ནས་དམ་ཕྲུག་ཕབ་པའི་འབོ་ཡོངས་ལ་ཡང་གཏན་འཛིན་ཁལ་རུ་ཞེས་བརྗོད་ཅིང་། གཞུང་གི་བསྡུ་གཏོང་ཚང་མ་རུའི་ཁལ་དུ་ཚད་འཇལ་བྱེད། དེ་མིན་སྒེར་ཆོས་སོ་སོར་བཅུ་འབོ་ཞེས་བྲེ་བཅུ་ལས་མི་འགྲོ་བའི་འབོ་དང་། ཕོགས་འབོ་ཞེས་བྲེ་ཉི་ཤུ་མ་ལོང་པ། བོག་འབོ་ཞེས་བྲེ་ཉི་ཤུ་ལས་བརྒལ་བ་སོགས་ཀྱང་ཡོད་པ་དེ་ཚོར་རུའི་ཁལ་གྱི་ཚད་དང་མི་ལྡན་པ་ཡིན།

ཕྱེ་མར་ལ་འབོ་ཉིས་སྦྲེལ་ཡོད་པ་དང་། དེ་ཡང་གཅིག་གི་ནང་དུ། གཙོ་བོ་གྲོ་དང་། གཞན་དེའི་ནང་དུ་གཙོ་བོ་རྩམ་ཕྱེ། སྟེང་དུ་མར་དང་ཚྭ། ཕྱུར་བ། གྲོ་མ་བཅས་ཀྱིས་བརྒྱན་པ་འདིར་གཞིགས་ན། སྔ་མོ་ལོ་སྐལ་དུ། གྲོ་དང་རྩམ་པ་འབོ་བྱུར་ཁེངས་སུ་བླུགས་ཏེ་སྤྲོད་རེས་བྱེད་སྲོལ་ཡོད་པ་མཚོན་ནུས་ཤིང་། བདག་གི་ཕ་ཡུལ་དུ་ལོ་གསར་སྔོན་དུ། ཁྱིམ་ཚང་ཕན་ཚུན་“ཆང་རྒྱུ་”ཞེས་འབྲུ་རིགས་སྤྲོད་རེས་བྱེད་སྲོལ་ཉེ་དུས་བར་གནས་ཡོད་ཅིང་། འབྲོག་ཁུལ་དུ་ལོ་སྐལ་དུ་ཐུད་དང་ཤ་སོགས་སྤྲོད་རེས་བྱེད་སྲོལ་ཡོད་པ་རེད།

གཉིས་པ། ཕྱེ་མར་དེ་ཉིད་ཁྱིམ་མི་ཡོངས་དང་དགའ་ཉེ་ཡོངས་ཀྱིས་ངེས་པར་མཆོད་དགོས་པའི་ལུགས་སྲོལ་དེས་ཀྱང་། འདི་ཉིད་གདོད་མའི་ལོ་སྐལ་ནས་འཕེལ་རྒྱས་ཕྱིན་པ་མཚོན་ཐུབ་པ་སྟེ། ཁྱིམ་མི་དང་དགའ་ཉེ་ཡོངས་ལ་རང་རང་གི་སྐལ་བ་མ་ཆད་པར་བྱེད་པས་སོ།།

གསུམ་པ། ལོ་ཏོག་དང་ལོ་སྐལ། ལོ་གསར་ཞེས་པའི་ཚིག་འདི་ཚོ་དཔྱད་གཞི་ཆེན་པོ་ཞིག་ཡིན་པར་མངོན། ང་རང་གིས་ཚིག་འདི་ཚོར་ཇི་ཙམ་བསམས་པ་དེ་ཙམ་གྱིས་བོད་མིའི་ལོ་འཁོར་གཅིག་གི་ངལ་རྩོལ་གྱི་རྣམ་པ་ཞིག་འཆར་ཡོང་གི་འདུག དེ་ཡང་ལོ་གཅིག་གི་རིང་ལོ་ཏོག་འདེབས་ལས་དང་བརྔ་བསྡུ་བཀར་འཇུག་བཅས་ཡོངས་སུ་ཚར་རྗེས། ལོ་ཏོག་གསར་པ་འདེབས་ལས་མ་བྱས་གོང་། ཡུལ་མི་རྣམས་དགའ་སྟོན་རྒྱ་ཆེན་པོར་རོལ་ཏེ། གཉེན་ཉེ་ཕན་ཚུན་ལོ་སྐལ་སྤྲོད་རེས་བྱེད་ཞོར་ལོ་གསར་པ་བསུ་བའི་རྣམ་པ་ཞིག་རེད། ལྷག་པར་དུ་ལོ་གསར་ཚེས་གསུམ་གྱི་ཉིན། ལོ་གསར་པའི་ངལ་རྩོལ་དང་པོར་ཞིང་འབྲོག་ས་ཁུལ་དུ་རྟ་བོང་དང་སྣ་ལོར་སྒ་རྒྱག་དང་། ཞིང་ཁ་རོལ་གཉིས་གསུམ་ཞིག་རྟེན་འབྲེལ་རྒྱ་ཆེ་དང་བཅས་རྨོ་བ་དེས། ལོ་གསར་ནི་ལོ་ཏོག་གསར་པ་དང་འབྲེལ་བ་ཡོད་པ་མཐོང་ཐུབ།


ཕྱེ་མར་གྱི་མཚོན་དོན་ནི་བོད་ཀྱི་འཚོ་ཐབས་གཙོ་བོ་ཞིང་ལས་དང་འབྲོག་ལས་གཉིས་ལས། ཞིང་ལས་ཀྱི་ཐོན་རྫས་གཙོ་བོ་གྲོ་དང་རྩམ་པ་དང་། འབྲོག་ལས་ཀྱི་ཐོན་རྫས་གཙོ་བོ་མར་དང་ཕྱུར་བའི་ཕུད་རྣམས་མཆོད་ཡུལ་དཀོན་མཆོག་གསུམ་ལ་ཕུལ་ཏེ། ལོ་གསར་པའི་སྨོན་འདུན་མཚོན་པར་བྱེད་པ་རེད།

  

༢) སྡེར་ཁ།

ལོ་གསར་སྐབས་སྒྲིག་གཤོམ་བྱེད་པའི་སྡེར་ཁའི་མཚོན་དོན་སྐོར་ལ། རྒན་རབས་མང་པོར་བཅར་འདྲི་ཞུས་ཏེ། སྡེར་ཁའི་ཁ་ཟས་རེ་རེ་བཞིན་གྱི་མིང་དབྱིབས། མཚོན་དོན་ཤེས་ཐབས་བྱས་མོད། སྡེར་ཁའི་ཁ་ཟས་བཟོ་བར་བྱང་ཆུབ་པའི་མ་བྱན་ཆེན་མོ་བ་མང་ཆེ་བ་ཡིག་རྨོངས་ཡིན་སྟབས། དེ་དག་གི་དབྱིབས་མིང་ཙམ་ལས་མཚོན་དོན་འགྲེལ་བཤད་ཐུབ་མཁན་ཧ་ཅང་དཀོན། འོན་ཀྱང་རྒྱུན་རིང་དོ་སྣང་བྱས་པ་བརྒྱུད་ད་ཆ་སྡེར་ཁའི་མཚོན་དོན་རོབ་ཙམ་ཤེས་རྟོགས་བྱུང་བ་གཤམ་གསལ།


དང་པོ་སྡེར་ཁ་ཞེས་པའི་མིང་ལ་བསམས་འོས་པ་ཡིན། དེ་ཡང་དབུས་གཙང་ཁུལ་དུ་སྡེར་མ་ལ་སྡེར་ཁ་ཟེར་བ་ཡིན། ད་དུང་མིང་ཚིག་བེད་སྤྱོད་བྱེད་སྟངས་ཀྱི་དབང་དུ་བྱས་ན། ལོ་གསར་གྱི་“སྡེར་ཁ་”ཞེས་པ་འདི། ཁ་ཟས་བྱེ་བྲག་པར་མི་འཇུག་པར། སྒྲིག་གཤོམ་བྱས་པའི་ཁ་ཟས་ཡོངས་རྫོགས་ལ་གོ་བ་ཡིན། སྡེར་ཁའི་གྲུབ་ཆ་དང་སྒྲིག་སྟངས་ནི། གཙོ་བོ་དབྱིབས་རིང་ལ་ཁོག་པ་སྟོང་པ། དཀྱིལ་ངོས་ཕྲ་ཞིང་། མགོ་མཇུག་གཉིས་སྦོམ་པའི་ཁ་ཟས་མིང་ལ་བོང་བུའི་ཨམ་མཆོག་ཅེས་པ་དེ་གྲངས་བརྒྱད་དང༌། བཅུ། བཅུ་གཉིས་སོགས་མང་ཉུང་གང་འོས་སྡེར་ཁ་བསྒྲིག་ཡུལ་གྱི་ས་ཆའི་གོ་ཡུལ་ཆེ་ཆུང་གཞི་བཟུང་། ཞེང་ཚད་ཉིས་སྒྲིག་དང༌། བཞི་སྒྲིག དྲུག་སྒྲིག བརྒྱད་སྒྲིག་སོགས་བྱས་ཏེ། བརྟན་པོར་བརྩིགས་པའི་ཐོག བཀྲ་ཤིས་དམག་དུང་ཞེས་པའི་ཁ་ཟས་གྲངས་གཉིས་སྒྲིག་དགོས་པ་དང༌། དེའི་ཐོག་ཏུ་ཉ་ཤག་ཅེས་པའི་ཁ་ཟས། དེའི་ཐོག་ཏུ་འབོ་ལུག་འཁོར་ལོ། དེའི་ཐོག་ཏུ་སྤིན་སྤིན་རྡོག་རྡོག་ཅེས་པའི་ཁ་ཟས་བཅས་བཟོ་དབྱིབས་མི་གཅིག་པའི་ཁ་ཟས་ཁག་ ༥ ལས་གྲུབ་པ་ཡིན།
ཁ་ཟས་དེ་དག་གི་འབྱུང་ཁུངས་ནི། གནའ་སྔ་མོ་བོད་དུ་དམར་མཆོད་ཀྱི་སྲོལ་རྒྱ་ཁྱབ་ ཏུ་གནས་ཤིང་། དེ་སྐབས་ལོ་གསར་གྱི་སྐབས་སུ་སྡེར་མའི་ནང་ལུག་གཅིག་བཤས་པའི་རྐང་ལག་དང་རྩིབས་ཤ། རྒྱུ་མ། མགོ་སོགས་ཆ་ཚང་སྒྲིག་བཤམ་བྱེད་སྲོལ་ཡོད་འདུག ཕྱིས་སུ་དམར་མཆོད་ལ་མི་མཉེས་པའི་གཡུང་དྲུང་གི་བོན་དང་ལྷག་པར་ནང་པ་སངས་རྒྱས་པའི་ཆོས་དར་རྗེས་དམར་མཆོད་ཀྱི་རྒྱུན་བཅད་དེ། དེ་ཚོའི་དོད་དུ་པག་སོགས་ཀྱིས་བཟོས་པའི་གཟུགས་བརྙན་གྱིས་འཐུས་པ་བྱེད་སྲོལ་བྱུང་། དེར་བརྟེན་སྡེར་ཁའི་གྲུབ་ཆ་གཙོ་བོ་བོང་བུའི་ཨ་མཆོག་ཅེས་པ་དེ་སེམས་ཅན་གྱི་རྐང་ལག་གི་དོད་དང་། ཉ་ཤག་དང་དམག་དུང་སོགས་ནི་རྩིབས་མ་དང་སྒལ་ཚིགས་སོགས། འབོ་ལུག་འཁོར་ལོ་ནི་རྒྱུ་མ། སྤིན་སྤིན་རྡོག་རྡོག་ནི་སྙིང་གི་མཚོན་དོན་ཡིན་འདུག

མཇུག་བསྡོམས།

དེ་ལྟར་ཕྱེ་མར་གྱི་དོན་ལ་བསམས་ན། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ལོ་འཁོར་མོ་ཡུག་ཏུ་ངལ་རྩོལ་ལྷོད་མེད་བྱས་ཏེ། འབྲས་བཟང་མཉམ་སྤྱོད་ཐོག མུ་མཐུད་ལོ་གསར་པའི་ནང་བརྩོན་པ་ལྷོད་མེད་བྱ་རྒྱུའི་གཤིས་བཟང་དང་སྙིང་སྟོབས་མཐོང་ཐུབ་ལ། སྡེར་ཁའི་དོན་ལ་བསམས་ན། བོད་མི་རིགས་ནི་བཟང་ངན་དབྱེ་འབྱེད་དང་སྤངས་བླངས་ཐུབ་མཁན་ཞིག་ཡིན་པ་སྟེ། ད་ལྟའི་ཚད་མཐོ་བའི་གཞན་གཅེས་འཛིན་གྱི་བསམ་བློ་འདིའི་གཞི་རྩ་ནི། མི་རབས་སྔོན་མའི་སྐབས་ལ་བོད་མི་རིགས་ཧྲིལ་པོས་བློས་གཏོང་ཆེན་པོ་དང་སྤངས་བླངས་ཆེན་པོ་བྱས་པའི་འབྲས་བུ་ཡིན་པ་མཚོན་ཐུབ། ལྷག་པར་དུ། ནང་སེམས་ཀྱི་བསམ་འདུན་དེ་ཉིད་ཕྱི་དངོས་པོའི་བཟོ་བཀོད་ཁྱད་དུ་འཕགས་པ་འདི་འདྲ་ཞིག་ལ་བརྟེན་ནས་མཚོན་པར་བྱས་པ་དེ་ནི་རྨད་དུ་བྱུང་བའི་བློ་གྲོས་ཅན་ཡིན་པའི་དན་རྟགས་ཏེ། ཕྱེ་མར་དང་སྡེར་ཁ་སྡེར་རྫས་དང་བཅས་པ་ཧྲིལ་པོ་ནི། མིག་གིས་མཐོང་དུ་ཡོད་པའི་གཟུགས་ཤིག་དང་། ལྕེ་ཡིས་མྱང་དུ་ཡོད་པའི་རོ་མཆོག་ཅིག ལག་གིས་རེག་ཏུ་རུང་བའི་རེག་བྱ་ཞིག །སྣས་སྣོམ་དུ་ཉན་པའི་དྲི་མཆོག་སྟེ། བོད་མི་རེ་རེའི་སེམས་ཁོང་ནས་དུས་ནམ་ཡང་ཉམས་པ་མེད་པའི་བླ་སྲོག་ཅིག་རེད། ད་དུང་ཉེ་རབས་ལོ་རྒྱུས་ནང་། བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་དང་ལྷག་བསམ་རྣམ་དག་ཡིན་པའི་མཚོན་དོན་དུ། སྡེར་རྫས་ནང་རྡོ་དཀར་གོང་སྒྲིག་སྲོལ་ཡང་གསར་གཏོད་བྱེད་མྱོང་ཡོད་པས། ང་ཚོའི་ཕྱེ་མར་དང་སྡེར་ཁ་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་ཉམས་པ་མེད་པའི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་མཚོན་རྟགས་ཤིག་ཡིན་ནོ།། ཕྲན་ཆུང་ཚེ་རིང་པས་ལོ་གསར་གནམ་གང་ཉིན་བྲིས་པ་དགེ།། །།

3 comments:

  1. LOSAR TASHI DELEK!!!! PLEASE CONVEY MY SMALL TASHI DELECK TO YOUR MUM

    BE THE BEST ALWAYS! MY FRIEND.

    k. cHUNGDAK

    ReplyDelete
  2. ཀུན་དགའ་རྒྱལ་མཚན།February 28, 2013 at 5:02 PM

    ཆུང་ཚེ་རིང་ལགས།
    དེ་རིང་ཁྱེད་ཉིད་ཀྱི་ཕྱེ་མ་དང་སྡེར་ཁའི་སྐོར་གྱི་རྩོམ་ཡིག་ཝོཊ་ཏུ་ཚུར་བླངས་ནས་ཀློག་རྒྱུའི་དུས་ཚོད་བྱུང་། ཞེ་དྲག་ཡག་པོ་འདུག འོན་ཀྱང་དོགས་དཔྱོད་ཞུ་དགོས་པ་ཞིག་ལ། ཁྱེད་ཀྱིས་བོང་བུའི་ཨ་མཆོག་སོགས་བཟོ་དབྱིབས་མི་གཅིག་པའི་ཁ་ཟས་ཁག་ ༥ ལས་གྲུབ་པ་གསུངས་ཀྱང་། པར་རིས་སུ་གསལ་བ་བཞིན། ཀོང་ཆས་ཞེས་པའི་དོན་མཚོན་ཆད་པ་འདྲ། དེའི་ཐོག་མཚོན་དམིགས་བསལ་ཡོད་ན་གསུང་རོགས་གནང་། ལར་ནས་ད་ལྟ་ཁྱེད་ཉིད་ཀྱིས་གསུངས་པའི་ཉ་ཤག་དང་ཀོང་ཆས་གཉིས་ཀྱི་མིང་འཛོལ་ཡོད་མེད་ཅིག་གསུང་རོགས། གང་ཡིན་ཞེ་ན། སློབ་གྲྭའི་སྐབས་སུ་པར་རིས་སུ་གསལ་བའི་ཀོང་ཆས་ཞེས་པ་ལ་ཉ་ཤག་གསུངས་པ་དྲན་པའི་ཡུལ་དུ་འདུག གཅིག་བྱས་ན། སྔར་གྱི་དེ་ཉིད་ནོར་ཡོད་སྲིད། ད་ཕན་ལ་དེ་ལྟར་ཡིན་ཤག་བརྩིས་ཡོད། འོན་ཀྱང་དེ་རིང་ཁྱེད་ཀྱི་རྩོམ་བཀླགས་པའི་དོགས་པ་ཞིག་བྱུང་བ་ཐད་ཀར་ཞུས་ཡིན།

    ReplyDelete
  3. ཀུན་དགའ་ལགས། ཐུགས་རྗེ་ཆེ། དེ་ལ་ངའི་ངོས་ནས་ད་དུང་ཞིབ་འཇུག་དགོས་པ་འདྲ། ཞིབ་ཕྲ་ཤེས་རྟོགས་བྱུང་མཚམས་ལན་ཕུལ་ཆོག

    ReplyDelete