2010-10-25

བོད་ནང་བོད་ཡིག་གི་འཆི་གསོན། (དུམ་བུ་གསུམ་པ།)

(མི་རིགས་ཤིག་གི་སེམས་པ་མཚོན་བྱེད་ཀྱི་སྐད་བརྡའི་ལས་དབང་།) 
 
ཆ༽ གཏན་འབེབས་ལག་བསྟར་མ་བྱས་པའི་དངོས་ཡོད་ཀྱི་དཔེ་མཚོན།

རྒྱ་ནག་གིས་བཅིངས་འགྲོལ་གཏོང་སྔ་ཤོས་དང་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གནས་སྟངས་སྔོན་ཐོན་ཡིན་པར་སྨྲ་བའི་ཆབ་མདོ་ས་ཁུལ་དུ་(ཉེ་ཆར་ཟླ་བ་ ༡༠ ཚེས་ ༢༣ ཉིན་ཆབ་མདོ་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ ༦༠ འཁོར་བའི་མཛད་སྒོ་གཉེར་ཡོད་ཅིང་། མཛད་རིམ་ཡོངས་རྫོགས་རྒྱ་སྐད་ཐོག་གཉེར་ཡོད།)ཕྱི་ལོ་ ༡༩༩༣ ལོའི་ཟླ་བ་ ༤ ཚེས་ ༡༦ ནས་ཟླ་ ༥ ཚེས་ ༡ བར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ཤིག་གིས་བོད་ཀྱི་སྐད་ཡིག་ལས་དོན་སྐོར་བརྟག་དཔྱད་བྱས་ཏེ་བྲིས་པའི་སྙན་ཞུའི་ནང༌།
“ཕྱོགས་ཡོངས་ནས་ཞུས་ན་བོད་སྐད་ཡིག་གི་དགོས་གལ་སྐོར་ངོས་འཛིན་ད་དུང་གསལ་པོ་མེད་པ་དང༌། བོད་སྐད་ཡིག་ལས་དོན་སྐོར་གྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་དོན་འཁྱོལ་གཙང་མ་རང་བྱུང་མེད་པ། བོད་སྐད་ཡིག་ལས་ཀར་མཐོང་ཆུང་བྱེད་པའི་རྣམ་པ་ད་དུང་འགྱུར་བ་རྦད་དེ་རང་བྱུང་མེད་པ། དེ་དང་དུས་མཚུངས་བོད་སྐད་ཡིག་ལས་ཀའི་འགྲོ་གྲོན་མི་ལྡེང་བའི་རྐྱེན་གྱིས་བོད་སྐད་ཡིག་ལས་ཀར་སྐྱོན་བྱེད་བཞིན་མཆིས། ཞིབ་ཕྲ་ཞུས་ན། གཞུང་ཡིག་ཐད་ལ་ས་གནས་ཀྱིས་ཤང་རིམ་ལ་བཀྲམ་དགོས་པའི་ཡིག་ཆ་ཕུད་དེ་མིན་རྫོང་ཁག་ལ་གཏོང་བྱེད་དང་གོང་རིམ་ལ་འབུལ་བྱའི་ཡིག་ཆ་རྩ་བའི་ཆ་ནས་ཚང་མ་རྒྱ་ཡིག་མ་གཏོགས་བོད་ཡིག་མི་འདུག རྫོང་ཁག་གི་གོང་འབུལ་ཡིག་ཆ་རྩ་བའི་ཐོག་མང་ཆེ་བ་རྒྱ་ཡིག་དང་ཤང་ཁག་ལ་གཏོང་བྱེད་བོད་ཡིག་འདུག ས་གནས་དང་རྫོང་རིམ་གཉིས་ཀྱི་བོད་རིགས་ལས་བྱེད་པའི་རྒྱུན་སྤྱོད་སྐད་ཆ་ནི་རྩ་བའི་ཆར་ཚང་མ་རྒྱ་སྐད་དམ་ཡང་ན་བོད་སྐད་སྤྱོད་རྒྱུ་ཧ་ཅང་གི་ཉུང་ཉུང་རེད།

སློབ་གསོའི་ཐད་ང་ཚོ་སླེབས་པའི་གཞུང་བཙུགས་སློབ་ཆུང་ཡོངས་རྫོགས་དང་གཞན་གྱིས་ངོ་སྤྲོད་གནང་བའི་དམངས་བཙུགས་སློབ་ཆུང་རྣམས་སློབ་ཆུང་ལོ་རིམ་དང་པོ་ནས་བོད་རྒྱ་སྐད་ཡིག་གི་སློབ་ཚན་ཆབས་ཅིག་ཏུ་ཁྲིད་ཀྱི་འདུག དེའི་ཐད་ཚོད་ལྟ་བྱས་ན་མ་འགྲིག་པ་མེད་ཀྱང་ཉམས་མྱོང་དེ་རིགས་ཡོངས་སུ་མཐུན་མིན་ར་སྤྲོད་མ་བྱུང་བ་དང༌། གོང་རིམ་སློབ་གསོའི་ཚན་པ་དང་ལྗོངས་བོད་སྐད་ཡིག་མཛུབ་ཨུད་ཀྱི་ཆོག་མཆན་མ་ཐོབ་གོང་ཁྱབ་རྒྱ་ཆེན་པོའི་ནང་དེ་ལྟར་བྱེད་པ་དེ་ནི་ཞིབ་སྲོལ་གྱི་གཏན་འབེབས་དང་མི་མཐུན་པ་ཞིག་རེད།

ལས་བྱེད་ལས་བཟོའི་བོད་ཡིག་སློབ་སྦྱོང་ཐད་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཁེ་ལས་ཚན་པའི་ལས་བཟོའི་བོད་ཡིག་སློབ་སྦྱོང་དེ་རྩ་བའི་ཆར་མཚམས་ཆད་པ་དང༌། ལས་བྱེད་པར་རྒྱུགས་ལེན་བརྟག་དཔྱད་བྱེད་པའི་སྐབས་བོད་ཡིག་ཆུ་ཚད་མཐོ་དམའ་དེ་སྤྱིར་བཏང་གི་ཆ་རྐྱེན་དཀྱུས་མ་ཞིག་ཏུ་བརྩིས་པ་མ་གཏོགས་འཛོམ་དགོས་པའི་གལ་ཆེའི་ཆ་རྐྱེན་ཞིག་ཏུ་བརྩིས་མི་སྣང་ལ་གོ་གནས་དང་རིམ་པ་སྤོར་བའི་སྐབས་ལའང་བོད་རྒྱ་ཡིག་རིགས་གཉིས་གོ་འཕེར་ཐུབ་མཁན་ལ་དམིགས་བསལ་གྱི་སྲིད་ཇུས་མཚོན་ཐུབ་མི་སྣང༌།

སྤྱི་ཚོགས་ཀྱི་སྤྱོད་ཡིག་ཐད་བོད་ཡིག་བྲིས་ནོར་བྲིས་ཆད་དང་བཅས་པའི་གནས་ཚུལ་ས་གནས་དང་རྫོང༌། གྲོང་བརྡལ་ཚང་མར་རིག་རྒྱུ་ཡོད། དཔེར་ན། རི་བོ་ཆེ་རྫོང་གི་ཚོང་ཁང་དང་བཟའ་ཁང་མང་པོ་ཞིག་གི་སྒོ་བྱང་ལ་བོད་ཡིག་མེད་པ་དང་ས་ཁུལ་ཡོངས་སུ་ལས་ཁུངས་ཀྱི་མིང་བཀོད་པའི་ཡིག་སྐོགས་དང་འབྲི་ཤོག་མི་ཉུང་བ་ཞིག་ལ་བོད་ཡིག་མེད་པ་རེད་འདུག

བོད་སྐད་ཡིག་ལས་སྒྲུབ་ཀྱི་རྩ་འཛུགས་ལས་ཁུངས་ཐད་རྫོང་འགའི་འགོ་ཁྲིད་བརྗེས་འཐེན་བྱས་དབང་གིས་བོད་སྐད་ཡིག་གི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚང་མིན་ཁར་ཁ་གསབ་དང་ལེགས་སྒྲིག་བྱས་མེད་པ། རྫོང་ཁག་ཚང་མར་ཡིག་སྒྱུར་ཁང་ཡོད་ཀྱང་ལས་མི་དང་མཁོ་ཆས་སོགས་འཐུས་ལེགས་བྱུང་མི་འདུག”(༡༧)
ཅེས་གསལ་ཡོད། སྙན་ཞུ་དེའི་ནང་ད་དུང་ལས་བྱེད་ལས་བཟོ་བས་བོད་ཡིག་མ་ཤེས་པ་དང་བེད་སྤྱོད་མ་བྱས་པའི་གནོད་སྐྱོན་སྐོར་གླེང་སྐབས།
“མིག་སྔར། ལས་བྱེད་ལས་བཟོ་མང་པོ་ཞིག་གིས་བོད་སྐད་ཡིག་མ་ཤེས་སྟབས་ལས་ཁུངས་ནང་བོད་ཡིག་བེད་སྤྱོད་པར་སྐྱོན་ཆེན་པོ་རྒྱབ་འདུག་པ་དང༌། རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཁེ་ལས་ཚན་པར་བོད་ཡིག་འགྲོ་ཁོངས་ཆུང་བ་དེས་སློབ་གྲྭ་ཁག་དང་སྤྱི་ཚོགས་ཐོག་བོད་ཡིག་སློབ་སྦྱོང་བྱེད་པའི་སེམས་ཤུགས་ལ་སྐྱོན་ཆེན་པོ་བརྒྱབ་འདུག་པར་མ་ཟད་བོད་ཡིག་བསླབ་ཀྱང་བེད་སྤྱོད་མེད་སྙམ་པའི་སྐྱོ་སྣང་གི་བློ་ཡང་སྐྱེས་སྣང༌།”(༡༨)

ཞེས་གསལ་ཡོད། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་གཏན་ལ་ཕབ་རྗེས་ཕྱི་ལོ་ ༡༩༩༦ ལོར་བོད་ཀྱི་མཐོ་རིམ་ཆེད་སྦྱོང་དང༌། རྩོམ་རིག་སྒྱུ་རྩལ་འདོན་སྤེལ་པར་འགྲེམས་ཀྱི་སྔོན་རྩིས་གཅོག་འཐེན་བྱས་པ་དང༌། བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་སྐད་ཡིག་དང་རྩོམ་འབྲིའི་ཡར་རྒྱས་ཚོགས་ཆུང་ཕྱིར་བསྡུ་བྱས་ཏེ་ཚོགས་མི་རྒན་གྲས་རྣམས་ས་གནས་ཡིག་བསྒྱུར་སྡེ་ཚན་དུ་གནས་སྤོས་བཏང༌། དེ་བཞིན་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་གྱི་སློབ་ཚན་རྣམས་བོད་ཀྱི་སྐད་ཡིག་ཐོག་ནས་འཁྲིད་སྦྱོང་བྱས་ན་རྒྱ་ཡིག་ཐོག་ནས་འཁྲིད་པ་ལས་གྲུབ་འབྲས་ཧ་ཅང་གིས་ལེགས་པ་ཡོང་མུས་ལ་མ་ལྟོས་པར་ལས་འཆར་དེ་དང༌། ཚོད་ལྟའི་འཛིན་གྲྭ་བཞི་བཅས་ཀྱི་ལས་གཞི་གསར་གཏོད་ཁག་ཀྱང་མེད་པ་བཟོས་པ་རེད། ལྷ་སར་བོད་ལྗོངས་སློབ་ཆེན་ནང་བོད་ཡིག་གི་སློབ་ཚན་ཁྲིད་རྒྱུན་མཚམས་འཇོག་བྱས་པ་མ་ཟད། ཁྲིད་གཞུང་ནང་ཆོས་ལུགས་དང་འབྲེལ་བའི་རིག་གནས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་རྣམས་མེད་པ་བཟོ་སླད་སློབ་དེབ་བསྐྱར་སྒྲིག་བྱེད་དགོས་པའི་བཀོད་རྒྱ་བཏང༌།

ཕྱི་ལོ་ ༡༩༩༧ ལོར་གནས་སྟངས་དེ་བས་ཀྱང་སྡུག་ཏུ་སོང༌། དེ་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་བསྟན་འཛིན་གྱིས་བོད་རིགས་སློབ་ཕྲུག་ཚོར་གཞི་རིམ་སློབ་གྲྭ་ནས་ངེས་པར་དུ་རྒྱ་ཡིག་སྦྱོང་ཁྲིད་བྱ་དགོས་རྒྱུའི་གཞུང་གི་ཐག་གཅོད་དྲིལ་བསྒྲགས་བྱས་ཡོད། ཁོང་གིས་རྒྱ་ནག་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེ་མོ་སྐུ་ཞབས་འཇེམ་སི་སེ་སར་དང་ཐུག་འཕྲད་གྲོས་མོལ་སྐབས་བརྗོད་པར། ཕྱི་ལོ་ ༡༩༨༧།༨༨ ལོའི་སྲིད་བྱུས་རྣམས་ལག་ལེན་དུ་འཁྱོལ་དཀའ་ཞིང༌། བོད་ཀྱི་དངོས་ཡོད་གནས་སྟངས་དང་ཡང་ཀུན་ནས་མི་མཐུན་པ་ཞིག་ཡིན། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་བོད་རིགས་སློབ་ཕྲུག་ཕོ་མོ་ཚོར་བོད་ཀྱི་སྐད་ཡིག་ཁོ་ནའི་སློབ་ཁྲིད་བྱ་རྒྱུའི་ཐག་གཅོད་བྱས་པ་ནི་བྱིས་པའི་འཚར་ལོངས་ཐད་དགེ་ཕན་གང་ཡང་ཡོང་གི་མ་རེད་ཅེས་བཤད་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་པ་རག་སྡིས་ཀྱིས་ཀྱང༌། གྲངས་ཉུང་མི་རིགས་ཤིག་གིས་རང་གི་སྐད་ཡིག་ཁོ་ན་སྦྱོང་སྤྱོད་བྱེད་པ་འདིར་འབྱུང་འགྱུར་མདུན་ལམ་ཅི་ཡང་མེད་ཅེས་བརྗོད་ཡོད་པ་ལྟར། དུས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རང་གི་སྐད་ཡིག་སྦྱོང་སྤྱོད་བྱེད་ཚད་དེ། རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་དག་གིས་རང་གི་སྐད་ཡིག་སྦྱོང་སྤྱོད་བྱེད་ཚད་དང་བསྡུར་ན་མངོན་གསལ་གྱིས་སྡུག་ཏུ་སོང་ཡོད། དེའི་ཐད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གི་ཡིག་སྒྱུར་ཚོགས་ཆུང་གི་བདེ་སྐྱིད་སྒྲོལ་དཀར་གྱིས་ ༡༩༩༧ ལོར་སྤེལ་བའི་རྩོམ་ཡིག་ནང༌།
“ང་ཚོས་བདེན་པ་བདེན་ཐུབ་ཀྱི་ལྟ་ཚུལ་ཐོག་ནས་བཤད་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་ལས་དོན་དེ་མི་རིགས་གཞན་དང་བསྡུར་ན་ད་དུང་རྗེས་ལུས་ཐེབས་ཡོད་”ཅེས་དང་“བོད་རིགས་བཅའ་སྡོད་ས་ཁུལ་དུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་དེ་མི་རིགས་སྲིད་ཇུས་ལག་ལེན་ཡག་པོ་བསྟར་མིན་གྱི་ཞིབ་བཤེར་བྱེད་སའི་གནད་དོན་ཞིག་ཏུ་འཇོག་དགོས།”(༡༩)
ཞེས་བཤད་ཡོད། ལྷག་པར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ ༡༩༩༨ ལོའི་ལས་བསྡོམས་དང་ ༡༩༩༩ ལོའི་ལས་དོན་གཙོ་གནད་ཅེས་པའི་ཡིག་ཆའི་ནང༌།
“༡༽ བོད་རང་སྐྱོང་ལྗོངས་སུ་བོད་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་(ཚོད་ལྟར་ལག་ལེན་)བཟོ་བཅོས་འཆར་ཟིན་ལ་ད་དུང་དངོས་སུ་ཆོག་མཆན་ཐོབ་མེད་པས་བོད་སྐད་ཡིག་གི་ལས་དོན་སྤེལ་རྒྱུའི་གཞི་རྩའི་མཛད་ཕྱོགས་དང་རྩ་དོན་ལ་འགྱུར་བ་ཡོད་མེད་ད་དུང་གསལ་པོ་བྱུང་མེད་པའི་ཁར་ལས་དོན་དེ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ས་ཞིག་ཡིན་པས་དེས་བོད་སྐད་ཡིག་ལས་དོན་ཐད་ལ་དཀའ་ཁག་གསར་པ་བཟོས་ཡོད། ༢༽ གོང་གསལ་གནས་ཚུལ་གྱིས་རྐྱེན་པས་ཉེ་ལམ་ལོ་ཤས་ནང་སྡེ་ཚན་དང་འགོ་ཁྲིད་མི་ཉུང་བ་ཞིག་གིས་བོད་སྐད་ཡིག་ལས་དོན་ལ་ལྷོད་གཡེངས་སོང་ནས་སྔར་ཡོད་བོད་སྐད་ཡིག་ལས་དོན་འགོ་ཁྲིད་ཚོགས་ཆུང་མེད་པ་བཟོས་པའམ་ཡང་ན་རྣམ་པ་ཙམ་དུ་གྱུར་བ། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ཐིང་ཅུད་ཕལ་ཆེ་བའི་རྩོམ་སྒྱུར་ཚན་པ་མེད་པ་བཟོས་ཟིན་པ་རེད། སྡེ་ཚན་དང་ས་ཁུལ་མི་ཉུང་བ་ཞིག་ལ་ཚོགས་འདུའི་ཡིག་ཆའི་རིགས་སྤྱིར་ན་བོད་ཡིག་མེད་པ་དང་དེས་མ་ཚད་ཚོགས་འདུའི་འཕྲེད་གདང་ཐོག་ལའང་བོད་ཡིག་མེད་པ་སོགས་བོད་སྐད་ཡིག་གི་ལས་དོན་ཕལ་ཆེར་བྱེད་མཚམས་ཆད་ཟིན་པ་ལྟ་བུ་འདུག ༣༽ བོད་སྐད་ཡིག་མཛུབ་ཨུད་དོན་གཅོད་ཁང་འདི་བཞིན་ལས་འགན་ལྕི་བ་དང་ལས་བྱ་ཉུང་བའི་རྐྱེན་གྱིས་ལས་དོན་མི་ཉུང་བ་ཞིག་ནུས་པས་མ་འཁུས་པའི་གནད་དོན་ཡོད།”(༢༠)
ཅེས་གསལ་ཡོད། དེའི་ཐོག་ནས་བོད་རང་སྐྱོང་ལྗོངས་སུ་བོད་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་(ཚོད་ལྟར་ལག་ལེན་)དང་དེ་དོན་འཁྱོལ་བྱེད་ཕྱོགས་སྐོར་གྱི་ཞིབ་སྲོལ་གཉིས་འགྲེམས་བསྒྲགས་བྱས་ཡོད་ནའང༌། ཐོག་མ་ཉིད་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་ལག་བསྟར་རྩ་བ་ནས་བྱས་མེད་ལ། ཞིབ་སྲོལ་འགྲེམས་བསྒྲགས་བྱས་རྗེས་ཀྱི་ལོ་བཅུའི་ནང་ཞིབ་སྲོལ་གྱི་ནང་དོན་དང་ཡོངས་སུ་ལྡོག་ཕྱོགས་ཡིན་པའི་སྣང་ཚུལ་ཏེ། གཞུང་གི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ལས་རིགས་གཉིས་ཀའི་ནང་བོད་ཡིག་བེད་སྤྱོད་རྩ་བ་ནས་མེད་པའམ་སྔར་ལས་ཧ་ཅང་གིས་ཉུང་བར་གྱུར་པའི་གནས་ཚུལ་ཐོན་པ་རེད།


ཇ༽ བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་འབྲེལ་བའི་གཏན་འབེབས་དེ་ཡུན་རིང་ཚོད་ལྟའི་ངོ་བོར་བཞག་པ།
བོད་མི་མང་གིས་གཏན་འབེབས་དེ་ཚོད་ལྟའི་དུས་མཚམས་ནས་བརྒལ་ཏེ་གཏན་འཇགས་རང་བཞིན་གྱི་ཁྲིམས་ཡིག་ཅིག་ཏུ་བསྒྱུར་ཏེ་དོན་ངོ་མའི་ལག་བསྟར་ཡོང་རྒྱུར་རེ་སྒུག་ཡུན་རིང་བྱས་པར་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་བསྟན་འཛིན་གྱིས་སྤེལ་བའི་ཕྱི་ལོ་ ༡༩༩༥ ལོའི་གཏམ་བཤད་ཅིག་ནང༌།
[བོད་རང་སྐྱོང་ལྗོངས་སུ་བོད་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་(ཚོད་ལྟར་ལག་ལེན་)ཅེས་ཁྱོན་དོན་ཚན་བཅུ་དྲུག་ཡོད་པ་དེར་] “ཁ་སྣོན་རྒྱག་པ་དང༌། འཐུས་སྒོ་ཚང་དུ་གཏོང་བ། བཟོ་བཅོས་རྒྱག་པ་བཅས་ཀྱི་ལས་འགན་ལེགས་སྒྲུབ་ཟིན་ཏེ་བཟོ་བཅོས་མ་ཟིན་ལ་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་དང་འབྲེལ་གྲོས་འཆམ་ཡང་གནང་ཡོད། ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་རྗེས་ལྗོངས་མི་དམངས་འཐུས་ཚོགས་ལ་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུར་འབུལ་རྩིས་ཡོད། དེས་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ཕྱོགས་ཡོངས་ནས་ཁྲིམས་ལུགས་ཅན་དང་དངོས་གཞི་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་མཚོན་ཡོད་ལ་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་འདི་ཉིད་དུས་རིམ་གསར་པ་ཞིག་ཏུ་སླེབས་པའང་མཚོན་ཐུབ།”(༢༡)
ཅེས་བཤད་ཡོད། འོན་ཀྱང་ཕྱི་ལོ་ ༢༠༠༡ ལོར་སླེབས་སྐབས་སུའང་གཏན་འབེབས་དེ་ཁྲིམས་གཞི་ཅན་དང་དངོས་གཞི་ཅན་དུ་བསྒྱུར་མེད་པས། མི་རྣམས་འ་ཆད་འུ་ཐུག་ཏུ་གྱུར་ཡོད། མཐར་ལོ་རབས་གཅིག་དང་ཕྱེད་ཀ་སོང་བའི་དུས་ཏེ། ཕྱི་ལོ་ ༢༠༠༢ ལོར་“བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་ཀྱི་གཏན་འབེབས་འགའ་ཞིག་”ཅེས་པ་ཞིག་དངོས་སུ་ཁྲིམས་ལུགས་ཀྱི་ངོ་བོར་གཏན་འབེབས་དང་འགྲེམས་བསྒྲགས་བྱས་ཡོད་ཀྱང༌། དེའི་ནང་དོན་ནི་བོད་མི་མང་གི་རེ་འདུན་དང༌། དེ་སྔའི་ཚོད་ལྟའི་གཏན་འབེབས་དང་རྩ་བའི་ཆ་ནས་ལྡོག་ཕྱོགས་སུ་གྱུར་ཡོད་སྟབས། བོད་རིགས་རྣམས་བློ་ཕམ་ཚད་མེད་བྱུང་ཡོད།

ཉ༽ གཏན་འབེབས་གསར་པས་བོད་མི་མང་གི་ཁེ་དབང་རྡོག་རོལ་དུ་བཏང་བ།

གོང་གསལ་ཚོད་ལྟའི་ལག་བསྟར་གྱི་གཏན་འབེབས་སམ་གཏན་འབེབས་རྙིང་པ་དེར་ཁྱོན་དོན་ཚན་ ༡༦ ཡོད་པ་ལས་གལ་འགངས་ཆེ་ཤོས་ཤིག་ནི་དོན་ཚན་གཉིས་པར།
“རྒྱལ་ཁབ་ལས་ཁུངས་རིམ་པ་ཁག་གི་ལས་འགན་སྒྲུབ་པའི་བྱེད་སྒོ་ཁག་གི་ནང་བོད་ཀྱི་སྐད་ཡིག་གཙོ་བོར་བྱེད་དགོས་པ་མ་ཟད། བོད་རྒྱ་སྐད་ཡིག་མཉམ་སྤྱོད་བྱེད་པའི་མཛད་ཕྱོགས་ལག་ལེན་བསྟར་ཐོག་མི་རིགས་ཁག་གི་མི་དམངས་ལ་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་སྐུལ་མ་གཏོང་རྒྱུ་དང༌། སྦྱངས་འབྲས་གཟེངས་སུ་ཐོན་པར་བྱ་དགའ་སྤྲོད་རྒྱུ་”
ཞེས་གསལ་བ་དེ་ཡིན། བོད་ཀྱི་སྐད་ཡིག་གཙོ་བོར་བྱེད་པ་དང་ཆབས་ཅིག་བོད་རྒྱ་སྐད་ཡིག་མཉམ་སྤྱོད་བྱེད་པའི་སྲིད་བྱུས་ཀྱི་དོན་སྙིང་དེ་སློབ་གྲྭའི་སློབ་ཚན་དང་སློབ་ཁྲིད་ཀྱི་སྐད་བརྡ། དགེ་རྒན། ལས་བྱེད་པ་གསར་བསྡུ་དང་གནས་སྤར་སོགས་ཕྱོགས་ཚང་མའི་ནང་སླེབས་ཡོད། འོན་ཀྱང་གཏན་འབེབས་གསར་པའི་ནང་
“བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་(རྒྱའི་སྐད་ཡིག་)གཉིས་ལ་འདྲ་མཉམ་གྱི་རྩིས་འགྲོ་ཡོད་”
ཅེས་བཀོད་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་ཡིག་གཙོ་བོར་བྱེད་པའི་རྩ་དོན་དེ་ནག་བསུབ་བཏང་ཡོད། སྙིང་པོ་བསྡུས་ན་གཏན་འབེབས་གསར་པ་དེས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལས་དོན་སྒྲུབ་སྐབས་བོད་ཡིག་བེད་སྤྱོད་མ་བྱས་ནའང་ཁྲིམས་མཐུན་ཡིན་པ་བསྟན་པ་སྟེ། དཔེར་ན་གཏན་འབེབས་གསར་པའི་དོན་ཚན་ ༤ པར་བོད་རང་སྐྱོང་ལྗོངས་ནང་ཚོགས་འདུ་གལ་ཆེན་རིགས་འཚོགས་སྐབས་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཉིས་མཉམ་དུ་སྤྱོད་པའམ། ཡང་ན་དེ་གཉིས་ལས་གང་རུང་གཅིག་སྤྱོད་དགོས་ཚུལ་གཏན་འབེབས་བྱས་པ་དེས། རང་བཞིན་གྱིས་རྒྱ་ཡིག་ཁོ་ན་བེད་སྤྱོད་བྱས་ན་འགྲིགས་པ་བཟོས་སྟབས། ད་ཆ་བོད་རང་སྐྱོང་ལྗོངས་ཟེར་བའི་ཚོགས་འདུ་བརྒྱ་ཆ་ ༩༠ བརྒལ་བའི་ནང་རྒྱ་སྐད་རྒྱ་ཡིག་བེད་སྤྱོད་བྱེད་པ་ལས་བོད་ཡིག་དང་བོད་སྐད་བེད་སྤྱོད་བྱེད་ཀྱི་མེད། གཏན་འབེབས་གསར་པ་ཐོན་ནས་ལོ་ལྔ་དྲུག་གི་ནང་བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་དང་སྤྱི་ཚོགས། སློབ་གྲྭ ཁྲོམ་རྭ། ཞབས་ཞུའི་ཚན་པ་སོགས་སུ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་ཚད་དེ་སྔ་ལས་མངོན་གསལ་དོད་པོས་ཉམས་རྒུད་དུ་སོང་ཡོད་པ་རེད། དེ་ཡང་བོད་ནང་གི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས།
“དེང་སྐབས་བོད་ཀྱི་སྐད་ཡིག་གི་ལས་དོན་དེ་ཉམས་དམས་སུ་འགྲོ་བའི་སྣང་ཚུལ་ཚབས་ཆེན་ཐོན་བཞིན་ཡོད་པ་རེད། དཔེར་ན། ལས་ཁུངས་ཁག་གི་ཡིག་ཆ་ཚང་མ་རྒྱ་ཡིག་ཡིན་ལ། ཞུ་ཡིག་ལའང་བོད་ཡིག་སྤྱོད་ཐབས་མེད་ཅིང༌། བོད་དུ་དུས་དེབ་མི་འདྲ་བ་བཅུ་ཕྲག་ཁ་ཤས་ཡོད་ནའང་ཕལ་ཆེ་བ་བོད་ཡིག་མིན་པ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་བོད་ཡིག་སློབ་སྦྱོང་གི་གོ་སྐབས་ཇེ་ཉུང་དུ་སོང་བ། བོད་ཡིག་ཚན་ཁག་ཟེར་ནའང་རྒྱ་ཡིག་གཙོ་བོར་སྤྱོད་པ། སྒོ་བྱང་ཐད་གྲོང་ཁྱེར་དང༌། གྲོང་བརྡལ། གྲོང་ཁུལ་ཚང་མར་བོད་རྒྱ་ཡི་གེ་མཉམ་སྤྱོད་བྱ་དགོས་ཀྱང༌། ཡི་གེ་ཆེ་ཆུང་སོགས་གཅིག་མཚུངས་མིན་པར་བོད་ཡིག་ཆུང་ངུ་འབྲི་བ་དང༌། བོད་ཡིག་གཏན་ནས་བྲིས་མེད་པའི་ལས་ཁུངས་དང་ཚན་པ་སྒེར་པ་བཅས་མང་བོ་མཐོང་རྒྱུ་འདུག་ཅིང༌། གློག་འཕྲིན་སོགས་ལ་བོད་ཡིག་སྤྱོད་སྒོ་མེད་ཅིང༌། བོད་ཀྱི་ཨང་ཀི་བེད་སྤྱོད་མེད་པ་སོགས་ཀྱི་སྣང་ཚུལ་མཐོང་རྒྱུ་ཡོད་པ་འདི་རེད། ཚགས་པར་དང་དུས་དེབ་ཁ་ཤས། བོད་སྐད་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཡོད་པ་ཁོ་ནས་བོད་སྐད་ལ་མཐོང་ཆེན་བྱས་པ་མཚོན་ཡོད་ཟེར་ན་མི་འཐད་པར་སེམས་ཏེ། དེ་ནི་ཚན་རྩལ་དང་ཆ་འཕྲིན་རྣམས་བོད་ཡིག་ཏུ་ཕབ་རྒྱུ་དང་རླུང་འཕྲིན་བརྙན་འཕྲིན་ནས་སྤེལ་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཆེད་དུ་ཡིན་ཞེས་བཤད་དང་ཤོད་བཞིན་པ་དེས་བོད་ཀྱི་སྐད་ཡིག་འདི་མི་རིགས་ཤིག་གི་སྐད་ཡིག་མ་ཡིན་པར་ཞིང་འབྲོག་ཉི་ཚེ་བའི་འཕྲལ་སྐད་དུ་ངོས་འཛིན་བྱས་པ་ནི་བསམ་གཞིགས་ནན་ཏན་མ་བྱས་པའི་ལབ་བརྡོལ་དུ་མི་འགྱུར་རམ། ་་་ དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུར་བོད་སྐད་ཀྱི་ལས་དོན་ཡར་རྒྱས་ཀྱི་ཚ་རླབས་འཕྱུར་མྱོང་ཡང་རིམ་གྱིས་བག་ལ་ཞ་བར་གྱུར་ལ། ལྷག་ཏུ་བོད་རང་སྐྱོང་ལྗོངས་ནི་བོད་རིགས་མི་དམངས་འདུས་སྡོད་ཀྱི་ས་ཁུལ་རྒྱ་ཆེ་ཤོས་དེ་ཡིན་ནའང༌། ད་ཆར་བོད་སྐད་བེད་སྤྱོད་དང༌། ཁྱད་པར་དུ་ཤར་ནུབ་ཀྱི་ཤེས་བྱ་ཡིག་བསྒྱུར་དང༌། གནའ་དཔེ་ལེགས་བསྒྲིག་དང༌། མྱུར་སྐྱོབ་དཔེ་སྐྲུན། ཞིབ་འཇུག་སོགས་ཀྱི་ཐད་མཚོ་སྔོན་སོགས་བོད་རིགས་ས་ཁུལ་གཞན་གྱི་རྗེས་སུ་རྦད་དེ་ལུས་འདུག་པ་མཐོང་གསལ་རེད་”(༢༢)ཅེས་བཤད་ཡོད།

མཆན།
  • (༡༧) (༡༨) ཆབ་མདོ་ས་ཁུལ་གྱི་བོད་སྐད་ཡིག་ལས་དོན་ལ་ལྟ་ཞིབ་དང་མཛུབ་སྟོན་བགྱིས་པའི་སྙན་ཞུ། བོད་སྐད་ཡིག་ལས་དོན། ༡༩༩༣ ལོའི་དུས་དེབ་གསུམ་པ། ཤོག་ངོས་ ༦༨ ་་་ ༦༩ བར་གསལ།
  • (༡༩) བོད་སྐད་ཡིག་གི་སློབ་གསོ་དར་སྤེལ་གཏོང་རྒྱུའི་སྐོར་རགས་ཙམ་དཔྱད་པ། བདེ་སྐྱིད་སྒྲོལ་དཀར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི་དུས་དེབ་བོད་ལྗོངས་ཞིབ་འཇུག ༡༩༩༧ ལོའི་འདོན་ཐེངས་ ༢ ཤོག་ངོས་ ༧༢ ་་་༧༣ དུ་གསལ།
  • (༢༠) བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ ༡༩༩༨ ལོའི་ལས་བསྡོམས་དང་ ༡༩༩༩ ལོའི་ལས་དོན་གཙོ་གནད། བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་དུས་དེབ། བོད་སྐད་ཡིག་ལས་དོན། ནང་ཁུལ་དུ་འགྲེམས་སྤེལ། ༡༩༩༩ ལོའི་འདོན་ཐེངས་དང་པོ། ཤོག་ངོས་ ༧་་་༨ པར་གསལ།
  • (༢༡) བློ་མཐུན་བསྟན་འཛིན་མཆོག་གིས་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་རྒྱས་འཛོམས་ཐོག་གནང་བའི་གསུང་བཤད། བོད་སྐད་ཡིག་ལས་དོན། ༡༩༩༥ ལོའི་དུས་དེབ་དང་པོ། ནང་ཁུལ་དུ་འགྲེམས་སྤེལ་ཤོག་ངོས་ ༣་་་༤ ལ་གསལ།
  • (༢༢) བོད་ཀྱི་སྐད་ཡིག་གི་མདུན་ལམ་བསམ་གཞིགས་ཀྱི་འཕྲོས་གཏམ། ར་སེ་དཀོན་མཆོག་རྒྱ་མཚོ། www.tibettl.com/xslw/text/01/2006030103.htm

2 comments:

  1. ངས་ནི་ཟིན་བྲིས་ཟང་ངེ་ཟང་ངེ་ཟེར་བ་དེ་ཁྱེད་ཀྱི་ཟིན་བྲིས་ཡིན་ཤག་བྱས་བསྡད་ཡོད། ད་དེ་མིན་པར་འདྲ།

    ReplyDelete
  2. ཟིན་བྲིས་ཟང་ངེ་ཟིང་ངེ་ཟེར་བ་དེ། ངས་བཟོ་བཀོད་ཚོད་ལྟ་བྱེད་ས་དེ་ཡིན། དེ་ལ་གཟིགས་མཁན་ཡོང་གི་རེད་དྲན་མ་བྱུང་། མདོར་ན། ཡོངས་བསྒྲགས་བྱེད་འདོད་པའི་རྩོམ་ཡིག་རྣམས་འདིའི་ནང་སྤེལ་གྱི་ཡོད།

    ReplyDelete