2013-11-04

བློང་བློང་ཡིད་གདུང་འདི་འདི་ཅི་ཞིག་རེད།།

དཀར་པོའི་མེ་ཏོག་ལྟ་བུའི་ཁ་བ་འདིས།།
ཁོ་བོའི་མགོ་བོ་ཡོངས་སུ་གཏུམ་གྱུར་ན།།
དམར་པོའི་མེ་ལྕེ་འདྲ་བའི་ཁྱེད་ཀྱི་སྙིང་།།
ད་ལྟ་བཞིན་དུ་ང་ལ་གཏོད་གྱུར་ཏམ།།

ནམ་ཞིག་འཇིག་རྟེན་འཁོར་མཚམས་ཆད་པ་ན།།
ང་ལ་གཏན་དུ་དགའ་ཞེས་གསུང་མཚམས་དེར།།
བརྟན་པར་བཞུགས་ཏེ་རྟག་བརྟན་འཛུམ་པའི་མདངས།།
ཁོ་བོའི་མིག་ཆུའི་གདོང་ལ་སྟོན་གྱུར་ཏམ།།

བློང་བློང་ཡིད་གདུང་འདི་འདི་ཅི་ཞིག་རེད།།
དུང་དུང་ངག་ཚིག་སྙན་སྙན་སུ་ལ་གྱེར།།
དྭངས་དྭངས་ཡིད་ཆེས་གཙང་གཙང་གང་ལ་བྱེད།།
ཁྱེད་ཁྱེད་གསུངས་དང་དང་བས་ཉན་ནས་ཡོད།།


ཆང་ཞིག་འཐུང་བཞིན་གོམ་པ་ཆར་ནང་སྤོས།།
གནམ་གྱི་སྐར་མས་ཁྱེད་རང་གཟིམ་འདུག་ཟེར།།
ལོ་ངོ་བཅུ་ཕྲག་སྤངས་པའི་ཐ་མག་རོ།།
མཚན་གུང་འདི་རུ་ཡང་བསྐྱར་མྱང་སྙིང་འདོད།།

བརྩེ་ཞིང་དུང་བའི་ཁྱེད་རང་སྐར་མ་བཞིན།།
ནམ་མཁའ་དེ་ནས་ཁོ་བོར་གཟིགས་ཡོད་ན།།
མི་ཚེ་ཐོས་པར་སྐྱེལ་བའི་བོད་ཕྲུག་ང་།།
ས་མཐའ་འདི་ནས་འཁྱགས་ཀྱང་སྐྱིད་དུ་ཚོར།།

རང་གཞན་དགའ་བའི་གཏམ་ཞིག་འབྲི་འདོད་པས།།
ཤོག་དཀར་མདུན་དུ་བླངས་ཏེ་ཚིག་འདི་བྲིས།།
སྨྱུ་གུ་རུས་དང་མིག་ཆུ་ཁྲག་ཡིན་པའི།།
བྱ་སྒྲོ་དཀར་པོས་ཅི་བྲིས་སྐྱོ་ཤས་ཙམ།། །།

3 comments:

  1. མི་ཚེ་དོན་ཆེན་སྐྱེལ་མཁན་བོད་ཕྲུག་ཁྱེད།
    ནམ་མཁའ་ལྟ་ཞོག་རི་རབ་གླིང་བཞི་ནས།
    གསོལ་བ་འདེབས་སུ་གཞན་དོན་གྲུབ་ཤོག་ཨ།
    ལྟག་ཏུ་ཁྱེད་ལ་མིག་འབུར་བལྟ་བཞིན་ཡོད།
    ཀརྨ།

    ReplyDelete
  2. བརྩེ་ལྡན་བཤེས་ཁྱེད་དྲོད་སྦྱིན་ཉི་མ་རེད།།
    གཤིས་བཟང་གྲོགས་ཁྱེད་མུན་སེལ་ཟླ་བ་རེད།།
    རྡོ་རྗེའི་སྤུན་ཁྱེད་ཡོད་པས་ཚེ་འདི་ལ།།
    དཀའ་ངལ་འཕྲད་རུང་འཇིགས་པ་ཅང་མ་མཆིས།།

    ཐུགས་རྗེ་ཆེ། རྒན་ལགས།

    ReplyDelete
  3. བཀུར་བར་འོས་པའི་སྐུ་ཞབས་ཆུང་ཚེ་རིང་ལགས། གུས་པ་ཤིས་ཚང་ལྗང་མྱུག་ཡིན། སྐུ་ཉིད་ཀྱིས་གུས་པར་སྐད་འཕྲིན་དྲ་འབྲེལ་གནང་ན་ཆོག་གམ། ངའི་སྐད་འཕྲིན་ཐོ་མིང་། wechat ID: barshun འདི་ཡིན།

    ReplyDelete