2015-04-08

ཆིབས་བསྒྱུར།

དེང་སང་ང་ཚོས་རྒྱུན་དུ་བོད་ཡིག་གི་གསར་ཤོག་དང་རླུང་འཕྲིན་སོགས་ལས། ༸གོང་ས་ཡིད་བཞིན་ནོར་བུ་མཆོག ཡུལ་ག་གེ་མོར་“ཆིབས་བསྒྱུར་”གནང་སྟེ། གང་ཟག་ཆེ་གེ་མོ་དང་མཇལ་མོལ་མཛད་པའི་སྐོར་གྱི་གསར་འགྱུར་མཐོང་ཐོས་ཡོང་གི་ཡོད། ང་ཚོས་གསར་འགྱུར་ནང་སྤྱོད་པའི་ཚིག་“ཆིབས་བསྒྱུར་”ཞེས་པ་དེ། འགྲོ་བ་དང་ཡོང་བ། ཕྱིན་པའི་ཞེ་ཚིག་ཅིག་ཡིན་པ་ཤེས་ཀྱི་ཡོད་ཀྱང་། ཞེ་ཚིག་འདི་ཇི་ལྟར་བྱུང་མིན་མི་མང་པོ་ཞིག་གིས་ཤེས་ཀྱི་མེད།
སྔོན་མ་རྒྱལ་པོ་དང་བླ་ཆེན། དཔོན་རིགས་རྣམས་ཕར་ཚུར་འགྲོ་སྐབས། རྟ་ལ་བཞོན་ནས་འགྲོ་ཞིང་། རྟ་དྲེལ་སོགས་ལ་བཞོན་པའི་བྱ་བའི་ཞེ་ས་ལ་“ཆིབས་”ཟེར། (འདས་པ་ལ་བཅིབས་སམ་ཆིབས ། ད་ལྟ་བར་འཆིབ། མ་འོངས་པར་བཅིབ། སྐུལ་ཚིག་ཏུ་ཆིབས་) ཇི་ལྟར་མིག་གིས་ལྟ་བའི་ཞེ་ཚིག་“གཟིགས་་”ཞེས་པ་ལས། ལྟད་མོ་ལ་“གཟིགས་མོ་”དང་། ལྟ་ཆས་ལ་“གཟིགས་ཆས” ལྟ་སྣང་དང་མཐོང་སྣང་ལ་“གཟིགས་སྣང་”སོགས་ཞེ་ཚིག་མང་པོ་ཞིག་གྲུབ་པ་བཞིན། བཞོན་པའི་ཞེ་ཚིག་“ཆིབས་”ཞེས་པ་ལས། བཞོན་བྱ་རྟ་དྲེལ་སོགས་ལ་“ཆིབས་པ་” རྟ་ཆས་”ལ་“ཆིབས་ཆས་” རྟ་དྲེལ་ལ་དོ་དམ་བྱེད་མཁན་གཙོ་བོར་“ཆིབས་དཔོན་” རྟ་ལ་གཡོག་བྱེད་མཁན་ལ་“ཆིབས་གཡོག” རྟ་དྲེལ་བཞོན་སྟེགས་ལ་“ཆིབས་བཀྱག་”སོགས་ཀྱི་ཞེ་ཚིག་མང་པོ་ཞིག་གྲུབ་ཡོད།

སྔོན་མ་བླ་མའམ་རྒྱལ་པོས་རྟ་ཁ་ལྷ་ས་ནས་གཞིས་ཀ་རྩེ་ལྟ་བུར་བསྒྱུར་ཏེ་ཕེབས་ཚེ། “ལྷ་ས་ནས་གཞིས་ཀ་རྩེར་ཆིབས་ཞལ་བསྒྱུར་”ཞེས་ཟེར་ཞིང་། འདིའི་རྟ་ཁ་བསྒྱུར་བའི་དོན་སྟོན་པའི་ཞེ་སའི་ཚིག་ཕྲེང་“ཆིབས་ཞལ་བསྒྱུར་”ཞེས་པ་དེ་བསྡུས་པ་ལས། “ཆིབས་བསྒྱུར་”ཞེས་པའི་ཞེ་ཚིག་དེ་གྲུབ་པ་རེད། དེང་སང་༸གོང་ས་ཡིད་བཞིན་ནོར་བུ་སོགས་གནམ་གྲུ་དང་ཕེབས་ཊོར་བཞུགས་ཏེ་ཕེབས་ཀྱི་ཡོད་པ་ལས་ཆིབས་རྟར་བཅིབས་ཏེ་ཕེབས་ཀྱི་མེད་ཀྱང་། ང་ཚོས་མུ་མཐུད་དེ་“ཆིབས་བསྒྱུར་”ཞེས་པའི་ཞེ་ཚིག་དེ་སྤྱོད་ཀྱི་ཡོད་པ་མ་ཟད། ཁོང་གི་ཆིབས་བསྒྱུར་གྱི་ཞབས་ཕྱི་བ་ཚོར་ཡང་“ཆིབས་ཞབས་”སམ་“ཆིབས་ཞབས་པ་”ཞེས་འབོད་སྲོལ་ཆགས་ཡོད།
མིང་ཚིག་ནི་དོན་དངོས་སུ་མི་དང་འདྲ་བར་ལོ་རྒྱུས་ཀྱི་བརྒྱུད་རིམ་སྣ་ཚོགས་ཤིག་བརྒྱུད་ནས་ཡོང་བ་ཞིག་རེད། བྱ་ཚིག་“ཆིབས་”ལས་“བཞོན་རྟ་”ལ་“ཆིབས་རྟ་”ཐོགས་པ་དང་། “ཆིབས་རྟའི་ཞལ་བསྒྱུར་བ་”ལས་“ཆིབས་བསྒྱུར་”བྱུང་བ། ད་ཆ་“ཆིབས་བསྒྱུར་”དེ་ཡང་རྟ་སོགས་ཁ་ལོ་བསྒྱུར་བའི་དོན་དང་འབྲེལ་བ་མེད་པའི་དོན་དག་གཞན་ཞིག་ལ་གོ་ཚུལ་འདི་ཚོར་བསམས་ན། ང་ཚོས་སྤྱོད་བཞིན་པའི་མིང་ཚིག་རེ་ལ། ལོ་རྒྱུས་རིང་པོ་རེ་ཡོད་པ་དང་། ལོ་རྒྱུས་དེ་ཚོ་མང་ཆེ་བ་ང་ཚོས་རྦད་དེ་གཏིང་བརྗེད་དུ་སོང་ཟིན་པ་ཞིག་ཡིན་པའི་ངེས་ཤེས་བརྙེད་ཐུབ། ཇི་ལྟར་“ཆིབས་བསྒྱུར་”གྱི་གོ་དོན་དང་སྤྱོད་སྒོའི་འཕེལ་འགྱུར་དང་མཚུངས་པར། བོད་ཀྱི་མིང་ཚིག་མང་པོ་ཞིག་གི་ཐོག་མའི་གོ་དོན་དང་། ད་ལྟའི་གོ་དོན་གཉིས་ཐ་དད་དུ་སོང་ཡོད་ངེས་ཤིང་། དེ་འདྲའི་གོ་དོན་སྔ་ཕྱི་ཐ་དད་དུ་སོང་བའི་མིང་ཚིག་གི་འབྱུང་རྩར་བརྟག་ཞིབ་བྱེད་སྐབས། གོ་དོན་སྔ་ཕྱི་ཚང་མ་ཤེས་དགོས་པ་དེ་གནད་འགག་རེད་ལ་དཀའ་གནད་ཀྱང་རེད།། །།

4 comments:

  1. ཁྱེད་ཀྱི་དཔྱད་རྩོམ་སྙིང་བསྡུས་འདི་ནི་ཁ་ཡོད་ལག་ཡོད་ཅན་རེད་འདུག རྗེས་སུ་ཡི་རངས་གྲངས་མེད་ཞུ།

    ReplyDelete
  2. དགེ་བཤེས་ལགས་ཀྱིས་ཐུགས་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ།

    ReplyDelete
  3. གུས་པར་འོས་པའི་རྒན་ཆུང་ཚེ་རིང་ལགས་སུ། སྐུ་ཉིད་ནི་ང་ཙམ་མ་ཟད་བཙན་བྱོལ་གཞོན་སྐྱེས་ཚོས་མིག་དཔེ་ལྟ་སའི་རྩོམ་པ་པོ་ཞིག་ཡིན། ངེད་ཀྱིས་སྐུ་ཉིད་ཀྱི་ཟིན་བྲིས་ལ་དུས་རྒྱུན་ལྟ་ཀློག་བྱས་པས་བློ་སྐྱེད་ཆེ་པོ་འཐོབ་བྱུང་།
    ཆེད་དུ་ཞུ་སྙིང་ནི་གུས་པའི་ཟིན་བྲིས་ད་སྐབས་ཇུས་འགོད་ཡག་ཏུ་བཏང་ནས་སྤུས་ཚད་ཅན་བཟོས་ཡོད། འོན་ཀྱང་ཟིན་བྲིས་ཤིག་ཡིན་ན་ལྟ་ཀློག་བྱེད་མཁན་མང་པོ་ཡོང་དགོས་སྟབས་སྐུ་ཉིད་ཀྱི་ཟིན་བྲིས་ནང་དུ་གུས་པའི་Tehorsonam.blogspot.inདྲ་འབྲེལ་ཞིག་བཞག་རོགས་ཞུ་བ་ཡིན།

    ReplyDelete
    Replies
    1. ཁྱེད་ཀྱིས་ཕྲན་གྱི་དྲ་དེབ་ལ་ཐུགས་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་ཟིན་བྲིས་ཀྱི་འབྲེལ་ཐག་དེ། ཕྲན་གྱི་དྲྭ་བྱང་ཐོ་གཞུང་ནང་བཀོད་ཡོད།

      Delete