དེ་ཡང་ཁོང་གི་བཟའ་ཟླ་གསར་པ་ཇོ་སེ་ཕིན་(Josephine)ཞེས་པ་དེ་ཁ་ལག་བཟོ་སྟངས་སྦྱོང་སྐབས། རྒྱུན་དུ་ལག་པར་འཚིག་སྐྱོན་བྱུང་བའམ་རྨས་སྐྱོན་ཡོང་གི་ཡོད། སྐབས་དེ་དུས་ཨཱ་རལ་ ཌིག་སོན་ནི་སྨན་པས་བེད་སྤྱོད་བྱེད་པའི་ཀོ་ཡོལ་དང༌སེང་རས་ལས་གྲུབ་པའི་རྨ་རས་བཟོ་མཁན་གྱི་བཟོ་གྲྭ་ཇོན་སོན་དང་ཇོན་སོན་ (Johnson & Johnson) ཞེས་པའི་ནང་ལས་ཀ་བྱེད་ཀྱི་ཡོད་པས། ཁོང་གི་ཁྱིམ་ནང་གོང་གསལ་རྨ་རས་མང་པོ་བེད་སྤྱོད་བྱས་ཆོག་ཆོག་ཡོད། བྱས་ཙང་ཁོང་གིས་རང་གི་བཟའ་ཟླར་རྨས་སྐྱོན་ག་དུས་བྱུང་ནའང་བརྩེ་བ་ཆེན་པོའི་ངང༌། རྨས་སྐྱོན་བྱུང་སར་སེང་རས་ལས་གྲུབ་པའི་རྨ་ཁེབ་དང་ཀོ་ཡོལ་སྦྱོར་གྱི་ཡོད། འོན་ཀྱང་རྨ་ཁེབ་དེ་ཡང་ཡང་གོག་ཡོང་བ་མ་ཟད་སྦྱོར་སྐབས་ཀྱང་དཀའ་ངལ་ཆེན་པོ་ཡོད། བྱས་ཙང་ཁོང་ལ། རྨ་ལ་རན་ཞིང༌། སྦྱར་ཆོག་ཆོག་ཡོད་པ། སྦྱར་ཟིན་རྗེས་གཙང་མ་དང་བརྟན་པོར་སྡོད་ཐུབ་པའི་སྟབས་བདེའི་རྨ་རས་ཤིག་བཟོ་རྒྱུའི་བསམ་བློ་བྱུང༌། དེ་ནི་ང་ཚོས་གོང་དུ་གླེང་བའི་“དགོས་མཁོ་”ཞེས་པ་དེ་རེད།
ཨཱ་རལ་ ཌིག་སོན་གྱིས་མནོ་བསམ་ཞིབ་ཕྲ་བཏང་རྗེས་ཁོང་ལ་རླབས་ཆེན་གྱི་རིག་པ་ཞིག་རྙེད་པ་རེད། དེ་ཡང་ཁོང་གིས་སེང་རས་ལས་གྲུབ་པའི་རྨ་ཁེབ་དེ། ཀོ་ཡོལ་གྱི་དཀྱིལ་ངོས་སུ་སྦྱར་བར་བརྟེན། སྦྱར་ཆོག་ཆོག་གི་རྨ་རས་ཤིག་ལེགས་སྒྲུབ་བྱུང༌། འོན་ཀྱང་ཀོ་ཡོལ་ལ་སྦྱར་ཟིན་པའི་རྨ་ཁེབ་དེར་ཁེབ་གཞན་ཞིག་མེད་ན། རྨ་རས་དེར་ནད་འབུ་འཁོར་ཉེན་ཆེན་པོ་ཡོད་པ་མ་ཟད། ཀོ་ཡོལ་གྱི་སྦྱར་ཚི་ཡང་མགྱོགས་པོ་སྐམ་འགྲོ་བའི་དཀའ་ངལ་འཕྲད་ཙང༌། ཁོང་གིས་སྐྱར་དུ་རིག་པ་བཏོན་ནས། ཀོ་ཡོལ་གྱི་ཟུར་ངོས་སུ་ཀྲྀ་ཨོ་ལིན(crinoline)ཞེས་པའི་རྒྱུ་ཆ་ཞིག་གིས་ཁེབ་གཡོགས་རྒྱུའི་འབད་བརྩོན་བྱས། ཁོང་གི་རིག་པ་དེ་ཏག་ཏག་ལམ་ལ་རྒྱུག་པ་སྟེ། རྨ་རས་གསར་པ་དེ་གསར་བཏོད་བྱས་ཟིན་རྗེས། ཁོང་གི་བཟའ་ཟླས་རང་ཉིད་ཀྱི་ལག་པར་རྨ་བཟོ་སྐབས། བེད་སྤྱོད་བྱ་སླ་བའི་རྨ་རས་དེའི་ཁེབ་བཤུས་པ་དང་འབྲེལ་ལག་པའི་རྨ་ལ་ཏག་ཏག་སྦྱར་ཏེ། རང་གི་ཁྱོ་ག་ནི་མི་རིག་པ་ཅན་ཞིག་རེད་ཅེས་བསྔགས་བརྗོད་བྱས།

གྲོགས་པོ་ཆུང་ཆུང་ཚོ། ཁྱེད་རང་ཚོས་ལས་ཀའམ་སློབ་སྦྱོང་བྱེད་སྐབས། སྟབས་བདེ་པོ་མེད་པའི་ཡོ་ཆས་གང་དང་གང་བེད་སྤྱོད་གཏོང་དགོས་ཀྱི་འདུག ཡོ་ཆས་དེ་ཚོ་དེ་ལས་བེད་སྤྱོད་བྱེད་བདེ་བ་ཞིག་བྱུང་ན་སྙམ་པའི་བསམ་ཚུལ་འབྱུང་གི་འདུག་གམ། འདུག་ན་ཁྱེད་ལ་གསར་བཏོད་ཀྱི་ཡུམ་ཆེན་“དགོས་མཁོ་”ཞེས་པ་དེ་ཡོད་པའི་རྟགས་མཚན་ཡིན་པས། གལ་ཏེ་ཁྱེད་རང་གིས་རིག་པ་ཕྲན་བུ་བཏོན་ཏེ་བེད་སྤྱོད་བྱེད་དཀའ་བའི་དངོས་པའི་ཞིག བེད་སྤྱོད་བྱེད་བདེ་པོར་བསྒྱུར་ཐུབ་པའམ། ཡང་ན་ལས་ཆོད་ཆུང་བའི་བྱ་དངོས་གང་རུང་ཞིག ལས་ཆོད་ཆེན་པོ་ཡོང་བར་བསྒྱུར་ཐུབ་ན། ཁྱེད་རང་གསར་གཏོད་པར་འགྱུར་ངེས་ཡིན།། །།
འདྲ་པར་གྱི་འགྲེལ་བཤད། གཡོན་ཕྱོགས་སུ་བཞུགས་པ་དེ་ཨཱ་རལ་ ཌིག་སོན་ཡིན། ན་གཞོན་དེ་གཉིས་ཨཱ་རལ་ཌིག་སོན་གྱི་ལོ་རྒྱུས་གློག་བརྙན་འཁྲབ་མཁན་རེད།