2013-03-22

སྙིང་ལ་རུས་མཚོན་འཆང་བའི་སྤོབས་པ།



མཐོང་ན་མངོན་པར་དགའ་བའི་འཇིག་རྟེན་འདིའི་ནང་ན།།

བསམས་ན་སྙིང་ཁ་ཚིམ་པའི་དོན་ཆེན་ཞིག་མི་འདུག །

ཡིད་འཕྲོག་མེ་ཏོག་མང་བའི་ལྡུམ་ར་རེའི་ནང་ལ།།

ཡི་ག་གཏིང་ནས་ལོག་པའི་ཞན་ཆ་རེ་གབ་འདུག །



སེམས་རྩ་གཏིང་ནས་ལྷོད་པའི་བདེ་བ་དེ་མེད་ན།།

སོས་དལ་བབ་ཕེབས་ཟེར་བ་མཐོང་སྣང་ཙམ་རེད་འདུག །

མཁོ་རྒུ་ཐམས་ཅད་འཛོམས་པའི་ཁང་བཟང་གི་མི་ལ།།

ཁོག་པ་མིག་ཆུས་ཁེངས་པའི་འཛུམ་མདངས་ཀྱང་སྣང་ངོ་།།



རང་ཚུལ་སྲོང་པོར་མི་བརྗོད་གཞན་ངོ་ལ་བསྟུན་ན།།

རང་སྙིང་ཁྱད་དུ་གསོད་པའི་རལ་གྲི་རང་ཡིན་འདུག །

ཞལ་ཟས་གཞན་ངོར་མ་བསྟུན་རང་ཤོམ་ཞིག་ཆེ་ན།།

སྟོན་མོ་དགོངས་སེལ་ཞུ་བའི་འདུ་ཚོགས་ཤིག་ཆགས་འོང་།།



ཉིན་བཞིན་ཆུང་ཆུང་བོར་བའི་ཟླ་བ་ཡི་མཐའ་ལ།།

ཆེན་པོ་མང་པོ་བརླག་པའི་ལོ་འཁོར་གཅིག་སླེབས་ཡོང་།།

སྐྱིད་པོ་དགའ་པོ་ཟེར་བའི་རྣམ་གཡེང་དེའི་མཇུག་ན།།

ལག་པ་སྟོང་པར་ལོག་པའི་ལོ་རྒྱུས་ཀྱིས་འཁངས་ཡོང་།།



ཕ་ཡུལ་ཕ་མ་བཞག་པའི་དེ་རིང་གི་བུ་ང་།།

ཕ་མེས་ཡང་མེས་མདུན་དུ་རྐང་འདྲེན་རང་མིན་ཡང་།།

མ་འོངས་སོན་རྩྭར་ཕན་པའི་ལག་རྗེས་ཀྱི་རྔན་པ།།

མ་མཆིས་ས་མཐའ་འདི་ན་ཅི་ཞིག་ལ་ཞེན་ནམ།།


དམར་པོའི་མེ་ལ་བསྲེགས་པའི་སྙིང་སྟོབས་ནི་བརྟས་འདུག །

གདུག་རྩུབ་མཚོན་སྣེར་བཤམས་པའི་སྲོག་རྩ་ནི་རྒོད་འདུག །

ད་ལྟ་ཡར་འགྲོ་མར་འགྲོའི་ས་མཚམས་འདིར་སླེབས་དུས།།

སྙིང་ལ་རུས་མཚོན་འཆང་བའི་སྤོབས་པ་ཞིག་བཅངས་འོས།། །།

6 comments:

  1. འཆར་ཅན་བསྟར་དེ་རིང་ཡང་ཁྱེད་ཀྱི་ལྗགས་རྩོམ་དེ་བཀླགས་པ་ཡིན་པས་དངོས་གནས་ཚོར་འདུ་ཟབ་པའི་རྩོམ་ཞིག་རེད། འོན་ཀྱང་དེ་རིང་ངས་ཁྱེད་ཀྱི་ལྗགས་རྩོམ་ནས་ཚིག་བཅད་གཉིས་ཀྱི་གོ་ལོན་མ་སོང་།
    “སེམས་རྩ་གཏིང་ནས་ལྷོད་པའི་བདེ་བ་དེ་མེད་ན།།

    སོས་དལ་བབ་ཕེབས་ཟེར་བ་མཐོང་སྣང་ཙམ་རེད་འདུག །

    མཁོ་རྒུ་ཐམས་ཅད་འཛོམས་པའི་ཁང་བཟང་གི་མི་ལ།།

    ཁོག་པ་མིག་ཆུས་ཁེངས་པའི་འཛུམ་མདངས་ཀྱང་སྣང་ངོ་།།”
    ཟེར་བའི་ཚིག་རྐང་ཕྱི་མ་གཉིས་ཀྱི་ཕྱི་མ་སྟེ་“མིག་ཆུས་ཁེངས་པའི་འཛུམ་མདངས” ཟེར་ན་དེ་འབྲེལ་གྱི་ཤོ་ལོ་ཀ་དེར་ཇི་ལྟར་འགྲེལ་དགོས་རེད་ལགས།

    ReplyDelete
  2. དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ཚིག་རྐང་ཐ་མ་གཉིས་ཀྱི་གོ་དོན་དེ། དང་པོ་གཉིས་དང་འབྲེལ་བ་ཡོད། དེ་ཡང་སེམས་གཏིང་ནས་ལྷོད་ཤིག་ཤིག་གི་སྣང་བ་སྐྱིད་པོ་དེ་མེད་ན། ཕྱི་ཚུལ་གྱི་ལས་མེད་དལ་སྡོད་ཀྱི་སྐྱིད་སྣང་དེ། སྐྱིད་སྣང་དུ་མཐོང་བ་ཙམ་ལས། དོན་གྱི་སྐྱིད་པོ་གང་ཡང་རེད་མི་འདུག དཔེར་ན། ཁང་བཟང་བཀོད་ལེགས་ཀྱི་ནང་དུ། དགོས་མཁོའི་མཐུན་རྐྱེན་ཡོད་རྒུ་འཛོམས་པའི་མི་ཆེན་མང་པོ་ཞིག་གིས། སེམས་གཏིང་ལ་དགའ་བྲལ་སྐྱོ་གདུང་གི་མིག་ཆུས་ཁེངས་ཀྱང་། གདོང་ནས་བཅོས་མའི་འཛུམ་མདངས་སྟོན་ཁུལ་བྱེད་པ་མཐོང་ཆོས་སུ་སྣང་ངོ་། །ཞེས་པའི་དོན་ཡིན་ཁུལ་ལགས། ཕྲན་གྱི་སྙན་ངག་ནང་ལྡོག་ཕྱོགས་ཀྱི་རྣམ་པ་གཉིས་སྦྲེལ་ཏེ། དོན་མཚོན་ཐབས་བྱེད་པ་འདི་ཅུང་མང་བ་ཞིག་ལགས། ཆུང་ཚེས་འཕྲལ་མར་བྲིས།

    ReplyDelete
  3. ཨ་ཁ། ད་ཚོད་་་བྱམས་པ་ཚི་རིང་་བསྡད་ཡོད་ན་ཏན་ཏན་ཁྱེད་རང་གི་སྙན་རྩོམ་དེས་གླུ་གཞས་རྣ་བའི་བུ་རམ་ཞིག་ལེན་ངེས་ཆེ།

    ReplyDelete
  4. ཧ་ཧ། གཞས་པ་བྱམས་པ་ཚེ་རིང་འཚོ་བཞུགས་མེད་པ་དེ་དངོས་གནས་བློ་ཕམ་གྱི་གཞི་རེད། ང་ཆུང་དུས་ཁོང་གི་གཞས་ལ་དགའ་པོ་ཡོད། ད་དུང་སྐབས་རེ་ཁོང་གི་གཞས། ཨ་རོགས་ཁམས་པ་ཟེར་བ་དེ་གཏོང་གི་ཡོད།

    ReplyDelete
  5. ཆུང་ཚེ་རིང་ལགས་ནས་བཀའ་ལན་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་“ཁྱི་སྐྱག”བཀླགས་པ་ནས་བཟུང་སྐུ་ཉིད་ཀྱི་རྩོམ་ལ་ལྟ་རྒྱུའི་གོམ་གཤིས་འདྲ་ཞིག་ཆགས་སོང་། དེ་བཞིན་སྔོན་རྡ་སར་སྡོད་སྐབས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་ལོ་རྒྱུས་དེ་ཆ་ཚང་བཀླགས་པ་ཡིན། ཕལ་ཆེར་ང་ལ་མཚོན་ན་ཆབ་སྲིད་དང་འབྲེལ་བའི་ལོ་རྒྱུས་ཀྱི་དེབ་ཆེན་ཞིག་འགོ་ནས་མཇུག་བར་བཀླགས་པའང་མི་ཚེའི་ནང་ཐེངས་དང་པོ་ཡིན་ཞེས་བཤད་ཆོག ཧཧཧ། ད་ངོ་མ་བྱས་དུས། སྐུ་ཉིད་རྩོམ་རིག་དང་ལོ་རྒྱུས་ལ་མཁས་པར་མ་ཚད་གླུ་བ་ཞིག་ཀྱང་ཡིན་པ་འདྲ།
    གཤེན་ཚེ་ཚང་གིས་ནུབ་ཕྱོགས་ཡུལ་ནས་ཕུལ།

    ReplyDelete
  6. མཁྱེན་ཡངས་གཤེན་ཚེ་ཚང་གིས་ཕྲན་ལ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས། ལོ་བཅུ་གྲངས་གོང་ཕྲན་རང་གཞས་ལ་ཧ་ཅང་དགའ་མཁན་ཞིག་ཡིན། གཞས་ཁ་ཤས་ཀྱང་གསར་རྩོམ་བྱེད་མྱོང་། འོན་ཀྱང་དེང་སྐབས་དེ་འདྲ་ཡོང་གི་མི་འདུག ངས་གཞས་གཏོང་གི་ཡོད་ཞུས་པ་དེ་ཡང་། སྐབས་རེ་སོ་སོ་གཅིག་པུ་ཡིན་དུས་གཏོང་བ་མ་གཏོགས། ཚོགས་ཀྱི་དབུས་ལ་གཞས་གཏོང་ཐུབ་པའི་མགྲིན་འགུགས་དང་སྐད་གཉིས་ཀ་མེད།

    ReplyDelete