2013-12-31

ངག་སྐུད།

མཐུད་མཚམས་མེད་པའི་སྐུད་པ་དེས།།
ཁྱེད་དང་ང་རང་སྦྲེལ་ཡོད་ན།།
སྣག་ཚ་མེད་པའི་སྨྱུ་གུ་ཟུང་།།
ལྷན་དུ་གཙང་པོར་བསྐྱུར་བར་བྱ།།

ཁྱེད་ཀྱིས་ཁོ་བོ་ག་ལ་མཁྱེན།།
ངས་ཀྱང་ཁྱེད་རང་ཤེས་ཀྱི་མེད།།
ཁྱེད་རང་སྙན་ངག་མཁན་རེད་ཟེར།།
ང་རང་སྙན་ངག་པ་རུ་རློམ།།


ལུས་རྟེན་སྩོལ་མཁན་ཡུམ་ཆེན་གང་།།
གཏན་བྲལ་མིག་ཆུ་གཙང་པོ་བཞིན།།
ཤ་ལས་ཆད་པའི་བུ་མོ་དེར།།
འོད་ལྡན་འཛུམ་མདངས་ཉི་མ་བཞིན།།

སྤྲིན་པ་ཡ་གི་ང་ཡིན་ན།།
ནམ་མཁའ་སྐྱ་སྐྱ་ཁྱེད་ཡིན་ན།།
ཆར་པ་སིམ་སིམ་སྙན་ངག་སྟེ།།
ས་གཞི་བརླན་བཞིན་སྙིང་ཁ་བརླན།།

ལོ་ངོ་བརྒྱ་ཕྲག་འདས་སོང་ངོ་།།
ཁྱེད་རང་རྡོ་བཞིན་སྙན་ངག་གྱེར།།
ལོ་ངོ་སྟོང་ཕྲག་སོང་བའི་རྗེས།།
ཁྱེད་ཀྱིས་ང་རང་འབྲི་སྲིད་དམ།།


འགོ་མཇུག་མེད་པའི་སྐུད་པ་དེས།།
སྙན་ངག་འདི་ཚོ་མཚོན་ཡོད་ན།།
ཁ་དོག་མེད་པའི་གཙང་པོ་དེའི།།
འགོ་ནི་ཁྱེད་དང་མཇུག་ནི་ང་།།

4 comments:

  1. སྙན་ངག་ནི་ལེགས་པ་ཉིད་དོ།། སྣང་བརྙན་ནི་རབ་ཏུ་གསལ་ལོ།།

    ReplyDelete
  2. གཟིགས་ནས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  3. ཨཱོ། རབ་ཏུ་སྙན། བསམ་གཞིགས་ཀྱི་ཀློང་དུ་བསྐུལ་སོང་།

    ReplyDelete
  4. གློ་བུར་གྱི་འཆར་སྣང་སྙན་ངག་ཏུ་བཀོད་པ་ཙམ་ཡིན། གཟིགས་པར་ཐུགས་རྗེ་ཆེ།

    ReplyDelete