2013-07-16

ཁྱེད་རང་འདོད་ན་ང་དང་མཉམ་དུ་འགྲོ།

ལྷད་མེད་དྲོད་ཀྱིས་དྲངས་པའི་བརྩེ་བའི་ཤུགས།།
མཁའ་ལ་ཆགས་པའི་སྤྲིན་པ་དེ་དག་རེད།།
ཁྱེད་ལ་དགོས་པ་ཆར་ཟིམ་ཡིན་གྱུར་ན།།
དམར་ཆུང་སྙིང་གི་རི་རྩེར་བྱ་ར་བྱོས།།

དྲན་པ་གླུ་རུ་བླངས་པའི་བསྟན་དོན་དེ།།
ཤུར་ཤུར་འགྲོ་བའི་རྒྱུག་ཆུ་གཉིས་དེ་རེད།།
ཁྱེད་ལ་མཁོ་བ་མཉམ་འཛོམས་ཡིན་གྱུར་ན།།
མ་གིར་འདུས་མདོ་ཨེ་འདུག་གཟིགས་པར་འཚལ།།

ཡུན་རིང་བྲལ་བའི་གནམ་འདི་རྒྱ་ཆེ་ཡང་།།
སེམས་ཀྱི་བྱིའུ་ཆུང་ཕར་འགྲོ་ཚུར་འགྲོ་རེད།།
ཁྱེད་ཀྱིས་རེ་བ་དཀར་གཙང་ཡིན་གྱུར་ན།།
ལམ་འགྲམ་ལྷུང་བའི་སྒྲོ་དཀར་དེ་ལ་གཟིགས།།

འགྱོད་པའི་རི་མོས་དབེན་པའི་ཤེལ་ཕོར་འདི།།
དུང་སེམས་རྒུན་ཆང་མངར་མོས་བཀང་ནས་ཡོད།།
ཁྱེད་ཀྱི་འདོད་པ་བཟི་ཁ་ཡིན་ཟེར་ན།།
བཀྲ་ཤིས་ཆང་གཞས་དེ་ལ་ཐུགས་སེམས་གཏོད།།

ཁོ་བོ་འགྲོ་ཞོར་ལམ་འགྲམ་ཤིང་ལ་བྱིལ།།
ཤིང་ལོ་ལྗང་ཁུ་ཡང་ཡང་སྙིང་ལ་སྦྱར།།
སྙན་ངག་རོལ་མོའི་རྒྱབ་ཀྱི་མཛེས་སྡུག་ལས།།
དབུགས་རིང་འཆོར་བའི་ཁྱེད་ཀྱི་སེམས་ངོར་ཅེར།།

ཁོ་བོ་འདི་ལྟར་མུ་མཐུད་མདུན་དུ་འགྲོ།།
སྤྲིན་བཞིན་ལྡིང་སྟེ་ཆུ་བཞིན་བཞུར་ནས་འགྲོ།།
ཆང་བཞིན་ངར་ཏེ་སྙིང་ལ་སིམ་ནས་འགྲོ།།
ཁྱེད་རང་འདོད་ན་ང་དང་མཉམ་དུ་འགྲོ།།

4 comments:

  1. ཟིམ་ཟིམ་ཆར་བ་འབབ་པའི་ཕྱི་རོལ་གྱི་སྣང་བརྙན།།
    ནང་སེམས་གཅོང་གིས་ཁྱེར་བའི་རྟགས་མཚན་དུ་ངེས་ཀྱང་།།
    འགྲོ་འདོད་ཡིད་ཀྱི་འདུན་པ་མཚཽ་རླབས་བཞིན་འཕྱུར་བས།།
    ད་ནི་ལམ་དེར་སྙེག་པའི་དུས་ལ་ནི་བབ་བོ།།

    ReplyDelete
  2. རྒན་ལགས་ཕེབས་ཀྱི་འདུན་པ།།
    ཡིད་ཀྱི་གཏིང་རིམ་ན་ཡོད་ན།།
    མཛེས་སྡུག་སྤང་གཤོངས་གི་ཚལ་དུ།།
    སྐྱིད་པའི་བྲོ་འཆམ་དུ་ཕྱིན་ཆོག

    ReplyDelete
  3. ནམ་ཟླ་སྐྱ་བོ་ཞིག་གི་ངོ་གདོང་ནས།།
    མིག་ཆུས་སེམས་པ་བརླན་པའི་གྱེས་ཕྱག་ཁྲོད།།
    མྱུར་མོར་ཕྱིར་ལ་ཡོང་ཞེས་་དམ་བཅའ་དེ།།
    མ་ལོའི་རེ་སྒུག་ཁྲོད་ན་བཟོད་པར་དཀའ།།

    ReplyDelete
  4. སྙན་ངག་གི་སྦྲང་རྩི་ལ་ཐིམ་པའི་ཁྱེད་ཉིད། །ལྡུམ་ར་ན་བརྩེན་འདོད་ཀྱི་ཁྱེད་ཉིད།། སྤང་གཤོངས་ལྷན་དུ་འགྲིམས་འདོད་ཀྱི་ཁྱེད་ཉིད།། མུ་མཐུད་དེ་ཕེབས་དང་་། ནམ་ཞིག་སྙན་ངག་གི་བཟི་ཁ་ལས་དྭངས་དུས།། ཐམས་ཅད་འཁྲུལ་སྣང་དུ་མངོན་པའི་ལམ་དེ་ནས། །ངས་དགའ་བསུའི་ལག་ཟུང་བརྐྱང་ངེས།

    ReplyDelete