2013-08-29

འཆར་སྣང་། འགྲུལ་བཞུད། བསམ་གཞིགས།

༡) སུས་བྲིས་མིན་མི་ཤེས་ལ། གང་ནས་མཐོང་མིན་ཡང་མི་དྲན། གང་ལྟར་ངའི་དྲན་ལམ་དུ་གསལ་བའི་སྙན་ངག་ཅིག་ཏུ། 
“ཁོ་བོའི་སེམས་འདི་ཁྱེད་ཀྱིས་མཁྱེན་པར་དཀའ།། 
ཁོ་བོའི་དུང་བརྩེ་ཁྱེད་ཀྱིས་ཚོར་མི་སྲིད།།”ཅེས་པ་ཞིག་འདུག

སྙན་ངག་དེར་བསམ་བཞིན་ངས་ནམ་མཁར་བལྟས། ནམ་མཁར་ཉི་མ་འཆར་འདུག ཡིན་ནའང་ངའི་སེམས་པ་ད་དུང་གྲང་སིལ་སིལ་ཞིག་ཡིན། གལ་ཏེ་གོང་གི་སྙན་ངག་དེ། ང་དང་ཉི་མའི་འབྲེལ་བར་སྦྱར་ཚེ། ང་ཉི་མ་ཡིན་ཟེར་དགོས་སམ། ང་རང་ཡིན་ཟེར་དགོས་རེད། ཉི་མས་ང་ལ་དྲོད་སྦྱིན་བཞིན་ཡོད་ཀྱང་། ངས་དྲོ་སྐྱིད་ཚོར་བཞིན་ཡོད་དམ། ལྡོག་སྟེ་བསམས་ན། དྲོ་སྐྱིད་དུ་མ་ཚོར་བ་དེ། ངའི་སྐྱོན་རེད། ཡང་ན་ཉི་མའི་སྐྱོན་རེད། ཉི་མས་ང་ལ་དེ་ཙམ་གནང་ཡང་། ངས་ཉི་མ་ལ་ཅི་ཞིག་སྦྱིན་བཞིན་ཡོད་དམ། ཧ་ཅང་སྟབས་བདེ་བའི་གནས་ཚུལ་འདི་ཚོར་དཔྱད་ཀྱིན་དཔྱད་ཀྱིན། མགོ་རྙོག་ཏུ་རྙོག་ཏུ་འགྲོ་བས། སྐབས་རེ་འདི་ཚོར་བསམ་གཞིགས་བྱེད་པའི་ང་རང་ཅོལ་ཆུང་ནང་གི་ཡང་ཆུང་རེད་དྲན།

༢) རི་རྩེར་ཉི་འོད་འོག་ཏུ་ལངས་ནས་ཡུན་རིང་ཞིག་ལ། ངས་ཐག་རིང་གི་རི་བོ་དང་། རི་གཤམ་གྱི་གྲོང་གསེབ་དག་ལ་བལྟས་བསྡད། ང་རང་འདི་ལྟར་ཡུལ་ལྗོངས་ལ་བལྟས་ནས་སྡོད་རྒྱུར་དགའ་པོ་ཡོད་ཀྱང་། ངའི་གྲོགས་པོ་ཁ་ཤས་ཀྱིས། ངའི་བྱེད་སྟངས་འདི་“མགོ་སེར་ཚོའི་”ཤན་ཞུགས་པའི་རྟགས་རེད་ཟེར།

མ་གཞི་ངའི་ཕ་ཡུལ་གྱི་རྒན་རྒོན་ཚོས། “ས་སྐྱིད་པོ་”དང་། “དགོན་པ་བྱིན་རླབས་ཅན་”ཟེར་བ་ལས། “བཞུད་ཁའི་ཉི་མའི་མཛེས་པ་ལ” “རི་རྩེའི་སྤྲིན་རིམ་དེ་སྙིང་རྗེ་བ་ལ་”ཟེར་བ་ཞིག་ངས་གོ་མྱོང་མི་འདུག ཡིན་ནའང་དེས་བོད་མི་ཚོར་མཛེས་སྡུག་གི་འདུ་ཤེས་དང་ངོས་འཛིན་མེད་པའི་རྒྱུ་མཚན་དུ་འགྲོ་ཐབས་མེད་པར། ཏག་ཏག་དེའི་ལྡོག་ཕྱོགས་སུ་འགྲོ་གི་རེད་སྙམ།


     བོད་སྐད་ཀྱི་ནང་དུ། “མཛེས་པོ”དང་“སྙིང་རྗེ་མོ” “ཡིད་དུ་འོང་བ་” “ཡིད་འཕྲོག་པ་” “སེམས་ཤོར་བ་” “ཡིད་ལ་འཐད་པ” “སྣང་བར་འགྲོ་པོ”ཟེར་བ་འདི་ཚོའི་གོ་དོན་དང་འབྱུང་རྩར་དཔྱད་ནའང་། བོད་པ་ཚོའི་མཛེས་སྡུག་གི་འདུ་ཤེས་དང་ངོས་འཛིན་དེ། ཧ་ཅང་གིས་གཏིང་ཟབ་ཏུ་མཚོན་ཡོད་པ་ཤེས་ཐུབ། དཔེར་ན། “ཡིད་འཕྲོག་པ་”ཞེས་པས། ཕྱི་རོལ་ཡུལ་གྱི་མཛེས་སྡུག་གིས། ཡུལ་ཅན་གྱི་ཡིད་དབང་མེད་དུ་ཕར་འཕྲོག་པ་སྟོན་པ་དང་། “ཡིད་དུ་འོང་བ་”ཞེས་པས། ཕྱི་རོལ་གྱི་ཡུལ་གྱི་མཛེས་ཆོས་དེ། ཡུལ་ཅན་ཡིད་ཀྱི་ནང་དུ་ཚུར་འོང་བའི་དོན་སྟོན་པ་ཡིན། ཡང་། “མཛེས་”ཞེས་པས། དེ་འདྲའི་ཡུལ་ཅན་ཡུལ་གྱིས་ཕར་འདྲེན་པ་དང་། ཡུལ་ཡུལ་ཅན་གྱི་ནང་དུ་ཚུར་འོང་བའི་ཁྱད་པར་མི་སྟོན་པར་སྤྱིར་བཏང་གི་མཛེས་ཚུལ་ཞིག་བརྗོད། ང་རང་དགའ་ཤོས་ཀྱི་ཐ་སྙད་ཅིག་ནི་“སྙིང་རྗེ་མོ”ཞེས་པ་འདི་ཡིན། བོད་སྐད་ཀྱི་ནང་དུ། “བཤད་སྙིང་འདོད་བྱུང་”དང་། “སྙིང་སྡུག” “སྙིང་རྗེ་”ལྟ་བུའི་“སྙིང་”སྤྱད་དེ་སྐད་ཆ་བཤད་སྟངས་དམིགས་བསལ་འགའ་ཡོད་པ་དེ་ཚོར་ཉམས་ཞིབ་བྱེད་རིན་འདུག “སྙིང་རྗེ་མོ་”ཟེར་བ་དེ་ཚེག་འབྲུ་གསུམ་གྱིས་གྲུབ་ཅིང་། དེ་དག་ལས་ཚེག་བར་གང་ཞིག་མ་ཚང་ཡང་། གོ་དོན་ལ་འགྱུར་བ་འགྲོ་གི་རེད།
     མདང་དགོང་ང་དང་ཆང་རྩ་བ་ནས་མི་འཐུང་བའི་རོགས་པ་འགས་“སྙིང་”དང་ “སྙིང་རྗེ” “སྙིང་རྗེ་མོ”ཞེས་པའི་ཚིག་འདི་ཚོའི་སྐོར་གླེང་། དེ་དུས་“སྙིང་རྗེ་”དང་“སྙིང་རྗེ་མོ་”ཡི་“རྗེ་”འདི། “གཙོ་བོ་”ལ་གོ་དགོས་ཟེར་མཁན་ཞིག་དང་། “བརྗེས་པ་”ཡི་ད་ལྟ་བའི་ཚིག་ཏུ་གོ་དགོས་པར་འདོད་མཁན་གཅིག ད་དུང་“སྙིང་གཙེས་”པའམ་“སྙིང་ལ་མི་བཟོད་པ་”བྱུང་བར་འདོད་མཁན་གཅིག་བཅས་བྱུང་།

༣) རི་གཤམ་དུ་བབས་སྟེ། འཚང་ག་ཆེ་བའི་འགྲུལ་འཁོར་ནང་བསྡད། འགྲུལ་འཁོར་གྱི་ནང་དུ། འཚང་ཁ་ཆེ་བ་ཙམ་དུ་མ་ཟད། སྐད་ཅོར་ཡང་ཧ་ཅང་ཆེ་བས། ལམ་སང་ད་གིན་རི་སྟེང་གི་ཁུ་སིམ་སིམ་གྱི་ཁོར་ཡུག་དེ་དྲན། མ་གཞི་ལྟོགས་དུས་ཟས་དྲན་པ་དང་། འཁྱགས་དུས་ཉི་མ་དྲན་པ་འདི་ཆོས་ཉིད་ཅིག་རེད་ལ། ཟས་ཟོས་དྲགས་ན་གྲོད་པ་ན་ཞིང་། ཉི་མར་སྲོ་ཆེ་ན་བསིལ་གྲིབ་དྲན་པ་དེ་ཡང་ཆོས་ཉིད་ཅིག་རེད།

      འགྲུལ་འཁོར་ནང་། མི་ལ་ལས་སྐད་ཤུགས་ཆེན་པོས་གཏམ་གླེང་བྱེད་ལ། ལ་ལས་ཁ་པར་ནང་སྐད་ཆ་ཤོད། ཡང་ལ་ལས་ལག་ཐོགས་ཁ་པར་གྱི་སྒྲ་སྒམ་ཕྱེ་སྟེ་གླུ་གཞས་གཏོང་བས། རྒྱ་གར་གྱི་ལུང་པར་གོམས་འདྲིས་ཕྲན་བུ་མེད་ན། སྐབས་ཤིག་རིང་ཧོན་འཐོར་འགྲོ་བ་ཞིག་རེད། ལག་ཐོགས་ཁ་པར་གོང་ཆུང་དུ་སོང་སྟེ། ཐ་ན་སྤྲང་པོས་ཀྱང་ཉོ་ཐུབ་པའི་ཚད་ལ་སླེབས་པ་ནས། འགྲུལ་འཁོར་ནང་ཉི་མོ་ལྟ་ཅི། མཚན་མོ་ཡང་ཁུ་སིམ་སིམ་གྱི་བདེ་བ་དེ་མེད་པར་གྱུར། རྒྱ་གར་གྱི་མི་རིགས་འདི་གཞས་དང་རོལ་མོར་དགའ་ཞིང་། དེ་ཡང་སྒྲ་གང་ཆེ་ཆེ་བྱེད་པས། དེང་སང་ལག་ཐོགས་ཁ་པར་གྱི་བཟོ་གྲྭ་ཁ་ཤས་ཀྱིས། ཆེད་མངགས་རྒྱ་གར་བའི་དགོས་མཁོར་དམིགས་ཏེ། སྒྲ་སྐད་ཆེ་བའི་ཁ་པར་གོང་ཁེ་པོ་དེ་འདྲའང་བཟོས་འདུག

      ནམ་རྒྱུན་ང་དང་ངའི་གྲོགས་པོ་ཚོས། ཤར་ནུབ་ཀྱི་ཁྱད་པར་གླེང་དུས། ཤར་ཕྱོགས་པ་ཚོས། སྒེར་གྱི་རང་དབང་གལ་ཆེན་དུ་མི་བརྩི་བར། སྤྱི་པའི་ཁེ་ཕན་གལ་ཆེ་བར་བརྩི་གི་རེད། འོན་ཀྱང་ནུབ་ཕྱོགས་པ་ཚོས་སྒེར་གྱི་རང་དབང་དང་ཁེ་ཕན་གལ་ཆེ་བར་བརྩི་གི་རེད་ཅེས་བཤད་ཀྱི་ཡོད། འོན་ཀྱང་། འགྲུལ་འཁོར་འདིའི་ནང་དུ། ཤར་ཕྱོགས་པས་གལ་ཆེན་དུ་བརྩི་བའི་སྤྱི་པ་དེ་མེད་པ་འདྲ་ལ། ནུབ་ཕྱོགས་པས་འབད་པ་དུ་མས་བརྩོན་ལེན་བྱེད་པའི་སྒེར་གྱི་རང་དབང་དེ་ཡང་མེད་པ་འདྲ།

༤། སྐད་སྒྲ་ཧ་ཅང་ཆེན་པོར་གྱུར་ཏེ། བཟོད་མི་ཐུབ་པར་གྱུར་སྐབས། ངས་ཀྱང་ནམ་རྒྱུན་བཞིན། རྣ་བར་ཉན་ཆས་དེ་སྤྱད་དེ། རང་གི་ཁ་པར་ནས་བོད་གཞས་ཤིག་ཉན་འགོ་བརྩམས། 

    བོད་ཀྱི་འབྲོག་གླུ་ཞིག་རྣ་བར་ཐོས་མ་ཐག་ཏུ། ངའི་མིག་ལམ་དུ། བོད་ཀྱི་གངས་རི་དང་། རྩྭ་ཐང་། ནོར་ལུག སྦྲ་གུར་བཅས་ཀྱི་རྣམ་པ་ཞིག་འཆར་ཡོང་བས། རང་ཉིད་འཇིག་རྟེན་སྐྱིད་ཤོས་ཤིག་ཏུ་སླེབས་པའི་ཚོར་སྣང་སྐྱེས། ནམ་རྒྱུན་ངས། སྒྱུ་རྩལ་ཞེས་པ་དེ་ཅི་ཞིག་རེད་ཅེས་རང་གིས་རང་ལ་འདྲི་གིན་ཡོད། ངས་སྒྱུ་རྩལ་ནི། དཀའ་ངལ་ལ་གདོང་ལེན་བྱེད་སྟངས་ཚད་མཐོ་ཤོས་ཤིག་ཡིན་པ་ལས། དཀའ་ངལ་ལ་གཡོལ་ཐབས་ཤིག་རྩ་བ་ནས་མ་རེད་ཟེར་གྱི་ཡོད་ཀྱང་། སྐབས་མང་པོར་སྒྱུ་རྩལ་ནི། དཀའ་ངལ་ལ་འཕྲལ་སེལ་རིང་གཡོལ་ཐབས་ཤིག་ཏུ་གྱུར་བཞིན་ཡོད།

རང་ཉིད་མི་དགའ་བ་ཞིག་ཡོད་ཚེ། དེ་ལ་གཡོལ་ཐབས་བྱེད་པ་དང་། རང་གིས་དགའ་ཞིང་གཅེས་ས་ཞིག་ཡིན་ཚེ། འདྲ་ཆོས་ཕྲན་བུ་ཙམ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། དེ་ཕྱིར་དྲན་བྱེད་པ་འདི་མིའི་གཤིས་ཀ་ཞིག་ཡིན་པ་འདྲ། ཉེ་དུས་ཕྲན་སོག་ཡུལ་དུ་བསྐྱོད་སྐབས། ཉིན་གཅིག་ངེད་ཚོ་བོད་པ་ཁག་ཅིག་གྲོང་ཁྱེར་གྱི་ཕྱི་ལོགས་སུ། སྤྲོ་འཆམ་དུ་སོང་། ང་ཚོ་རི་འདབས་ཀྱི་རྩྭ་ཐང་ཞིག་ཏུ་ཚུགས་བབས་ཏེ། སོག་ཡུལ་གྱི་མཛེས་ལྗོངས་ལ་ལོངས་སུ་སྤྱོད་སྐབས། ངའི་གྲོགས་པོ་ཚོས། ལམ་སང་ཁ་པར་ལས་འབྲོག་གླུ་བཏང་སྟེ། བོད་ཕྱིར་དྲན་བྱས། དེ་ནི། ད་ལྟ་ངས་འགྲུལ་འཁོར་ནང་། རྒྱ་གར་བའི་ཁྲོད་ནས་བོད་གཞས་ཉན་བཞིན་བོད་ཡུལ་བློ་ལ་འཆར་ཐབས་བྱེད་པ་དང་གཅིག་པ་རེད།

འོན་ཀྱང་སོག་ཡུལ་དུ། ངའི་གྲོགས་པོ་ཚོའི་བྱེད་སྟངས་དེར་ང་རང་མ་དགའ་བ་ཆེན་པོ་བྱུང་སྟེ། ལམ་སང་བོད་གཞས་གཏོང་མཚམས་བཞག་ནས། སོག་ཡུལ་རང་གི་མཛེས་སྡུག་ཉམས་སུ་མྱོང་རོགས། དེ་མིན་སོག་ཡུལ་གྱི་མཛེས་སྡུག་གིས་བོད་ཀྱི་མཛེས་སྡུག་གི་ཚབ་བྱས་ཐོག བོད་ཡུལ་དྲན་པའི་ཚོར་སྣང་དྲག་པོ་དེ་བསྣན་ཚེ། སོག་ཡུལ་གྱི་མཛེས་ཆོས་ངོ་མ་ལོངས་སུ་སྤྱོད་ཐུབ་ཀྱི་མ་རེད། ཅེས་བཤད་པ་ཡིན་ལ། ང་ལ་མཚོན་ན། དེ་ནི་རང་གི་དགའ་མ་དྲན་བཞིན་དུ་བུད་མེད་གཞན་ཞིག་ལ་སྤྱད་པ་ལྟ་བུ་རེད་སྙམ་ལ། རང་གི་མིག་གི་མདུན་དུ་ཡོད་པའི་མཛེས་སྡུག་ལ་གུས་ཞབས་མ་བྱས་པའང་རེད་དྲན།

འོན་ཀྱང་ངའི་གྲོགས་པོ་ཚོ་ནི། ཕ་ཡུལ་ཧ་ཅང་དྲན་ཆེ་བས། ད་ཆ་ཕ་ཡུལ་དང་ཆ་འདྲ་བའི་ས་ཞིག་ལ་སླེབས་སྐབས། ཕ་ཡུལ་ལ་སླེབས་པ་ལྟ་བུའི་ཚོར་སྣང་དེ་གཙིགས་སུ་འཛིན་བཞིན་འདུག་པས། ངས་རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས་སྙམ་སྟེ། ཁོང་ཚོ་དང་ཁ་བྲལ་ཏེ། རྒྱབ་རི་ཅུང་མཐོ་ཙམ་ཞིག་འདུག་པ་དེར་འཛེགས་པར་སོང་།

༥)
ངས་ཇི་ལྟར།
           ཇི་ལྟར་ཁྱེད་ཀྱི་པང་དུ་ལོག་དགོས་སམ།
    ངས་ཇི་ལྟར།
            ཇི་ལྟར་ཁྱེད་ཀྱི་རི་རྩེར་བརྩེན་དགོས་སམ།” འདི་ངས་མདང་དགོང་བྲིས་པ་ཞིག་ཡིན། བརྡ་དག་ལ་དོ་སྣང་ཆེ་བ་ཚོས། “ང་ཇི་ལྟར་”ཞེས་འབྲི་དགོས་པ་ལས། “ངས་ཇི་ལྟར་”ཞེས་བྲིས་ན་ནོར་བ་རེད་ཟེར་གྱི་རེད། འོན་ཀྱང་ང་ལ་མཚོན་ན། “ངས་”ཞེས་བྱེད་སྒྲ་མ་བྲིས་ཚེ། འགུལ་ཤུགས་དང་བྲལ་བའི་གཡོ་འགུལ་ཙམ་ཞིག་ཏུ་མཐོང་གི་འདུག

མཐའ་སྣེ་མཐོང་རྒྱུ་མེད་པའི་གཞུང་ལམ་ཐོག་ཏུ་འགྲོ་དུས། ཚ་དྲོད་འཇག་དུས་མེད་པའི་བར་སྣང་དུ་བལྟ་དུས། ད་དུང་འདྲ་པོ་འདྲ་པོ་ཡིན་པའི་གཡས་གཡོན་གྱི་ཁྲོམ་ལམ་དེ་ཚོར་བལྟ་བཞིན། ངའི་སེམས་ནང་། རང་ཉིད་ནི་གངས་ཅན་གྱི་ལྗོངས་ནས་འབབ་པའི་ཆུ་ཕྲན་ཞིག་ཏུ་མཐོང་ཞིང་། དེ་དང་མཉམ་དུ། ས་སྐྱ་པཎ་ཆེན་གྱིས། 

འབབ་ཆུ་ཇི་ལྟར་ལྡོག་གྱུར་ཀྱང་། །
ཐུར་དུ་འབབ་པ་ཁོ་ནར་འདོད། །ཅེས་གསུངས་པའི་ཆོས་ཉིད་དེ་དྲན་ཞིང་། དེ་དྲན་ཐེངས་རེར་སེམས་ནང་འཇིགས་སྣང་ཡང་ཤར་ཡོང་། དེ་བས་ངས་ས་པཎ་གྱི་གསུང་ནང་གི། 
མེ་ནི་ཐུར་དུ་ཁ་བསྟན་ཀྱང་།། 
མེ་ལྕེ་གྱེན་དུ་འབར་བ་མཐོང་།། ཞེས་གསུངས་པ་དེ་ཟློ་བཞིན། རང་ཉིད་མེ་ལྕེ་ཞིག་ཡིན་ན་སྙམ།

འོན་ཀྱང་ང་རང་ཆུ་བོ་རེད། ཡར་ཀླུང་གཙང་པོ་བཞིན་བཞུར་ཏེ། རྒྱ་གར་ནས་གངྒའི་མིང་ཐོགས་ཤིང་། དེ་ནས་མཐའ་ཡས་ཀྱི་རྒྱ་མཚོར་འབབ་དགོས།

ནམ་ཞིག་རྐྱེན་དབང་གི་དྲོད་ཤུགས་ལ་བརྟེན་ནས། ང་རང་རླངས་པར་གྱུར་ཏེ། ང་རང་སྤྲིན་དཀར་དུ་གྱུར་ཏེ། རླུང་གི་གྲོགས་ལ་བརྟེན་ནས། སླར་གངས་ལྗོངས་ཀྱི་མཁའ་དབྱིངས་སུ་ལྡིང་ཐུབ་པའི་དུས་སྐབས་དེ། འཆར་སྲིད་དམ། འཆར་སྲིད་དམ།། །།

6 comments:

  1. བརྗོད་བྱ་ངེས་གཏན་མེད་པ། ཚོར་བ་ཤུགས་ཆེན་པོ་སློང་མཁན། ཁྱད་མཚར་ཞིག་བྲིས་འདུག རྩོམ་ཡིག་འདི་ནམ་རྒྱུན་གྱི་ཁྱེད་རང་གི་འབྲི་སྟངས་དང་འདྲ་ཡི་མི་འདུག གང་ལྟར་ཐུགས་རྗེ་ཆེ་ཞུ། གྲོགས་མིང་བློ་བསྟན་པས་ཕུལ།།

    ReplyDelete
  2. བསྟན་འཛིན་ཕན་བདེ།August 30, 2013 at 5:13 PM

    ཆུང་ལགས་ནས་འདིར་བརྗོད་བྱེད་ཚིག་གི་སྡེབ་སྦྱོར་སྙན་ཞིང་འཇེབས་ལ། བརྗོད་བྱ་དོན་གྱི་ཆ་ནས་ཀྱང་ཀུན་གྱིས་དོ་སྣང་ངེས་བྱ་དགོས་ཀྱང་སྣ་ཆུང་དུ་ལུས་མ་ཁག་གླེང་ནས་ལྷུག་མ་གསོན་ཉམས་ལྡན་པ་ཞིག་བྲིས་གནང་འདུག་པར་ཐུགས་རྗེ་ཆེ་ཞུ། སྤྱིར་ལྷུག་མའི་སྒྱུ་རྩལ་གྱི་སྐལ་བ་འདི་ཕྱོགས་ལ་ཡོད་པར་ཤོད་སྲོལ་ཡོད་པ་བཞིན་ཁྱད་ཆོས་འབུར་ཐོན་ལ་ཡི་རང་ཡོད།

    ReplyDelete
  3. གྲོགས་བློ་བསྟན་ལགས་དང་། མཁྱེན་ལྡན་བསྟན་འཛིན་ཕན་བདེ་རྣམ་གཉིས་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ།
    ༡) ད་ཐེངས་བྲིས་པའི་ལྷུག་རྩོམ་འདི་འགྲུལ་བཞུད་ཅིག་གི་སྐབས་སུ་བྱུང་བའི་དྲན་འཆར་ཡིན། རྩོམ་ལུས་འདི་ཡིན་ཞེས་ཞུ་རྒྱུ་མེད་ཀྱང་། སྐབས་རེ་འདི་འདྲ་འབྲི་འདོད་ཡོང་གི་འདུག ང་རང་གི་རྩོམ་འགྲོས་ལ་འགྱུར་བ་ཡོང་གི་ཡོད་པ་དེ་ངས་ཚོར་གྱི་འདུག ཡིན་ནའང་རང་གི་རྩོམ་གཤིས་ཡིན་ཞེས་མཁྲེགས་འཛིན་བྱེད་རྒྱུ་ཞིག་ང་ལ་མེད།
    ༢) དེ་ནས་ལྷུག་རྩོམ་དང་ལྷུག་རྩོམ་གྱི་ཕྱོགས་ནས་ཞུས་ན། དབུས་སྐད་ཀྱི་འཇམ་ཆ་དང་ལྷུག་ཆ་གཉིས་དེ། ཚིག་ལྷུག་ལ་རན་པ་ཞིག་རེད། ལྷུག་རྩོམ་རང་གི་ཆ་ནས་བཤད་ན། ཆུ་བོ་བཞིན་དུ་རང་དབང་གི་སྒོ་ནས་ལྷུག་པར་གྲོལ་བ་ཞིག་ཡིན་དགོས་སྙམ་ཞིང་། ལྷུག་རྩོམ་གྱི་དགོས་དོན་ངོ་མ་ཡང་། ནང་སེམས་ཀྱི་འཆར་སྒོ་དང་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཟུང་འབྲེལ་གྱིས་ཕྱོགས་ངོས་དུ་མ་ནས་རང་དབང་གི་སྒོ་ནས་མཚོན་ཐབས་བྱེད་དགོས་རེད་དྲན།།

    ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete
  4. This comment has been removed by the author.

    ReplyDelete
  5. མཐོ་འབྲིང་དང་མཐོ་སློབ་ཁག་གི་ནང་རྩོམ་འབྲི་སྟངས་བསླབ་ཁྲིད་ཀྱི་དཔེ་མཚོན་ཕན་ཐོགས་ཡོང་ངེས་པས་མ་ཚད་བོད་ཀྱི་སྐད་ཡིག་སྦྱོང་མཁན་ཕྱི་གླིང་པ་ཚོར་ཡང་འབྲི་ཀློག་གཉི་གའི་དཔེ་
    རུ་ཤིན་ཏུ་འོས། ཨོཀསི་ཕོརཌ་གཙུག་ལག་སློབ་ཆེན་དུ་ལོ་རིམ་གོང་མ་ཚོར་ངེས་པར་དུ་ཀློག་འཇུག་གི་ཡིན་ལགས། བཀྲིན་ཆེ།

    ReplyDelete
  6. དོ་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ

    ReplyDelete