2013-11-25

བདུད་རྩི་འཐུང་བའི་ན་རོ་པ།

ཡལ་འདབ་སྐྲ་བཞིན་ཟིང་པའི་སྡོང་པོའི་བར།།
ཚོན་ལྡན་དར་གྱི་ལྡ་ལྡིས་ཅི་ཞིག་ཟློ།།
གསལ་ལ་མི་གསལ་ཟླ་འོད་དེ་ཡི་འོག
ཁྱེད་ཀྱི་དོ་ཧས་ང་རང་ཐོས་སྙམ་བྱེད།།

ནམ་མཁའ་སྐྱ་བོས་མཐོང་བ་ང་ཨེ་རེད།།
ས་གཞི་ནག་པོར་ཤོང་བ་ཁྱེད་ཡིན་ནམ།།
ཁུ་སིམ་འདི་ཡི་ཡོལ་བའི་ཕག་དེ་ན།།
ཁྱེད་ཀྱིས་བདུད་རྩི་བཞེས་ཏེ་བཞུགས་ཡོད་ཨང་།།


ཆོས་ཉིད་མི་གསལ་ཉི་འོད་མུན་པའི་འོག །
གང་ལ་སྒྲོན་མེ་ལྡན་རུང་སུ་ལ་མཁོ།།
མུན་པའི་གཏིང་གི་ཀུན་རིག་སྣང་བ་དེས།།
ཁྱབ་པར་གདལ་བའི་བདེ་ཉམས་ཁྱེད་ཆེ་ཨང་།།

བགྲང་ཡས་བྱེ་མ་བརྩི་བའི་རྒད་མོའི་ཐོ།།
དཔག་ཡས་ཞིང་ཁམས་དེ་རུ་བཞད་གད་གནས།།
མཐའ་ཡས་ཞེས་པའི་ལོ་མ་དེ་ཡི་ནང་།།
བསམ་ཡས་ཤེའུ་དག་བརྩེ་བའི་དབྱངས་ལ་ཐིམ།།

རྒྱུན་པར་བཤུམ་པའི་ཁྱེད་ལ་དགོངས་སེལ་ཞུ།།
ཆང་དེམ་མ་གཏོགས་དེ་རིང་སུ་མི་དྲན།།
ཟུར་མིག་ཅིག་ཙམ་མཐོང་འདོད་འགུལ་ཤུགས་ཀྱིས།།
མཛེས་མའི་སྒོ་ཁར་གྲང་ཟུག་ངས་མི་ཉོ།།

མར་མེའི་མེ་འོད་རླུང་གིས་འགུལ་ཏེ་མཆེད།།
མཚོ་ཁར་རྦ་རླབས་བྱིན་རླབས་བཞིན་དུ་འཕྱུར།།
དོན་གཉེར་འདུན་པ་བརླག་པའི་བྱ་སྒྲོ་ང་།།
རྟོག་ངན་འདམ་རྫབ་འདི་ནས་འདྲེན་དགོངས་འདུག །

ནམ་མཁའ་སྐྱ་སྐྱ་ཁྱེད་ཀྱི་དགོངས་པ་རེད།།
ལྗོན་ཤིང་ཟང་ཟིང་ང་ཡི་སེམས་པར་མཐོང་།།
ཚོན་ལྡན་དར་ལྡི་ང་ཚོ་འབྲེལ་བྱེད་རེད།།
ལྗང་མདོག་རྩྭ་དང་ལོ་མ་སྒོ་སྒེའུ་ཁུང་།།

ཁྱེད་ཀྱི་ཆང་ཕོར་དེ་ལ་རྩོད་འདོད་ཡོད།།
ཁྱེད་ཀྱི་བདག་མོ་དེ་ལ་འཁྲིལ་འདོད་ཡོད།།
ཁྱེད་ཀྱི་སྣང་བ་སྐྱིད་པོ་བཤུ་འདོད་ཡོད།།
ཁྱེད་ཀྱི་དཀའ་ཐུབ་དེ་ཚོ་མི་འདོད་དོ།།

ན་རོ་པཎ་ཆེན་ཞབས་ལ་མར་པས་གཏུགས།།
མར་པ་ལོ་ཆེན་ཞབས་ལ་མི་ལས་བཏུད།།
བདུད་རྩིའི་རྒྱུན་ཐིགས་མཁའ་འགྲོའི་ཁ་ཡི་རླངས།།
ཆེན་པོར་གདངས་པའི་སྙིང་འདིར་སིམ་ན་ཨང་།།

ཉི་མ་མེད་པའི་ཉིན་མོ་ཤར་མ་ཐག །
རང་ཡུལ་མེད་པའི་སྒྲོ་དཀར་སྐྱོ་བ་སྐྱེས།།
ཟང་ཟིང་མེད་པའི་ན་རོའི་ཆོས་ཚོགས་སུ།།
ཞེན་ཆགས་མེད་པའི་མལ་དུ་འདི་བྲིས་སོ།། །།

3 comments:

  1. བྲག་གཞིས་བུ།November 25, 2013 at 11:20 AM

    ཤ་ཆེན་བདུད་རྩི་སྤྱད་པས་བདེ་ཆེན་འབར།།
    བཅུ་དྲུག་ལང་ཚོར་འཁྲིལ་བས་འོད་གསལ་འཆར།།
    འདོད་ཡོན་ལམ་འཁྱེར་སྤྱོད་མེད་རྣལ་འབྱོར་པས།།
    སྤྱོད་ལྡན་སྙན་ངག་པ་ལ་དོ་ཧ་སྦྱིན།།

    ReplyDelete
  2. བརྟུལ་ཞུགས་སྤྱོད་པས་རྣམ་རྟོག་ལིང་སེ་བསྒྱུར།།
    ཟབ་གསལ་དོ་ཧས་ཆོས་ཉིད་ཏག་སེ་བསྟན།།
    ཚིག་གི་གོས་སུ་མ་ཤོང་ལང་ཚོའི་གཟུགས།།
    ཅེར་བུར་སྟོན་པའི་རྣལ་འབྱོར་འདི་ཚོ་རྨད།།

    ཁོ་བོ་ཇོ་བཟང་རྟུལ་ཞུགས་བཟུང་བཟུང་ནས།།
    ཁོ་ལག་ཐམས་ཅད་ཀོ་བས་ཁོབས་ཉེན་འདུག
    ཁོ་ཅག་འདོད་པའི་འདམ་ནས་གླུ་གྱེར་བཞིན།།
    ཁོ་ཐག་འཁོར་བར་གཅོད་འདིར་མོས་པ་སྐྱེས།།

    ReplyDelete
  3. བྲག་གཞིས་བུ།November 26, 2013 at 4:38 PM

    རྣལ་འབྱོར་གྱི་སྤྱོད་པ་བསྐྱངས་དྲག་ནས།།
    མི་སྤྱོད་ཀྱི་དྲི་མ་ཡལ་ཉེན་འདུག།
    དེ་རྣལ་འབྱོར་བསྐྱངས་པའི་ལག་རྗེས་ཡིན།།
    ད་རང་སེམས་དཀར་པོ་གསལ་ལེར་མཐོང་།།

    ReplyDelete