2012-10-20

སེམས་ཚོར་ཁག་གསུམ།

༡) ཟུར་གྱི་ཕྲ་མོ།  
ལྷབ་ལྷུབ་དེ། ཟ་ཟིར་དེ།
ཆར་ཐིགས་བཞིན་ལྷུང་ཡོང་དུས།
རླུང་བུ་བཞིན་ལྡང་ཡོང་དུས།

སྙིང་འདིས་སྟོན་ལོ་སེར་པོ་བཞིན་ས་ལ་བབས་ཏེ།
སྐྲ་ལོ་ལས་ཕྲ་བའི་དབང་རྩ་དེ་ཚོར་ཉན།

ཉན་འདོད་པའི་སྒྲ་དེ། བལྟ་འདོད་པའི་གཟུགས་དེ།

བརྡ་རྟགས་བརླག་པའི་ཁ་པར་ལྟར་སྦྲེལ་མ་ཐུབ་དུས།

མཛེས་སྡུག་ནི། ཕྱི་ལ་མི་གནས་ཤིང་།
བརྩེ་དུང་ནི། ཆུ་རང་ལས་ཆུའི་ནང་གི་ཟླ་བ་མ་ཡིན་པ་ཤེས།


༢) དྲན་གདུང་།

ཆ་མེད་ཀྱི་གྲོང་ཁྱེར་ནང་།
རྒྱུས་མེད་ཀྱི་སྐད་བརྡའི་ཁྲོད་དུ།
བོད་གཞས་ཉན་གྱིན་རི་བོ་དྲན།

གློག་ཀླད་ཁ་ཕྱེ་དུས། འཕྲིན་ཡིག་བཅུ་གྲངས་ཤིག་གིས་བསྒུགས་འདུག
“གྲོགས་གཅེས། བདེ་མོ།”
“གཅེན་པོ། ལས་བྲེལ་ཆེའམ།”
“བརྩེ་བའི་བཟའ་ཟླ། ཞལ་ལག་ཡག་པོ་བཞེས།”
“རྒན་ལགས། ང་ལ་དྲི་བ་ཞིག་ཡོད།”
“རེ་སྐུལ་ཞུ་རྒྱུར་”
“པཱ་ལགས། ང་ཨང་དང་པོ་ཡིན།”
“ ... ...”

གློ་བུར་དུ། མི་ལ་ལ་མེད་པ་ཙམ་གྱིས། ང་རང་ཁེར་རྐྱང་དུ་གྱུར་མེད་པར་ཚོར།

༣) ཆོད་སེམས།

སྙན་ངག་ཅིག་ཏུ།
ཁྱེད་ཀྱི་སྙིང་གི་རྒྱ་མཚོ་ནས་ཡལ་ཏེ།།
མིག་གི་སྐམ་ས་རུ་འཚོ་དགོས་ན།།
ངའི་ཉ་ཆུང་གི་སྲོག་འདི་དོར་ནས།།
བོང་བུའི་སྐྱེ་བ་ལེན་པ་ལས་ཐབས་མེད།།”ཅེས་བྲིས་པ་མཐོང་།

མེ་ལོང་གི་མདུན་དུ་ལངས་ཏེ། རང་གིས་རང་ལ་བལྟ་དུས།
ངས་རང་ཉིད་མཐོང་མ་ཐུབ།

སྒེའུ་ཁུང་གི་ཕྱི་ལ་བལྟ་དུས།

ཞི་མི་དང་རྒད་པོ། ཤིང་སྡོང་དང་ལམ་ཆུང་། ད་དུང་ལོ་མ་ཚང་མ་ན་བུན་གྱིས་བསྒྲིབས་ཟིན།

ད་སྒྲུབ་རན། ད་ལག་ལེན་དུ་བསྟར་རན།
                      -དམ་བཅའ་དེ། ཆོད་སེམས་དེ།

༢༠༡༢ ཟླ་ ༡༠ ཚེས་ ༡༩ ལ།། །།

4 comments:

  1. བཀུར་འོས་ཆུང་ཚེ་རིང་ལགས།

    གོང་གི་སྙན་ངག་དེའི་བྲོ་བའི་ཉིང་བཅུད་དེ་མྱང་མ་ཐུབ། དེ་ནི་གུས་པ་རང་མོས་སྙན་ངག་ལ་གོམས་འདྲིས་དེ་ཙམ་མེད་པའི་རྟགས་ཤིག་ཡིན་སྲིད།
    གང་ལྟར་། ཁོ་བོ་ཁྱེད་ཀྱི་སྙན་ངག་ཀློག་རྒྱུར་ཧ་ཅང་དགའ།
    སྐུ་ངོ་ལགས་། དེང་སང་གང་ན་བཞུགས་ཡོད། རྒྱ་གར་དུ་མར་ཕེབས་དུས་ལན་ཞིག་གནང་རོགས།

    ReplyDelete
  2. ཕྲན་གྱི་སྙན་ངག་ཆ་ལེ་ཆོ་ལེ་འདི་ལ་གཟིགས་པ་ཙམ་ལའང་ཐུགས་རྗེ་ཆེ། ཕྲན་དེང་ས་ཧྥ་རན་སིར་ཡོད། རྒྱ་གར་ནས་སླེབས་ནས་ཡུན་རིང་ཕྱིན་མ་སོང་། མུ་མཐུད་ཡང་ཡང་ཕེབས་རོགས།

    ReplyDelete
  3. བྲག་གཞིས་བུ།October 20, 2012 at 9:22 AM

    ད་ནི་སྙན་ངག་གི་གཏེར་སྒོ་ཕྱེས་འདུག
    ཆུ་མཛོད་ལུད་པ་བཞིན།
    འཆིང་ཐག་ལས་གྲོལ་བའི་སྙན་ངག
    དབྱངས་ཀྱི་ལྷ་མོའི་ལང་ཚོ་འདི་ཚོ།


    ReplyDelete
  4. དབྱངས་ཤིག ཡུན་རིང་གི་དབྱངས་ཤིག རྩྭ་ཡི་རྒྱ་མཚོ་རླུང་གིས་བསྐུལ་བ་བཞིན། བཞུར་བཞིན་ཡོད།

    དེའི་རྒྱབ་ཏུ། གཞན་གྱིས་མཐོང་མི་ཐུབ་པའི་གཤེར་ཁུ་ཞིག ཆུ་མཛོད་ལས་ཟབ་པའི་མིག་ཟུང་ནས་འབབ་བཞིན་མཆིས།

    འདི་བཙོན་དོང་ལས་ཐར་པའམ། འདི་འཆིང་ཐག་ལས་གྲོལ་བ་རེད་ཅེས་བཤད་མི་ཐུབ་ཀྱང་། འདི་བྱ་སྒྲོ་དཀར་པོའི་གླུ་དབྱངས་ཡིན། འདི་མུ་མཐུད་དེ་བཞུར་ངེས། དུས་གཏན་དུ།

    ReplyDelete