2013-07-08

ཆུ་མོའི་གཞུང་གི་ལོ་མ།

ཆུ་མོའི་གཞུང་གི་ལོ་མ་ཡིས།།
དལ་གྱིས་འཕྱོ་བའི་རྦ་རླབས་བསྙེགས།།
ནམ་མཁའི་མཐོངས་ཀྱི་གླག་རྒོད་ཀྱིས།།
ས་གཞི་ཆེན་པོར་གྲིབ་ནག་ཕབ།།
ཁྱེད་རང་རྦ་རླབས་ཡིན་པ་འདྲ།།
ང་རང་གྲིབ་མ་ཡིན་ཡང་ཆོག །
 

དལ་གྱིས་འབབ་པའི་ཁ་བ་དེ།།
སེམས་ཀྱི་ལག་ནང་བཞུ་ལ་ཁད།།
ལོ་མའི་སྟེང་གི་ཟིལ་པ་དེ།།
ལྷམ་གྱི་རྡོག་པས་གཏོར་ལ་ཁད།།
ཁྱེད་རང་ཁ་བ་ཡིན་ནམ་མིན།།
ང་ནི་ལྷམ་དེ་གཏན་ནས་མིན།།

སྙིང་ལ་སིམ་པའི་རི་མོ་དེ།།
རྣ་བར་སྙན་པའི་རོལ་མོ་རེད།།
འགྱུར་ཁུགས་རེ་རེའི་བར་མཚམས་ནས།།
ཁྱེད་ཀྱི་དགའ་སྐྱོའི་རྣམ་འགྱུར་མཐོང་།།
ཁྱེད་ཀྱི་འགྱུར་མེད་སྙིང་ཡང་རིག

གྲང་ངད་ཆེ་བའི་དགུན་དུས་འདིར།།
སེམས་པ་དྲོད་པའི་མེ་ཞིག་ཡོད།།
ཁེར་གདུང་ཆེ་བའི་མཚན་མོ་འདིར།།
ལག་པ་བསྲིངས་སའི་ཁྱེད་རང་ཡོད།།
ཁྱེད་རང་རོལ་དབྱངས་མེ་ལྕེ་རེད།།
ང་རང་གཞས་ཚིག་མེ་ཤིང་ཡིན།། །།

4 comments:

  1. ཆ་ཚང་བཀླགས་པ་ཡིན།
    སྙན་པོ་བྱུང་སོང་། ཐུགས་རྗེ་ཆེ། མུ་མཐུད་ཁྱེད་ཀྱི་རྩོམ་ཡིག་ཀློག་འདོད་རེ་བ་ཧ་ཅང་ཆེ

    ReplyDelete
  2. ཁྱེད་རང་གི་སྙན་ངག་ཚང་མར་འབྲི་སྟངས་གསར་པ་དང་། མཚོན་སྟངས་གསར་པ་རེད་འདུག དེར་བརྟེན་བྲོ་བ་དམིགས་བསལ་འདུག

    ReplyDelete
  3. དངོས་གནས་སྙན་པོ་བྱུང་། ཁྱེད་ཀྱི་སྙན་ངག་ནང་། ལོ་མ་དང་བྱ་སྒྲོའི་སྐོར་མང་པོ་འདུག ང་དེ་ཚོ་ལ་ད་ཆ་དགའ་གི་འདུག དུང་དཀར་དང་གདུགས་ལྟར། དེ་ཚོ་མཚོན་བྱེད་ཅིག་ཆགས་ས་རེད། ཁྱེད་ལྟར་ན། དེ་ཚོའི་མཚོན་དོན་ག་རེ་ཡིན་ནམ།

    ReplyDelete
  4. རིག་ལྡན་ལགས། བྱ་སྒྲོ་དཀར་པོ་ནི་ངའི་སྨྱུག་མིང་ཡིན་ཞིང་། འདིས་ལྷད་མེད་པ་དང་ལྷག་བསམ། དཀར་ཕྱོགས། ཤར་ནུབ་ཀྱི་རིག་གཞུང་སོགས་མཚོན་ཁུལ་ཡིན། ལོ་མ་ལྗང་ཁུས་ངས་ཆེས་དགའ་སའི་མི་དང་། བརྩེ་དུང་། ཕུགས་འདུན། བཅོས་མ་མ་ཡིན་པ་སོགས་མཚོན་ཁུལ་ཡིན། ངའི་སྙན་ངག་ལ་ཐུགས་སྣང་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ།

    ReplyDelete