2013-08-17

ཆར་ཟིམ་ཁྲོད་ན་དྲན་པ་གང་།

ཆོས་ཉིད་ཆོས་སུ་མ་གཟིགས་པའི།།
ཡེ་ཤེས་ལོང་བ་ཁྱེད་ལ་འདུད།།
བརྩེ་མེད་ཆེས་བརྩེའི་ཡུལ་གཟིགས་པའི།།
མཁས་དབང་གླེན་པ་དེ་ལ་བསྟོད།།

ཞོགས་པ་ལངས་པའི་དང་པོ་ལ།།
ཆར་ཟིམ་ཁྲོད་ན་དྲན་པ་གང་།།
དགོང་མོ་ཉལ་བའི་རྟིང་མ་ལ།།
རྨི་ལམ་ནང་དུ་སྨོན་པ་ཅི།།

ཧམ་དྲི་འཐུལ་བའི་ཁང་ཆུང་འདི།།
བོད་ལ་ཡོད་ན་ལྷ་ཡུལ་རེད།།
ཆད་དུས་མེད་པའི་ཆར་པ་འདི།།
བོད་དུ་ཡིན་ན་བདུད་རྩིར་ངེས།།



སྒོ་ནས་གོམ་གསུམ་སོང་བའི་ས།།
རང་ལ་མི་དབང་གཞན་གྱི་རེད།།
མིག་རྒྱང་སྟོང་གིས་མི་ཆོད་པ།།
སུ་ཡི་གནམ་རེད་སེམས་ན་གསལ།།

ཁོག་གི་མིག་ཆུ་བཅུད་ཆེ་བས།།
གདོང་གི་མེ་ཏོག་ལྷག་པར་འཛུམ།།
སྒང་གཤོངས་མང་བའི་ལམ་གཞུང་ན།།
བོང་རྫི་རྒད་པོ་ཁ་མཚར་ཆེ།།

བག་ཕེབས་གཤིས་ཀའི་ཕུག་མ་འདིས།།
ཉེན་ཁའི་འོབ་དོང་འགེབས་ཐུབ་བམ།།
སྣང་བ་སྐྱིད་པའི་གོ་ཐལ་འདིས།།
མེ་འོབ་མེད་པ་སུ་ལ་སྟོན།།

ཉིན་ལྟར་མཚམས་སྤྲིན་ལྟ་བཞིན་པར།།
སྙིང་ག་འཁྱགས་དོན་ཅི་ཞིག་རེད།།
གཞན་གྱི་གསོལ་རས་ཇ་མངར་རྗེས།།
ཁ་ལ་སྐྱུར་རྩི་འཁོར་དོན་གང་།།

ཕ་ཡུལ་ཕ་མ་བཞག་པའི་རྗེས།།
ཧིན་སྒོར་སྟོང་དེར་ཅི་ཕྱིར་རྩོད།།
ཚིག་རེར་གསེར་རྡོག་རེ་བརྩིས་ཏེ།།
ཉིན་དང་མཚན་ལ་ཅིས་མི་བརྩོན།།

ས་ལ་ལན་བརྒྱར་གྱེལ་ན་ཡང་།།
མགོ་བོ་བཏེགས་ཏེ་མུ་མཐུད་བསྐྱོད།།
ཕྱོགས་ལས་རྣམ་རྒྱལ་རྒྱལ་རྔ་དེ།།
ཕམ་ཉེས་དབྱུ་གུས་བརྡུངས་དགོས་སོ།།

ལྷོ་ཡི་བྱ་ཚོགས་ཟས་བརྙེད་རྗེས།།
ཤར་གྱི་ཕྱོགས་ལ་ཅི་ཕྱིར་བལྟ།།
ཁྲུང་ཁྲུང་བྱང་དུ་འཕུར་ཤུལ་ན།།
བྱ་སྒྲོ་དཀར་པོས་ནུབ་ནས་བལྟ།།

ཡ་གིའི་གཉའ་ཁྲིའི་རྨུ་ཐག་དེ།།
མངའ་དབང་ཉིད་ལས་གཞན་དུ་མེད།།
མ་གཞིའི་དམྱལ་ཁམས་བཅོ་བརྒྱད་ཀྱང་།།
རང་སྲེག་འདི་ལས་མཐུ་མི་སྲིད།།

རང་དབང་རླུང་གིས་ཁ་ངོམ་པའི།།
རྩངས་པ་ཁ་རལ་སྒལ་རལ་ཆེ།།
སྟག་གཟིག་བཙོན་དུ་བཀར་བ་ན།།
ཞི་མི་ལས་ཀྱང་ཞུམ་པ་མཐོང་།།



ཁ་རྒྱགས་དཔའ་བོ་ཡིན་མི་སྲིད།།
ལུས་རྒྱགས་བདེ་ཐང་ཡིན་མི་སྲིད།།
སེམས་རྒྱགས་མཁས་པ་ཡིན་མི་སྲིད།།
དབང་རྒྱགས་དཔོན་བཟང་ཡིན་མི་སྲིད།།

གོང་ན་ཟླ་བ་ཉ་གང་ཞིང་།།
འོག་ན་སེམས་ཤུགས་ལམ་བདེ་བས།།
དྲག་ཆར་རྒོད་པའི་མཚན་མོ་འདི།།
སྙིང་རུས་བཅངས་ན་འཁྱོལ་བར་ངེས།། །།

No comments:

Post a Comment