2013-03-17

འབྲེལ་སྙིང་།

ཞོགས་པ་མལ་ལས་ལངས་དུས།
རི་ཚོགས་ལྟ་བུའི་རོལ་དབྱངས་དེའི་རྒྱབ་ན།
ནམ་མཁའ་ལྟ་བུའི་ཁྱེད་རང་མནར་བ་ཚོར་བས།

དགོང་མོ་མལ་དུ་ཉལ་དུས།
ནགས་ཚལ་འདྲ་བའི་སྙན་ངག་བར་ན།
ས་གཞི་ལྟ་བུའི་ཁྱེད་རང་ངུ་བ་ཤེས་པས།

ཉིན་མོ་རྒྱང་རིང་དུ་བལྟ་དུས།
སྤྲིན་པ་བཞིན་གྱི་གཏམ་བརྒྱུད་ཁྲོད་དུ།
མེ་ལྕེ་བཞིན་དུ་ཁྱེད་རང་འབར་བ་རྟོགས་པས།

སྤྲིན་དཀར་ལ་བལྟ་བཞིན། ས་གཞི་ལ་འགྲམ་པ་སྦྱར་གྱིན། ཁྱེད་ཀྱི་སྐྱོ་གདུང་གི་འཁྱག་རོམ་དེ། ངའི་སྙིང་ཁ་དྲོན་མོས་མྱོང་བཞིན་ཡོད། _ཉིན་རྟག་པར།

2 comments:

  1. སྐུ་ཞབས་ཆུང་ཚེ་ལགས། ཉིད་ལ་མཚོན་ན་རང་མོས་སྙན་ངག་གི་ཁྱད་ཆོས་གཙོ་བོ་གང་ནམ། ཕྲན་ནི་སློབ་མ་རང་ག་བ་ཞིག་ཡིན་ཡང་སྩོམ་རིགས་ཧ་ཅང་མོས་པ་ཡོད་མཁན་ཞིག་ཡིན་པས་ལན་ཞིག་བསྐྱོན་རོགས།་་་་་་་་་་་་་་་་་རྡེའུ་ནས།

    ReplyDelete
  2. མཁྱེན་ཡངས་ལྷ་མོ་སྐྱབས་ལགས། དྲི་བ་གནང་བར་ཐུགས་རྗེ་ཆེ། རང་མོས་སྙན་ངག་གི་སྐོར་ལ་སྔོན་ཆད་གཞན་གྱིས་མང་པོ་གླེང་ཟིན་ལ། ངས་ཀྱང་ཐེངས་ཁ་ཤས་གླེང་མྱོང་། འདིར་དུས་ཚོད་དབང་གིས་མདོར་བསྡུས་སུ་བརྗོད་པར་བྱ།
    ༡) དབྱིན་སྐད་དུ། རང་མོས་སྙན་ངག་ལ་ Free verse ཟེར་ཞིང་། Free ནི་གྲོལ་བ་དང་། Verse ནི་ཚིགས་སུ་བཅད་པ་ཡིན་པས། ཐད་ཀར་བསྒྱུར་ན། གྲོལ་བའི་ཚིག་བཅད་ཅེས་པ་ཡིན། འདིར་དམིགས་བསལ་གྲོལ་བའི་དོན་བཀོལ་དོན་ནི། ནུབ་ཕྱོགས་ཀྱི་སྲོལ་རྒྱུན་སྙན་ངག་གི་དབྱངས་ཀྱི་གདེགས་འཇོག་དང་། ཚིག་གི་ཆ་ཡ་སྤེལ་སྟངས། སྒྲ་གདངས་གཅིག་པས་ཚིག་རྐང་སྒྲིག་སྟངས་སོགས་ཀྱི་རྣམ་གཞག་བཙན་པོ་ལས་རྣམ་པར་གྲོལ་བའམ་ཐར་བའི་ཆ་ནས་ཡིན་ཞིང་། ནང་དོན་གྱི་ཆ་ནས་ཀྱང་། རྒྱུན་སྲོལ་གྱི་བསམ་ཕྱོགས་དང་མཚོན་ཐབས་ལས་བརྒལ་ཡོད་པས། དེ་ལྟར་བཏགས་པར་སྣང་།
    ༢) རང་མོས་སྙན་ངག་པ་མང་པོ་ཞིག་གིས་སྲོལ་རྒྱུན་སྙན་ངག་ལ་ངོ་རྒོལ་བྱེད་པར་སྣང་ཡང་། རང་རེ་བོད་ཀྱི་སྙན་ངག་གི་དབང་དུ་བྱས་ན། དེ་འདྲ་ཞིག་དགོས་ཚོད་མི་འདུག་སྟེ། རྒྱུ་མཚན་ཅི་ཡིན་ཟེར་ན། རང་རེའི་སྲོལ་རྒྱུན་སྙན་ངག་ལ་མཐའ་གཅིག་ཏུ་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་སྙན་ངག་ལྟར་གྱི་བཀག་རྒྱ་དམ་པོ་མེད་པས། བདག་ལྟ་བུར་ནི། སྐབས་རེ་སེམས་ཚོར་སྟོན་པ་ལ་རང་མོས་སྙན་ངག་འདི་རན་པའི་སྐབས་ཡོད་ལ། སྐབས་འགར་སྲོལ་རྒྱུན་གྱི་འབྲི་སྟངས་སྤྱད་ན་རན་པའི་སྐབས་ཀྱང་འདུག་པས། གཉིས་ཀར་དགའ་ཞིང་གཉིས་ཀ་འབྲི་གི་ཡོད།
    ༣) ངས་ནི་དེང་སྐབས། རང་མོས་དང་སྲོལ་རྒྱུན་གྱི་ཁྱད་པར་ནི། ཚིག་རྐང་སྙོམ་དང་མི་སྙོམ་ཙམ་ལ་བྱས་ན་ཤིན་ཏུ་ཐལ་ཆེ་བར་སྙམ་སྟེ། ཚིག་རྐང་མི་སྙོམ་པར་བྲིས་ཀྱང་རང་མོས་སྙན་ངག་ཏུ་མ་གྱུར་པ་དང་། ཚིག་རྐང་སྙོམ་པར་བྲིས་ཀྱང་རང་མོས་སྙན་ངག་ཏུ་གྱུར་པའི་སྐབས་འདུག་སྙམ་ལགས། དུས་ཚོད་དབང་གིས་དེ་ཙམ་ལགས། ཐུགས་རྗེ་ཆེ།

    ReplyDelete