2013-02-16

ཟབ།





སྐར་མ་དྲན་པའི་ནམ་མཁའ་གནག །
དཔྱིད་རླུང་སྒུག་པའི་ས་གཞི་ཡངས།།
རླུང་གིས་བསྐྱོད་པའི་ལོ་འདབ་ཚོགས།།
བསུ་མ་རེད་དམ་སྐྱེལ་མ་རེད།།

ཚོར་སྣང་རྦ་རླབས་རབ་འཁྲུག་པའི།།
ང་ཡི་རྒྱ་མཚོ་གཏིང་ན་ལྷིང་།།
འཕྲལ་ཟས་འཛུམ་གྱི་ལྕགས་ཀྱུ་ན།།
སེམས་ཆུང་ཉ་མོའི་འགྲམ་ཆུ་འཁོར།།

ལོ་ངོ་སོང་བའི་ཆང་འདི་ལ།།
དྲི་ཞིག་འཐུལ་འདི་བརྩེ་བ་ཡིན།།
དུང་སེམས་མཚོ་མཐའི་རྐང་རྗེས་རྣམས།།
རླབས་ཀྱིས་བསུབ་ཀྱང་སེམས་ན་གསལ།།

འགྲོ་དང་འོང་དང་འཆར་དང་ནུབ།།
ཆགས་དང་སྡང་དང་དགའ་མི་དགའ།།
ཡེ་མེད་སེམས་ཀྱི་ཉི་མ་འདི།།
ཁྱེད་ལ་མཁོ་ན་ཁྱེད་ཀྱི་རེད།།

དལ་གྱིས་དལ་གྱིས་རིང་དུ་གྱེས།།
སྙིང་གི་མཚོ་ལ་དར་ཞིག་ཆགས།།
རོལ་དབྱངས་དེ་ཚོར་ཉན་བཞིན་དུ།།
སྙན་ངག་འདི་ཚོ་སུ་ལ་བྲིས།།

སེམས་ཀྱི་ཨོ་རོག་ནག་ཆུང་འདི།།
ཡང་ཡང་ཁྱེད་ཀྱི་རི་ལ་འཁོར།།
མངར་ཇའི་རླངས་པ་བན་བུན་ཡང་།།
རི་རྩེའི་སྨུག་པར་འཁྲུལ་བཞིན་མཆིས།།

རོལ་དབྱངས་ཆུ་མོ་དལ་གྱིས་བཞུར།།
ལོ་མ་ལྗོན་པའི་ལག་ནས་བྲལ།།
མི་འགྱུར་རྡོ་རྗེ་གང་ན་འདུག །
བྱ་སྒྲོ་དཀར་པོས་མཐོང་སྲིད་དམ།།

ཁོ་བོ་ནམ་ཞིག་དྲན་གྱུར་ན།།
རླུང་ཞིག་བསྔུབས་དང་དལ་མོར་ཀྱེ།།
སྦྲང་རྩི་ལྟ་བུའི་འཇམ་ཤ་དེས།།
མཚོ་མོའི་དར་ཁ་བཞུར་བར་ངེས།།

རྒྱ་མཚོ་བྲལ་བའི་ཉ་མོ་སྐྱོ།།
རྦབ་ཆུ་དྲགས་པའི་རི་ལམ་དོགས།།
ལྷབ་ལྷུབ་གཡོ་བའི་བྱ་སྒྲོ་འདི།།
བསུ་མ་རེད་དམ་སྐྱེལ་མ་རེད།། །།

 

(༢༠༡༣།༢།༡༦ མཚན་མོར་བྲིས།)

1 comment:

  1. སྨུག་སྤྲིན་མཐུག་པོས་་རི་ཀླུང་བཏུམས།།
    ལྷགས་རླུང་རྩུབ་མོ་སྒོ་སྲུབ་དབྲལ།།
    ཆར་གྱི་ཟེགས་མ་ལུས་ལ་འཐོར།།
    སྙིང་གི་བུ་ཆུང་སྡུག་ལ་སྦྱར།།

    མིག་ཟུང་ནམ་མཁའི་བཞིན་ལ་ལྟ།།
    ལག་ཟུང་སྙིང་ཁར་སྦྱོར་བ་ན།།
    ལུས་སེམས་བརླན་པའི་ཆར་པའི་རྒྱུན།།་
    གང་ནས་བབ་མིན་ཤེས་མ་གྱུར།།

    རྒན་ཆུང་ཚེ་རིང་ལགས་ཀྱི་སྙན་ངག་བཀླགས་རྗེས་རང་ཉིད་ཀྱི་དྲན་འཆར་རབ་རབ་ཅིག་གིས་བྲིས་ཤོར་ཐལ།

    སྐུ་ཉིད་ཀྱི་སྙན་ངག་གི་ལྷ་མོ་དང་། སྙན་ངག་གི་བདག་མོ་སོགས་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག

    ReplyDelete