2014-10-14

ཁྱེད་ཀྱི་ཡིད་ཆེས་བརླག་པ་ང་ཡིས་ཐོས།།

མཐོང་རྒྱ་ཡངས་པའི་སྒེའུ་ཁུང་ཕྱེ་བཞིན་དུ།།
མངར་ཁ་ཆེ་བའི་ཞོགས་ཇ་འཐུང་བཞིན་དུ།།
ཁོ་བོའི་སྨྱུ་གུས་ཁྱེད་རང་འབྲི་བཞིན་ཡོད།།
བྲིས་ནས་མི་ཡོང་ཤེས་ཀྱང་འབྲི་བཞིན་ཡོད།།

མཚོ་རླབས་བསྙེགས་པའི་གྲུ་ཆུང་ལྟ་བཞིན་དུ།།
རྐང་རྗེས་མང་བའི་མཚོ་མཐར་མྱུལ་བཞིན་དུ།།
ཁོ་བོའི་སེམས་པས་ཁྱེད་རང་སྒུག་བཞིན་ཡོད།།
ཡོང་རྒྱུ་མིན་པ་ཤེས་ཀྱང་སྒུག་བཞིན་ཡོད།།

ཁུ་སིམ་ཁྱིམ་དུ་རོལ་དབྱངས་ཉན་བཞིན་དུ།།
ཁེར་གདུང་སེམས་པས་མིག་ཆུ་འཐུང་བཞིན་དུ།།
ང་ཡི་སྙིང་གིས་ཁྱེད་རང་སྒོམ་བཞིན་ཡོད།།
སྒོམ་ནས་འཆར་རྒྱུ་མེད་ཀྱང་སྒོམ་བཞིན་ཡོད།།

སུ་ལའང་མ་བཤད་སྐད་དེ་ཐོས་བྱུང་ངམ།།
སུ་ལའང་མ་བསྟན་སྙིང་དེ་མཐོང་ཨེ་བྱུང་།།
སུ་ཡིས་སུ་ལ་འདི་ལྟར་བརྩེ་མྱོང་ངམ།
སུ་ཡིས་སུ་ལ་འདི་ལྟར་བཅོལ་མྱོང་ངམ།།

གྲུ་ཆུང་མཚོར་བརྡབ་མཚོ་མཐའ་འདམ་གྱིས་ཟིན།།
སྒེའུ་ཁུང་ཡོངས་བཀག་ཞོགས་ཇར་སྐྱུར་རྩི་བྲོ།།
ང་ཡིས་འབོད་པ་ཁྱེད་ཀྱིས་མ་གསན་ཀྱང་།།
ཁྱེད་ཀྱི་ཡིད་ཆེས་བརླག་པ་ང་ཡིས་ཐོས།།

ང་རང་གཅིག་པུར་རླུང་གིས་སྙིང་ཁ་གཙེས།།
ང་རང་གཅིག་པུར་ཧ་ལས་ཧོན་ཡང་འཐོར།།
རྒུན་བུ་འབེན་དུ་བཟུང་བའི་བྱ་ཚོགས་འགའ།།
མཚོ་ཁར་ལྡིང་བ་ང་ཡི་སེམས་མ་རེད།།

ཐམས་ཅད་ཐམས་ཅད་ཡོད་འདྲའི་སྲང་ལམ་འདིར།།
ཡོད་ཚད་ཅང་ཅང་ཞིག་ལས་ཅང་མ་མཐོང་།།
ཡང་ན་ང་རང་འདོད་པ་ཆེ་བ་འདྲ།།
ཡང་ན་ང་ལ་གང་ཡང་མ་ཐོབ་འདྲ།།

༢༠༡༤།༡༠།༡༢ ཌི་ཝའེ་ཡི་མཚོ་ཁར་བློས་བླངས་ཤིང་དགོང་མོ་བྲིས།

No comments:

Post a Comment