2015-05-14

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡིག་སྒྱུར་གྱི་གལ་གནད་དང་གནས་བབས།

(གཤམ་དུ་བཀོད་པ་དེ་ནི། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གར་དྷ་སའི་ཉེ་འདབས་ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཡིག་སྒྱུར་སྐོར་ལ་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་པའི་སྐབས་ཕྲན་མགྲོན་འབོད་ལྟར་གཏམ་བཤད་བྱས་པ་དེ་ཉིད་ཚོགས་འདུ་གོ་སྒྲིག་པས་སྒྲ་ཕབ་བྱས་འདུག་པར། ཞུ་བཅོས་ཕྲན་བུ་ཞུས་ཏེ་འདིར་བཀོད་པ་ཞིག་ཡིན། གཏམ་བཤད་འདི་ཉིད་ཚོགས་འདུ་གོ་སྒྲིག་པས་དེབ་གཟུགས་པར་སྐྲུན་བྱས་ཟིན་པའི་ཁོངས་སུ་ཡོད།)

༄༅།། ད་རེས་ཀྱི་བགྲོ་གླེང་གོ་སྒྲིག་གནང་མཁན་དང་འབྲེལ་ཡོད་མཐུན་འགྱུར་གནང་མཁན་ཚང་མར། དེ་རིང་ང་ལ་གཏམ་བཤད་བྱ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སྦྲགས། དུས་ཚོད་ཞེ་དྲག་མེད་ཙང་གཏམ་རྙོག་མང་པོ་མི་དགོས་པར་ངས་དོན་དག་རང་གི་སྟེང་ལ་བབས་ནས་བཤད་ཀྱི་ཡིན།

དེ་རིང་གི་བརྗོད་གཞི་དེ། ང་རང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། ཡིག་སྒྱུར་གྱི་གལ་གནད་དང་། ད་ལྟ་གནས་བབས་གང་འདྲ་ཞིག་ལ་སླེབས་ཡོད་མེད་སྐོར་རེད། དེའི་སྐོར་ལ་ཞིབ་འཇུག་གང་ཙམ་བྱས་ནས་སྐད་ཆ་བཤད་དགོས་པ་ཞིག་རེད་དེ། ལས་བྲེལ་དབང་གིས་ངས་ཞིབ་འཇུག་ཞིབ་ཚགས་བྱེད་ཁོམ་མ་བྱུང་། བྱས་ཙང་། གཤམ་དུ་ཞུ་རྒྱུའི་དོན་དག་ཚང་མ་རགས་ཟིན་ལྟ་བུ་ཡིན་པས། རྣམ་པ་ཚོས་དགོངས་པའི་དཔྱད་གཞིར་འཛིན་རྒྱུ་ལས། དཔྱད་པ་མཐར་སོན་པའི་མཐའ་བསྡོམས་སུ་མ་བརྩི་རོགས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། ཡིག་སྒྱུར་གལ་ཆེ་སྟངས་དེ། འོས་འགན་གྱི་ཆ་ནས་དང་། རང་དབང་གི་ཁོར་ཡུག་ཆ་ནས། སྐད་ཡིག་དང་འགྲུལ་བཞུད་ཀྱི་ཆ་ནས། གཞིས་ལུས་བོད་མིའི་རེ་བཅོལ་གྱི་ཆ་ནས། བོད་ཀྱི་ཕུགས་འདུན་གྱི་ཆ་ནས། མི་ཆའི་ཆ་ནས་བཅས་ཕྱོགས་ཁ་ཤས་ནས་ཞུ་དགོས་པ་ཞིག་རེད།

འོས་འགན་གྱི་ཆ་ནས་ཞུས་ན། ང་རང་ཚོ་ཆེ་ས་ནས་བཤད་ན་འགྲོ་བ་མི་རེད། མིའི་རིགས་ཀྱི་ཤེས་རིག་ཚང་མ་རིན་ཐང་ཆེན་པོ་རེད། རིན་ཐང་ཆེ་བའི་ཤེས་རིག་དེ་ཚོ་རྒྱུན་འཛིན་དང་མཉམ་སྤྱོད། ཕན་ཚུན་སྤེལ་རེས་བྱ་རྒྱུའི་འགན་དེ་ང་རང་ཚོར་རང་ཆས་སུ་ཡོད་རེད། ང་རང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ན། བོད་པ་ཚང་མར་སོ་སོའི་སྐད་ཡིག་རིག་གཞུང་རྒྱུན་འཛིན་དང་མཉམ་སྤྱོད། གོང་འཕེལ་དུ་གཏོང་བའི་འོས་འགན་ཡོད་པ་རེད། རྒྱུན་འཛིན་དང་མཉམ་སྤྱོད། སྤེལ་རེས། གོང་འཕེལ་གཏོང་བར་ཡིག་སྒྱུར་གྱི་ལས་ཀ་དེ་གཙོ་གནད་ཅིག་རེད། གལ་ཏེ་འགྱུར་རམ་ལོ་ཙཱའི་ལས་ཀ་འདི་མེད་ན། སྐད་ཡིག་དང་རིག་གཞུང་མི་འདྲ་བའི་མི་རིགས་དང་མི་རིགས་ཕན་ཚུན་བར་དུ་ལེགས་ཆ་སྤེལ་ལེན་དེ་ཚོ་ཡོང་ཐབས་མེད་པ་རེད་ལ། མི་རིགས་སོ་སོའི་རིག་གཞུང་རྒྱུན་འཛིན་དང་ཡར་རྒྱས་གཏོང་རྒྱུ་ཡང་མི་སྲིད་པ་ཞིག་རེད། ལྷག་པར་ང་རང་ཚོའི་མི་རིགས་འདི་གནས་དང་མི་གནས་གཙོ་བོ་ང་རང་ཚོའི་སྐད་ཡིག་གི་འཆི་གསོན་ལ་ཐུག་བསྡད་ཡོད། ང་ཚོའི་སྐད་ཡིག་མུ་མཐུད་གསོན་གནས་ཐུབ་མིན་དེ་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཡོད་མེད་ལ་རག་ལས་ཡོད། ད་ལྟ་ང་ཚོའི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁྱབ་ཁོངས་ག་ཚོད་ཙམ་ཡོད་མེད་ཚང་མས་མཁྱེན་གསལ་རེད། དེར་བརྟེན་ང་ཚོའི་སྐད་ཡིག་ནང་དེང་རབས་ཀྱི་ཤེས་བྱ་དེ་ཚོ་བསྒྱུར་ནས་བེད་སྤྱོད་ཡོད་པ་བཟོ་དགོས་པ་དེ་འགག་རྩ་གལ་ཆེ་ཤོས་ཤིག་རེད། མདོར་ན་ཡིག་སྒྱུར་གྱི་ལས་ཀ་འདི་མིའི་རིགས་ཧྲིལ་པོའི་ཕན་བདེ་དང་འབྲེལ་བསྡད་ཡོད་རེད་ལ། ང་རང་ཚོ་བོད་མི་རིགས་ཀྱི་འཚོ་གནས་དང་འབྲེལ་བསྡད་ཡོད་རེད།

དེ་ནས་ང་རང་ཚོ་བཙན་བྱོལ་གྱི་བོད་པ་ཚོར་ཆ་བཞག་ན། བོད་ནང་གི་བོད་མི་ཚོ་དང་མི་འདྲ་བར་ང་ཚོ་རང་དབང་གི་ཁོར་ཡུག་ནང་གནས་ཡོད་རེད། བོད་ནང་གི་བོད་པ་ཚོ་འཛིན་སྐྱོང་གཞན་དབང་འོག་ཏུ་ཡོད་པ་ཙམ་མ་ཟད། ཁོང་ཚོས་དེབ་གང་ཞིག་ཀློག་ཆོག་པ་དང་གང་ཞིག་ཀློག་མི་ཆོག་པ། སྐད་ཆ་གང་ཞིག་ཉན་ཆོག་པ་དང་གང་ཞིག་ཉན་མི་ཆོག་པ། གནས་དོན་གང་ཞིག་གླེང་ཆོག་པ་དང་གང་ཞིག་གླེང་མི་ཆོག་པ་སོགས་ཕྱོགས་ཚང་མར་གཞན་གྱིས་ཚོད་འཛིན་བྱེད་བཞིན་ཡོད་རེད། དེར་བརྟེན་གང་ཞིག་བསྒྱུར་ཆོག་པ་དང་མི་ཆོག་པའི་ཐད་ལའང་རང་དབང་ཡོད་མ་རེད། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་པ་ཚོར་ཆ་བཞག་ན། དེ་འདྲའི་བཀག་རྒྱ་ཡོད་མ་རེད། དཔེ་དེབ་ག་རེ་བལྟས་བལྟས་རེད་ལ། གནད་དོན་ག་རེ་གླེང་གླེང་རེད། འདི་འདྲའི་རང་དབང་གི་ཁོར་ཡུག་འདི་སྤྱད་ནས་ཕྱི་ལོགས་ཀྱི་རིག་གཞུང་དང་། ལྟ་གྲུབ། རྩོམ་རིག ཆོས་ལུགས། ཚན་རིག ལམ་ལུགས་སོགས་ནས་ལེགས་ཆ་ལེན་དགོས་པ་དང་། དེའི་ཆེད་དུ་ཡིག་སྒྱུར་བྱེད་དགོས་པའི་འོས་འགན་དེ་ང་ཚོར་དམིགས་བསལ་གྱིས་ཆེ་བ་ཡོད་རེད།

སྐད་ཡིག་དང་འགྲུལ་བཞུད་ཀྱི་ཆ་ནས་བཤད་ན། སྔོན་མ་བོད་ཀྱི་ལོ་ཙཱ་བ་ཚོ་ཐག་རིང་བོད་ནས་འགྲུལ་བཞུད་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་གནས་སྟངས་འོག་ཕེབས་ཀྱི་ཡོད་རེད། བོད་ནས་ཕེབས་མ་ཐག་ཏུ་ཡུལ་གསར་པར་སྐད་སོགས་གཞི་ནས་སྦྱངས་དགོས་ཀྱི་ཡོད། ཡིན་ནའང་ཆ་རྐྱེན་དང་གནས་སྟངས་སྐྱོ་པོ་དེ་འདྲའི་འོག་ཁོང་རྣམ་པས་སྐུ་ལས་བསྐྱོན་ཏེ། ད་ལྟ་ང་རང་ཚོའི་མདུན་དུ་ཡོད་པའི་གསུང་རབ་དེ་དག་བསྒྱུར་གནང་བ་རེད། ང་རང་ཚོར་ཆ་བཞག་ན། འགྲུལ་བཞུད་ཀྱི་དཀའ་ངལ་དེ་འདྲ་མེད་པར་མ་ཟད། ས་འདྲིས་ཟིན་པ་དང་སྐད་ཀྱང་གོ་བརྡ་འཕྲོད་ངེས་ཡོད་རེད། དེར་བརྟེན་དངོས་གནས་བྱས་ན། ང་རང་ཚོར་ཡིག་སྒྱུར་གྱི་ཐད་གྲུབ་འབྲས་ཆེན་པོ་ལེན་དགོས་པ་དང་ཡོད་དགོས་པའི་འོས་འགན་དང་གནས་བབས་གཉིས་ཀ་ཡོད་རེད།

གཞིས་ལུས་བོད་མིའི་རེ་བཅོལ་གྱི་ཆ་ནས་སྐད་ཆ་མང་པོ་བཤད་མི་དགོས་པ་ཞིག་རེད། ང་རང་ཚོ་འདིར་འཛོམས་པ་ཚོ་མང་ཆེ་བ་བོད་ནང་ནས་ཡོང་བ་དང་། ཡང་ན་བོད་ནང་གི་བོད་མིའི་བསམ་བློའི་ཁྱེར་སོ་ཆ་རྒྱུས་ཡོད་པ་ཤ་སྟག་རེད། ང་རང་ཚོ་བོད་ནང་ཡོད་དུས། རྒྱ་གར་ནང་ནས་བཏོན་པའི་དེབ་ཅིག་ཡིན་ན། ཚེག་དང་ཤད་འབྲི་སྟངས་ཚུན་ནས་ཚད་ལྡན་ཡིན་ཤག་ཤག་བྱེད་ཀྱི་ཡོད་རེད། བོད་ནང་ནས་བྱེད་མི་ཐུབ་པ་མང་པོ་ཞིག་བཙན་བྱོལ་རང་དབང་ལུང་པར་ཡོད་པ་ཚོས་བྱེད་ཀྱི་རེད་བསམ་གྱི་ཡོད་རེད། ཡིན་ནའང་དངོས་ཡོད་གནས་སྟངས་ཀྱི་ཆ་ནས་བཤད་ན། ང་ཚོས་རང་དབང་དེ་བེད་སྤྱོད་ཡང་དག་པར་བཏང་འདུག་གམ་མི་འདུག བོད་ནང་གི་བོད་མི་ཚོས་རང་དབང་ཁབ་རྩེ་ཙམ་ཡོད་པ་དེ་བེད་སྤྱོད་བཏང་ནས་ག་རེ་གནང་འདུག དེ་ཚོར་བསམ་བློ་བཏང་ན་ང་རང་ཚོ་ངོ་ཚ་དགོས་པ་འདྲ་པོ་ཞིག་ཆགས་ཀྱི་ཡོད་རེད།

བོད་ཀྱི་ཕུགས་འདུན་གྱི་ཆ་ནས་བཤད་ན། ང་རང་ཚོའི་མི་རིགས་དེ་མ་ཉམས་པའི་ཐོག་ནས་རང་གི་ལུང་པ་དེ་ང་རང་ཚོས་འཛིན་སྐྱོང་བྱ་རྒྱུ་དེ་རྩ་དོན་རེད། དེའི་ཐད་ལ་རང་བཙན་རྩོད་མཁན་དང་རང་སྐྱོང་རྩོད་མཁན་གཉིས་ཀ་བསམ་ཚུལ་གཅིག་པ་རེད། ད་དུང་ང་ཚོའི་དབུ་ཁྲིད་ཚོའི་འཆར་སྣང་ལ། བོད་པ་ཚོས་རང་གི་ཡུལ་དང་རང་གི་རིག་གཞུང་འཛིན་སྐྱོང་དང་དར་འཕེལ་བཏང་སྟེ་འཛམ་གླིང་སྤྱི་ལ་ཞབས་འདེགས་ཞུ་འདུན་ཡོད་རེད། ཕུགས་འདུན་དེ་ཚོ་བསྒྲུབ་པར་ཡིག་བསྒྱུར་གྱི་ལས་ཀ་དེ་ཧ་ཅང་གིས་གནད་འགག་ཆེན་པོ་ཆགས་ཡོད། ང་རང་ཚོ་ལ་སྲོལ་རྒྱུན་གྱི་རིག་གཞུང་ཕུན་སུམ་ཚོགས་པོ་ཞིག་ཡོད་རེད། ཡིན་ནའི་གོང་དུ་ཞུས་ཟིན་པ་ལྟར་དེང་རབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་འགྲོ་སྟངས། འཛིན་སྐྱོང་བྱེད་སྟངས། ཚན་རིག་གི་ཤེས་བྱ་སོགས་ཀྱི་ཐད་ང་ཚོ་རྗེས་ལུས་རེད། ང་རང་ཚོའི་སྐད་ཡིག་དེ། གནའ་བོའི་རིག་གཞུང་སློབ་སྦྱོང་གི་ཐད་བེད་སྤྱོད་ཡོད་པ་ཙམ་ལས། དེང་རབས་ཀྱི་ཤེས་བྱ་སྦྱོང་བར་བེད་སྤྱོད་མེད་དུས། ང་རང་ཚོའི་མི་རིགས་གནས་མི་གནས་ལ་ཉེན་ཁ་ཡོད་རེད། མདོར་ན་གཞི་རིམ་ནས་མཐོ་སློབ་བར་གྱི་སློབ་ཚན་ཡོངས་རྫོགས་རྩ་བའི་ཆར་རང་གི་སྐད་ཡིག་གི་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་བཟོ་མ་ཐུབ་ཕྱིན། མི་རིགས་དང་སྐད་ཡིག་གཉིས་ཀ་ཉེན་ཁ་ནས་ཐར་ཡོད་མ་རེད། རང་ཡུལ་རང་གིས་འཛིན་སྐྱོང་ཟེར་བའང་ཡོང་ཐབས་ཡོད་མ་རེད། དེ་ཚོ་ཡོང་བ་ལ་ཡིག་སྒྱུར་དེ་གནད་འགག་ཆགས་ཀྱི་ཡོད་རེད།



མི་ཆའི་ཆ་ནས་བཤད་ན། སྔོན་མ་ཐོན་མི་སཾ་བྷོ་ཊ་ནས་བཟུང་ལོ་ཙཱ་བ་མང་པོ་ཞིག་རྒྱ་གར་ལ་ཕེབས་པ་རེད། ཡིན་ནའང་དེ་ཚོའི་གྲངས་འབོར་ཡོངས་རྫོགས་བསྡོམས་ནའང་སྟོང་ཕྲག་བརྒལ་གྱི་ཡོད་མ་རེད། གྲངས་འབོར་དེའི་ནང་ནས། ད་ལྟ་ང་རང་ཚོའི་མདུན་ལ་ཡོད་པའི་གསུང་རབ་དེ་ཚོ་སྒྱུར་མཁན་གྱི་ལོ་ཙཱ་བ་དེ་ཚོ་བྱུང་བ་རེད། ད་ཆ་རྒྱ་གར་ནང་ལ་བོད་མི་འབུམ་གཅིག་ཙམ་ཡོད་རེད། བལ་ཡུལ་ནང་ལའང་གང་ལ་གང་འཚམས་ཡོད་རེད། ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་གི་ནང་དུ་ཁྲི་ཁ་ཤས་ཡོད་རེད། དེ་ཚོའི་ནང་གི་མང་པོ་ཞིག་གིས་བོད་སྐད་དང་དབྱིན་སྐད། ཧིན་དི། ཧྥ་རན་སིའི་སྐད་སོགས་སྐད་ཡིག་གཉིས་སམ་གསུམ་གྱི་ཤེས་ཚད་ཡོད་རེད། དེར་བརྟེན་མི་ཆའི་ཆ་རྐྱེན་ཡག་པོ་ཡོད་རེད། ཡིན་ནའང་དངོས་ཡོད་ལག་ལེན་ནང་དུ། བཙན་བྱོལ་བོད་མིའི་ཁྲོད་གཟེངས་སུ་ཐོན་པའི་ལོ་ཙཱ་བ་གཅིག་བསྟན་ཤོག་ཟེར་ན། ཧ་ལམ་བསྟན་རྒྱུ་མེད་པ་ལྟ་བུ་རེད། ཅུང་ཟད་ཡོད་པ་དེ་ཚོ་ནི་བོད་སྐད་ནས་དབྱིན་སྐད་ལ་ཕར་སྒྱུར་མཁན་དེ་ཚོ་རེད། ད་དུས་ཚོད་མེད་ཙང་དེ་ཚོའི་སྐོར་ལ་ཞིབ་ཕྲ་ཞེ་དྲགས་བཤད་ཀྱི་མིན།

སྤྱིར་བཏང་ལས་ཀ་ཚང་མ་གལ་ཆེན་པོ་རེད། གལ་ཆེན་པོ་ཡིན་དུས་རེ་རེ་ནས་གལ་ཆེ་ཚུལ་བཤད་ན་ཚང་མའི་ཐད་ལ་བཤད་རྒྱུ་ཡོད་པ་ཞིག་རེད། ཡིན་ནའང་ཡིག་སྒྱུར་གྱི་ལས་ཀ་འདི་སྤྱིར་འཛམ་བུ་གླིང་དང་སྒོས་ང་རང་ཚོ་བོད་པ་ཚོར་མཚོན་ན། མུ་མཐུད་ནས་རང་གི་སྐད་ཡིག་དང་མི་རིགས་མ་ཉམས་པར་གནས་མི་གནས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་དུས་དངོས་གནས་གལ་ཆེན་པོ་ཆགས་ཡོད་རེད། གལ་ཆེན་པོ་ཆགས་ཡོད་རེད་དེ། ད་ལྟ་གནས་བབས་གང་འདྲ་ཞིག་རེད་ཅེས་འདྲི་དགོས་ཀྱི་ཡོད་རེད། དེ་ཡིན་དུས་དེ་རིང་གི་གླེང་གཞི་གཉིས་པ་ད་ལྟའི་གནས་བབས་སྐོར་དེ་བཤད་དགོས་ཀྱི་ཡོད་རེད།

ད་བཙན་བྱོལ་ནང་གི་ཡིག་སྒྱུར་གྱི་གནས་བབས་སྐོར་བཤད་ན། གཞུང་དང་སྒྲིག་འཛུགས་ཀྱིས་བསྒྱུར་བ་དང་། གཞུང་འབྲེལ་མ་ཡིན་པར་མི་སྒེར་གྱིས་བསྒྱུར་བ་གཉིས་ཐད་ནས་བཤད་དགོས་ཀྱི་རེད། དང་པོ་གཞུང་འབྲེལ་གྱི་སྐོར་ནས་བཤད་ན། ༸གོང་ས་མཆོག་གིས། ༡༩༦༠ རེ་གྲངས་ནང་ནས། དེང་རབས་ཀྱི་སློབ་ཚན་ཚང་མ་བོད་སྐད་ནང་བསླབ་དགོས་རེད། དེའི་ཆེད་དུ་ཐོག་མར་སློབ་དེབ་ཚད་ལྡན་ཞེ་དྲག་མ་བྱུང་ཡང་། སང་ཉིན་བསླབ་རྒྱུ་དེ་དེ་རིང་བསྒྱུར་ཏེ་གོམ་པ་རིམ་བགྲོད་ཀྱིས་བསྒྱུར་ན་ལེགས་པའི་ལམ་སྟོན་ཕེབས་ཡོད་རེད། ལམ་སྟོན་དེ་བསྒྲུབ་ཐབས་ལྟ་བུར་ ༡༩༦༣ ལོར་ཤེས་རིག་ལས་ཁུངས་ཀྱི་འོག་ཏུ་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་ལྷན་ཚོགས་ཟེར་བ་ཞིག་བཙུགས་པ་རེད། ལས་ཁུངས་དེས་ ༡༩༦༥ བར་གྱི་དུས་ཡུན་ནང་། གཙང་སྦྲ་འཕྲོད་བསྟེན་སྐོར་གྱི་དེབ་ཆུང་གཡའ་སེལ་ཟླ་ཞུན་ཟེར་བ་གཅིག་དང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོ་སྤྲོད། ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་སོགས་བོད་ཡིག་ཏུ་བསྒྱུར་ཡོད་པ་རེད། དེ་མིན་གྱི་ལས་ཀ་ཡང་བྱས་ཡོད་རེད། ཡིན་ནའང་ ༡༩༦༥ ལོར་ལྷན་ཚོགས་དེ་སྐབས་དེར་གསར་དུ་བཙུགས་པའི་ལྡི་ལི་བོད་ཁང་དང་ཟླ་སྒྲིལ་གནང་རྒྱུ་གནང་སྟེ་སྒོ་བརྒྱབ་ཅིང་། ལས་དོན་མང་པོ་འཕྲོ་ཅན་དུ་ལུས་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཐུས་ཤོར་ཆེན་པོ་ཞིག་རེད།

དེ་ནས་ཤེས་རིག་ལས་ཁུངས་ཀྱིས་ད་ཕན་ཡིག་སྒྱུར་གྱི་ཕྱག་ལས་གང་ཙམ་གནང་ཡོད་རེད། ད་ཕན་བསྒྱུར་བར་ཆ་བཞག་ན། འཛིན་རིམ་དྲུག་པ་ཡན་གྱི་ཚན་རིག་དང་སྤྱི་ཚོགས་རིག་གནས་བཅས་ཀྱི་སློབ་དེབ་དང་། འཛིན་རིམ་གསུམ་པ་ཡན་གྱི་ཨང་རྩིས་སློབ་དེབ། དེ་མིན་བོད་ཀྱི་གནས་བབས་དང་བྱིས་པའི་དཔེ་དེབ་ཁག་ཅིག་བསྒྱུར་ཡོད་རེད། ལྷག་པར་དུ་གལ་ཆེ་ཤོས་ཤིག་ལ་ཤེས་རིག་ལས་ཁུངས་ཀྱིས་ཉེ་དུས་ནས་དབྱིན་བོད་ཀྱི་ཐ་སྙད་གསར་པ་མང་པོ་ཞིག་གསར་བཟོ་དང་གཏན་འབེབས་གནང་གི་ཡོད་རེད།

བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ད་ཕན་ཚན་རིག་དང་ལོ་རྒྱུས། ནང་ཆོས་སོགས་ཀྱི་དཔེ་དེབ་མང་པོ་ཞིག་བོད་སྐད་དུ་ཕབ་སྒྱུར་གནང་འདུག ལྷག་པར་དུ་རྩོམ་སྒྱུར་གྱི་ཟབ་སྦྱོང་ཐེངས་ཁ་ཤས་གོ་སྒྲིག་གནང་ཐོག ཚན་རིག་དུས་དེབ་ཀྱང་འདོན་སྤེལ་གནང་བཞིན་པ་རེད།

རིགས་ལམ་སློབ་གཉེར་ཁང་ནས་༸གོང་ས་མཆོག་གི་གསུང་རྩོམ་བཀའ་སློབ་དེབ་ཁ་ཤས་དང་། ཚན་རིག་གི་གློག་བརྙན་མང་པོ་ཞིག་བོད་སྐད་དུ་ཕབ་སྒྱུར་གནང་ཡོད་རེད་ལ། ལྷག་བསམ་བརྩེགས་པ་ཟེར་བའི་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་དུས་དེབ་ཡག་པོ་ཞིག་ཀྱང་འདོན་བཞིན་པ་རེད།

བོད་ཁྱིམ་ཁྱབ་ཁོངས་ཀྱི་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་ངོས་ནས་གཙོ་བོ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་ཚན་རིག་དང་སྤྱི་ཚོགས་རིག་གནས། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་ཨང་རྩིས་སློབ་དེབ་བོད་སྐད་དུ་ཕབ་སྒྱུར་གནང་ཡོད་པ་རེད།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས། བོད་ནང་ལོ་བདུན་དང་། རྒྱུན་ཤེས་སོགས་དཔེ་དེབ་གྲགས་ཅན་ཁག་ཅིག་བོད་སྐད་དུ་ཕབ་སྒྱུར་གནང་ཡོད་པ་རེད།

ཝ་ཎཱ་མཐོ་སློབ་ནས་རྒྱ་གར་གྱི་གཞུང་རྙིང་པ་རིགས་པ་ལ་འཇུག་པའི་སྒོ་དང་། ཆོས་ཡང་དག་པ་བསྡུས་པ་ཆོས་ཀྱི་རྣམ་གྲངས་བསྟན་པའི་གཞུང་། རྟོག་གེའི་ཐེམ་སྐས། སྒྲ་གཞུང་དགའ་བྱེད་ཟླ་ཟེར་གྱི་ལེའུ་འགའ། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པ་བརྒྱ་པ། མཛེས་དགའ་བོའི་སྙན་ངག་ཆེན་པོ། རྡོ་རྗེའི་ཁབ། གནས་འཇོག་གི་མདོ་སོགས་ཕབ་སྒྱུར་དང་པར་སྐྲུན་གནང་ཡོད།

བོད་གནས་ཉམས་ཞིབ་ཁང་གིས་པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་། རྒྱ་ནག་གི་རྩིབས་རུས་གཉེན་པོ་སོགས་བསྒྱུར་ཡོད་པ་རེད།

ཤེས་བྱ་ཀུན་བཏུས་རྩོམ་སྒྲིག་ཁང་གིས་ཕྱི་རྒྱལ་གྱིས་སྒྲུང་རིང་གོ་བདེར་བཅོས་པ་དེ་འདྲ་བསྒྱུར་ཡོད་རེད། དེ་མིན་ཕྱི་དྲིལ་ལས་ཁུངས་སོགས་ཀྱིས་བསྒྱུར་བ་ཡོད་ཀྱང་ཚང་མའི་མིང་སྨྲོས་ཏེ་ངས་འདིར་ཞུ་ཐུབ་ཐབས་ཡོད་མ་རེད།

སྒྱུར་མཁན་མི་སྒེར་མཚོན་ཙམ་སྨྲོས་ན་གྷན་རྡིའི་གསུང་དང་ཕྱི་ཡུལ་དུ་རང་དབང་སོགས་སྒྱུར་མཁན་ལྷ་ལུང་བློ་བཟང་ཕུན་ཚོགས་དང་། བོད་ཀྱི་གནས་བབས་སོགས་སྒྱུར་མཁན་ཀརྨ་སྨོན་ལམ། བོད་ནང་ལོ་བདུན་དང་བོད་ཀྱི་བུ་མོ་སོགས་སྒྱུར་མཁན་ཚེ་དབང་རྟ་མགྲིན། དམངས་གཙོའི་རྒྱུན་ཤེས་སོགས་སྒྱུར་མཁན་ཤེལ་གླིང་ཚེ་དབང་རྣམ་རྒྱལ། རྒྱུན་ཆགས་ལྔ་པ་སོགས་སྒྱུར་མཁན་རཀ་ར་ཐུབ་བསྟན་ཆོས་དར། རྒྱ་གར་གྱི་རྒྱལ་རབས་སོགས་སྒྱུར་མཁན་ཐུབ་བསྟན་མཆོག་གྲུབ། རྒྱ་གར་རང་སྲིད་རང་སྐྱོང་དང་འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་ཁུར་སོགས་སྒྱུར་མཁན་ན་ག་སངས་རྒྱས་བསྟན་དར། འདུན་པ་ཆེན་པོ་སོགས་སྒྱུར་མཁན་པདྨ་ཚེ་དབང་། རྡུལ་སྙེད་འཇིག་རྟེན་གྱི་ལེ་ཚན་སོགས་སྒྱུར་མཁན་དགེ་བཤེས་ལྷག་རྡོར། རྒྱ་ཡིག་ནས་རྩོམ་ཡིག་མང་པོ་བོད་སྒྱུར་གནང་མཁན་འབའ་པ་སྐལ་བཟང་རྒྱལ་མཚན། སངས་རྒྱས་ཀྱི་དཔའ་བརྟུལ་ཚོ་སོགས་སྒྱུར་མཁན་དགེ་འདུན་རབ་གསལ། རྒྱ་གར་རང་བཙན་ཇི་ལྟར་ཐོབ་པ་རེད་སོགས་སྒྱུར་མཁན་པདྨ་འབུམ། ཆོས་དང་ཚན་རིག་སྐོར་གྱི་རྩོམ་ཡིག་མང་པོ་སྒྱུར་མཁན་བསྟན་འཛིན་ཚེ་དཔག གྷོ་ར་སོགས་སྒྱུར་མཁན་རྔ་པ་ཆོས་གྲགས། རྒྱ་གར་རང་སྲིད་རང་སྐྱོང་བསྐྱར་སྒྱུར་གནང་མཁན་བསྟན་འཛིན་དོན་ཡོད། ཚན་རིག་སློབ་དེབ་སོགས་བོད་སྐད་དུ་ཕབ་སྒྱུར་ཚད་ལྡན་གནང་མཁན་ཆོས་འཕེལ་ལུང་རྟོགས། སྤྱི་ཚོགས་རིག་གནས་ཀྱི་སློབ་དེབ་སོགས་བོད་སྐད་དུ་ཕབ་སྒྱུར་གནང་མཁན་བསོད་ནམས་བཟང་པོ། ༸གོང་ས་མཆོག་གི་གསུང་སོགས་ཕབ་སྒྱུར་གནང་མཁན་བསྟན་འཛིན་རིག་བཟང་། དུད་འགྲོའི་གཞིས་ཀ་སྒྱུར་མཁན་ལྷ་འབུམ་ཚེ་བརྟན། དུད་འགྲོའི་གཞིས་ཀ་ཡང་སྒྱུར་གནང་མཁན་ངམ་རིང་ཡོན་ཏན་རྒྱ་མཚོ། དུད་འགྲོའི་གཞིས་ཀ་བསྐྱར་སྒྱུར་གནང་མཁན་རྡོ་རྗེ་ཚེ་བརྟན། སྦས་དོན་གྱི་ཕྱོགས་ཆ་སོགས་སྒྱུར་མཁན་ཉི་མ་རྒྱལ་མཚན། ཚེ་རིང་འོད་ཟེར་གྱི་རྩོམ་མང་པོ་བོད་སྒྱུར་གནང་མཁན་སྒྲོལ་དཀར། ལེགས་སྦྱར་སྐད་ནས་གཞུང་མང་པོ་བོད་སྒྱུར་གནང་མཁན་བློ་བཟང་ནོར་བུ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་དང་བྱིས་སྒྲུང་བོད་སྒྱུར་གནང་མཁན་བསྟན་འཛིན་རྒྱལ་མཚན། བོད་རྒྱ་ནག་གི་རྩིབས་རུས་གཉེན་པོ་སོགས་བོད་སྒྱུར་གནང་མཁན་རྡོ་རྗེ་ཚེ་རིང་། ཐའེ་ཝན་གྱི་བུ་སོགས་བོད་སྒྱུར་གནང་མཁན་བཀྲ་ཤིས་རྒྱ་མཚོ། ནུབ་ཕྱོགས་ཀྱི་ལྟ་གྲུབ་སོགས་བོད་སྒྱུར་གནང་མཁན་དགྲ་འདུལ་རྣམ་རྒྱལ། ལེགས་སྦྱར་སྐད་ནས་རྡོ་རྗེའི་ཁབ་སོགས་གཞུང་མང་པོ་བོད་སྒྱུར་གནང་མཁན་རབ་གླིང་བློ་བཟང་རྡོ་རྗེ། དེ་མིན་སྒོ་དམར་སངས་རྒྱས་བཀྲ་ཤིས་དང་བུད་དྷ་སྐྱབས། བསམ་གླིང་ཚེ་རིང་ལྷ་མོ་སོགས་ཡོད་པ་ཚང་མའི་མིང་ངས་དྲན་སོས་ཀྱི་མི་འདུག

ད་ང་ཚོས་རིག་ཚན་གང་གི་ནང་དུ་ག་ཚོད་ཙམ་བསྒྱུར་ཐུབ་འདུག་བལྟས་པ་ཡིན་ན། ཆབ་སྲིད་ཐད་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་གནས་བབ། རྒྱ་གར་རང་སྲིད་རང་སྐྱོང་སོགས་ཡོད་རེད། ཆབ་སྲིད་ཐོག་ལ་དེབ་རང་བརྩིས་པ་ཡིན་ན་ཞེ་དྲག་མི་འདུག སྤྱིར་བཏང་བཙན་བྱོལ་ལ་བསླེབས་ནས་ཆབ་སྲིད་ལ་དོ་སྣང་ཆེ་ཤོས་བྱས་པ་ཡིན་གྱི་རེད། ལོ་རྒྱུས་ཐོག་ལ་བལྟས་ན་རྒྱ་གར་གྱི་རྒྱལ་རབས་དང་། སངས་རྒྱས་ཀྱི་དཔའ་རྟུལ་ཚོ་སོགས་ཡོད་རེད་དེ་གྲངས་འབོར་མང་པོ་མ་རེད། ཚན་རིག་ནང་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་གྱི་སློབ་དེབ། དེ་བཞིན་ཚན་རིག་སྐོར་གྱི་གློག་བརྙན། དཔེ་མཛོད་ཁང་ནས་བསྒྱུར་བའི་ཚན་རིག་གི་སྐོར་སོགས་ཡོད་རེད། སྤྱི་ཚོགས་རིག་གནས་ཐོག་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་གྱི་སློབ་དེབ་བསྒྱུར་ཡོད་རེད། ཨང་རྩིས་ཐད་ལའང་དེ་བཞིན་རེད། དེ་ནས་འཕྲོད་བསྟེན་སྐོར་ལ་སྨན་པ་མེད་ས་ཞེས་པའི་དེབ་དེ་དང་། གཙང་སྦྲ་འཕྲོད་བསྟེན་སྐོར་གྱི་དེབ་ཆུང་སོགས་ཉུང་ཤས་ཡོད་རེད། ཆོས་ལུགས་ཐོག་ལ་༸སྐྱབས་མགོན་རིན་པོ་ཆེའི་གསུམ་ཁག་ཅིག་དང་རྒྱ་གཞུང་ཁག་ཅིག་ཡོད་རེད། དེ་བཞིན་རྩོམ་རིག་ཐད་གྷོ་ར་དང་དུད་འགྲོའི་གཞིས་ཀ་སོགས་ཡོད་རེད། དེ་མིན་སྙན་ངག་སོགས་ཁ་ཤས་ཡོད་རེད། ནུབ་ཕྱོགས་ཀྱི་ལྟ་གྲུབ་ཐད་སེམས་གཙོ་སྨྲ་བའི་ལྟ་གྲུབ་སྐོར་ལ་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་གྱིས་བསྒྱུར་བ་སོགས་དེབ་གཅིག་གཉིས་ལས་ཡོད་མ་རེད། དེ་མིན་དཔལ་འབྱོར་དང་ཨར་ལས་འཛུགས་སྐྲུན། ཞིང་ལས། འབྲོག་ལས། འཕྲུལ་རིག་སོགས་ཀྱི་སྐོར་ལ་སྟོང་པ་རེད། ཡུལ་ལུང་གཞན་གྱི་ལོ་རྒྱུས་དང་། འཛམ་གླིང་གི་གྲགས་ཅན་མི་སྣའི་ལོ་རྒྱུས་སྐོར་ལ་ཞེ་དྲག་ཉུང་ཉུང་རེད། ཡུལ་ལུང་གཞན་གྱི་ཟས་རིགས་དང་བཟོ་སྟངས་གང་འདྲ་ཡིན་མིན་ཐད་སྟོང་པ་རེད། ཆོས་ལུགས་གཞན་དག་སྐོར་ལ་དཔེ་ཉུང་ཉུང་རེད། གཞན་དག་ཕར་བཞག ༸སྐྱབས་མགོན་རིན་པོ་ཆེའི་གསུང་རྩོམ་དབྱིན་ཇིའི་ནང་དང་བོད་ཡིག་ནང་བྱས་ན་དབྱིན་ཇིའི་ནང་མང་བ་ཡོད་རེད། ཡིན་ནའང་སྒྱུར་ཐུབ་ཀྱི་ཡོད་མ་རེད། དེ་བཞིན་བོད་རང་གི་རྩོམ་རིག་དང་ལོ་རྒྱུས་སོགས་ཀྱི་སྐོར་ལ་དངོས་གནས་གནད་འགག་ཡོད་པ་མང་པོ་ཞིག་ཕྱི་རྒྱལ་གྱི་སྐད་ནང་ཡོད་རེད། ཡིན་ནའང་ཚུར་བོད་ཡིག་ནང་སྒྱུར་ཐུབ་པ་དེ་ཧ་ལམ་མེད་པ་འདྲ་པོ་རེད། དེ་ཡིན་དུས་བསྡོམས་གཅིག་བརྒྱབ་པ་ཡིན་ན་ད་ལྟ་བར་གྱི་གྲུབ་འབྲས་དེ་མེད་པ་ལས་དྲག་ཙམ་ཞིག་རེད། ཞེ་དྲག་སྐྱོ་པོ་རེད།

དེ་འདྲ་ཞིག་ལས་མི་ཡོང་བའི་རྒྱུ་མཚན་ནམ་ཞན་ཆ་གང་ལ་ཐུག་འདུག་གམ་ཞེ་ན། དང་པོ། འཆར་གཞི་རྩ་བ་ནས་མེད་པ་དེ་རེད། སྔོན་མ་རྩོམ་སྒྱུར་ལྷན་ཚོགས་ཡོད་པའི་སྐབས་སུ་འཆར་གཞི་ཞིག་ཡོད་རེད་མ་གཏོགས་དེའི་རྗེས་ལ་མ་འོངས་པའི་ལོ་འདི་འདྲ་ཞིག་ནང་། གཞུང་ལུགས་ཐོག་འདི་འདྲ་ཞིག ལོ་རྒྱུས་ཐོག་འདི་འདྲ་ཞིག རྩོམ་རིག་ཐོག་འདི་འདྲ་ཞིག་བོད་ཡིག་ནང་ཚུར་བསྒྱུར་གྱི་ཡིན་ཞེས་འཆར་གཞི་བཀོད་བཞག་པ་དེ་འདྲ་རྩ་བ་ཉིད་ནས་མི་འདུག ཡ་མཚན་པ་ཞིག་ལ་ང་རང་ཚོའི་<<བཀའ་འགྱུར།>> <<བསྟན་འགྱུར།>>དེ་ཚོ་དབྱིན་ཇིའི་སྐད་ནང་ཕར་བསྒྱུར་རྒྱུ་ལ་འཆར་གཞི་གསལ་པོ་འདུག དེ་ལ་ང་ཚོའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་ཡག་པོ་འདུག དབུ་ཁྲིད་རྣམ་པ་ཚོས་ཞེ་དྲག་གིས་རྒྱབ་སྐྱོར་འདུག ཡིན་ནའང་ཚུར་བླང་རྒྱུའི་ཐོག་ལ་འཆར་གཞི་མི་འདུག་ལ་ནམ་རྒྱུན་ནས་དེ་ལ་མངོན་གསལ་གྱི་རྒྱབ་སྐྱོར་ཡོད་པའི་བཟོ་འདྲ་ཞིག་ངས་མཐོང་གི་མི་འདུག ང་ཚོས་ད་བར་ཕྱི་ནས་ཚུར་ལེན་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ཞིག་དེ་རེད་འདུག་སྙམ།

གཉིས་པ། སྒྲིག་འཛུགས་མེད་པ་དེ་རེད། ཆོས་རྒྱལ་ཚོའི་སྐབས་ལ་རྒྱ་གར་སྐད་ནས་དཔེ་ཆ་མང་པོ་ཞིག་བསྒྱུར་ཐུབ་པའི་རྒྱུ་མཚན་གཙོ་བོ་གཅིག་བསམ་ཡས་ལ་"སྒྲ་སྒྱུར་ལོ་པཎ་གླིང་།"ཞེས་པའི་སྒྲིག་འཛུགས་ཤིག་བཙུགས་ཡོད་ཅིང་དེར་རྒྱ་གར་གྱི་མཁས་དབང་དང་། བོད་ཀྱི་ལོ་ཙཱ་བ་རབ་འབྲིང་ཐ་གསུམ་ཡོད་པས་རེད། འོན་ཀྱང་ད་ལྟ་ལོ་ཙཱ་བའི་སྒྲིག་འཛུགས་ཁྱོན་ནས་ཡོད་མ་རེད། མི་བྱེ་བྲག་པ་ཚོས་སོ་སོའི་དགའ་མོས་ཡོད་པའི་དེབ་གཅིག་གཉིས་སྒྱུར་ཐུབ་སྲིད་པ་རེད། ཡིན་ནའང་སྒྲིག་འཛུགས་མེད་པར། མི་སྒེར་པས་འཆར་གཞི་དང་གོ་རིམ་བསྒྲིགས་ནས་སྔོན་མ་<<བཀའ་འགྱུར།>> <<བསྟན་འགྱུར།>>སྒྱུར་བ་བཞིན་དེང་རབས་ཀྱི་གཞུང་ལུགས་དེ་ཚོ་བསྒྱུར་ཐུབ་ཐབས་མེད། དེར་བརྟེན་སྒྲིག་འཛུགས་མེད་པའི་དཀའ་ངལ་དེ་དཀའ་ངལ་ཆེ་ཤོས་གཅིག་རེད་འདུག

གསུམ་པ་སྔོན་མ་རྒྱལ་ཐོག་སོ་སོའི་སྐབས་ལ་ལོ་ཙཱ་བ་གསོ་སྐྱོང་ཐོག་ལ་སྲིད་གཞུང་གིས་ཧ་ཅང་གིས་ཤུགས་བསྐྱོན་འདུག དཔེར་ན་ལོ་ཙཱ་བ་བདམས་པའི་སྐབས་"བུ་ཕྲུག་བློ་རྣོ་བ"ཞེས་པའི་ཆ་རྐྱེན་བཏོན་ཡོད་པ་དང་། བློ་རྣོ་བའི་བོད་ཕྲུག་དེ་ཚོར་གཞུང་གིས་དམིགས་བསལ་བདག་སྐྱོང་གིས་མཐུན་རྐྱེན་སྦྱར་ཡོད། ག་ཚོད་བདེན་མིན་མི་ཤེས་ཀྱང་། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སྐུ་དངོས་སུ་ས་གནས་སོ་སོར་ཕེབས་ཏེ་ལོ་ཙཱ་བའི་དམིགས་སྒོར་བོད་ཕྲུག་བློ་རྣོ་བ་བདམས་པའི་ལོ་རྒྱུས་ཡོད་རེད། བློས་གཏོང་བྱེད་ཚད་ལ་ཆ་བཞག་ནའང་། ཡོངས་གྲགས་སུ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མི་སམ་བྷོ་ཊ་སོགས་བློ་རྣོ་བའི་མི་བཅུ་དྲུག་རྒྱ་གར་ལ་བཏང་བ་རེད། བཅུ་དྲུག་ནང་ནས་གཅིག་མ་གཏོགས་ལོག་རྒྱུ་བྱུང་མེད་པ་རེད། གཅིག་གིས་མ་གཏོགས་ཕན་ཐོགས་ཡོད་མ་རེད། དེ་འདྲའི་བློས་གཏོང་གནང་པ་རེད། དེའི་རྗེས་ཁྲི་སྲོང་ལྡེའུ་བཙན་སྐབས་ལ་དེ་འདྲའི་མཐུན་རྐྱེན་སྦྱར་ནས་གསོ་སྐྱོང་གནང་མེད་ན་སྐད་གྲགས་ཡོད་པའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ཡོང་གི་མ་རེད། དེ་བཞིན་བོད་བསིལ་བུར་འཐོར་རྗེས་ས་སྐྱའི་སྐབས་ལ་གཤོང་སྟོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བཀོད་མངགས་གནང་མེད་ན་<<སྙན་ངག་མེ་ལོང་མ།>>སྒྱུར་ཐུབ་ཀྱི་མ་རེད། དེང་སང་ལོ་ཙཱ་བ་གསོ་སྐྱོང་གི་འཆར་གཞི་བཟོས་ན་བཟོ་ཐུབ་པ་ཞིག་དང་། མཐུན་རྐྱེན་སྦྱར་ན་སྦྱོར་ཐུབ་པ་ཞིག་རེད་དེ། དེ་འདྲ་མེད་པ་རེད། ད་ལྟ་ང་ཚོར་ལོ་རེ་ལ་འཛིན་གྲྭ་བཅུ་གཉིས་འཐོན་མཁན་སྟོང་ཕྲག་ཡོད་རེད། ཡིན་ན་ཡང་དེ་ཚོའི་ནང་ནས་ལོ་ཙཱ་བའི་དམིགས་སྒོ་གཅིག་ཀྱང་བསྟན་མེད་པ་ཆགས་བཞིན་ཡོད་པ་རེད། དེར་བརྟེན་སྔོན་མའི་ཆོས་རྒྱལ་སྐབས་ལོ་ཙཱ་བ་གསོ་སྐྱོང་གི་ལས་རིམ་བསྒྲིགས་པ་ནང་བཞིན་གསོ་སྐྱོང་བྱས་ན་ཡག་པོ་མིན་འགྲོ་སེམས་ཀྱི་འདུག

བཞི་པ་མི་སྣ་བཀོལ་སྤྱོད་ཐད་རེད། དེ་རིང་ཁ་སང་ཡིག་སྒྱུར་བྱེད་པའི་ནུས་པ་ཡོད་པའི་མི་མང་པོ་ཞིག་ཡིག་སྒྱུར་གྱི་ལས་རིམ་དེའི་ནང་མ་བཞག་པར་ལས་གནས་གཞན་ལ་བཀོད་སྒྲིག་བྱེད་ཀྱི་ཡོད་རེད། ཕྱི་རྒྱལ་སྐད་ནས་དཔེ་དེབ་ཅིག་བོད་ཡིག་ཏུ་བསྒྱུར་བ་དང་། ལས་ཁུངས་གཅིག་གི་བྱས་བྱས་བཏང་བཏང་གི་ལས་བསྡོམས་གཅིག་འབྲི་བ་གཉིས་གལ་ཆེ་ཆུང་བལྟ་དུས། དེང་སང་གི་དབང་ལྡན་འགན་འཛིན་མང་པོས་ལས་བསྡོམས་རྫིག་པོ་ཞིག་འབྲི་རྒྱུ་དེ་གལ་ཆེ་བར་བརྩི་གི་ཡོད་པ་འདྲ། དེར་བརྟེན་ཤེས་ལྡན་པ་མང་པོ་ཞིག་ལས་བསྡོམས་འབྲི་རྒྱུ་དང་། སྙན་ཐོ་བཟོ་རྒྱུ། སྙན་ཞུ་འབྲི་རྒྱུ་སོགས་ལ་བཀོལ་བ་ལས། ཁོ་རང་གི་ནུས་པ་ངོ་མ་དེ་སྤྱད་དེ་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོད་པའི་ཡིག་སྒྱུར་སོགས་ཀྱི་ལས་ཀ་བྱེད་འཇུག་གི་ཡོད་མ་རེད། ལས་བསྡོམས་སོགས་ནི་ཐེངས་གཅིག་སྙན་སྒྲོན་ཞུས་ན་དེའི་ནུས་པ་སྤྱིར་བཏང་ཚར་བ་རེད། དཔེ་དེབ་ཅིག་བསྒྱུར་ན་མི་རབས་ནས་མི་རབས་སུ་ལེགས་སྐྱེས་སུ་བཞག་པ་རེད། བཙན་བྱོལ་ནང་ལོ་ཙཱ་བའི་ཆ་རྐྱེན་ཚང་བ་མི་སྣ་མང་པོ་ཞིག་བློ་ཕམ་ཡོང་གཞིའི་གནས་ཚུལ་གཅིག་ནི། སོ་སོའི་ནུས་པ་དང་ཏག་ཏག་མ་བསྡད་པའི་ལས་ཀ་གཞན་པ་ལ་བཀོད་སྒྲིག་བྱེད་པ་དེ་རེད། བཙན་བྱོལ་སྒྲིག་འཛུགས་དང་ གཞུང་འབྲེལ་མ་ཡིན་པའི་ཚོགས་པ། རིག་གཞུང་སྡེ་ཚན་གང་གི་ནང་དུའང་ད་ཕན་ཡིག་སྒྱུར་གྱི་ཆ་རྐྱེན་ཚང་བའི་མི་ཞིག་ཆེད་ལས་ཡིག་སྒྱུར་བའི་ལས་གནས་ལ་བཞག་པ་ཞིག་ཕལ་ཆེར་ཡོད་མ་རེད། ཡིག་སྒྱུར་གྱི་ལས་ཀ་དེ་མང་ཆེ་བ་ཞོར་ལས་ཙམ་དང་། ལས་འགན་གཙོ་ཕལ་གཉིས་ལས་ཕལ་བའི་ཁོངས་སུ་བཞག་ཡོད་རེད།

ལྔ་པ། དེ་ནས་སྐྱོན་ཆ་གཞན་པ་གཅིག་ང་ཚོ་བཙན་བྱོལ་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཆུང་ཆུང་འདིའི་ནང་ལ་ཡིག་སྒྱུར་གྱི་ལས་ཀ་བྱེད་མཁན་སྡེ་ཚན་དང་མི་སྒེར་པ་ཕར་ཚུར་འབྲེལ་བ་དང་མཉམ་ལས་ཀྱི་གོམས་གཤིས་མེད་པ་དེ་རེད་འདུག དཔེ་ཆ་བཞག་ན། ད་ལྟ་བར་རྡ་ས་བོད་ཁྱིམ་ནས་བསྒྱུར་ཡོད་རེད། དཔེ་མཛོད་ཁང་ནས་བསྒྱུར་ཡོད་རེད། ཤེས་རིག་ལས་ཁུངས་ནས་བསྒྱུར་ཡོད་རེད། རིགས་ལམ་སློབ་གཉེར་ཁང་ནས་བསྒྱུར་ཡོད་རེད། བསྒྱུར་བ་མང་ཆེ་བ་ཚན་རིག་སྐོར་རེད། ཚན་རིག་སྐོར་བསྒྱུར་བ་དེ་ཚོར་ཡག་པོ་ལྟ་དུས་ཚང་མས་ས་ཁོངས་གཅིག་གི་ནང་ལ་སྐོར་བ་བརྒྱབ་པ་ལྟ་བུ་ཞིག་རེད། ཚང་མས་བསྒྱུར་བ་དེ་འཛིན་གྲྭ་བརྒྱད་པ་དགུ་པའི་གནས་ཚད་སྒང་ལ་བསྐྱར་ཟློས་ཡང་ཟློས་བྱས་ནས་ཕྱིན་པ་ལྟ་བུ་རེད། དེ་འདྲ་མ་ཡིན་པར། ཚང་མ་མཉམ་འབྲེལ་བྱས་ཏེ། རྨང་གཞི་ནས་མཐོ་རིམ་བར་སྡེ་ཚན་གཅིག་གིས་རྫས་འགྱུར་སྐོར། སྡེ་ཚན་གཅིག་གིས་དངོས་ཁམས་སྐོར། གཅིག་གིས་སྐྱེ་དངོས་སྐོར་སོགས་ལས་བགོས་བྱས་ནས་བསྒྱུར་ནས་ཕྱིན་པ་ཡིན་ན། ཐ་སྙད་དེ་ཚོ་འགོ་མཇུག་བར་གསུམ་དུ་གཅིག་གྱུར་ཡོང་བ་དང་། ལས་ཀ་ལ་གོ་རིམ་དང་ལས་ཕྱོད་ཡོད་པ། ལས་ཀ་བསྐྱར་ཟློས་ཡང་ཟློས་མེད་པ། འགྲོ་སོང་སྲི་ཚགས་ཐུབ་པ། སྒྱུར་མཁན་མི་སྣ་དེ་ཚོ་ཡང་ཆེད་ལས་པ་ཆགས་འགྲོ་ཡི་རེད། ད་ལྟ་བར་དུ་ཁུངས་སོ་སོས་གཅིག་བྱས་ནས་སྐོར་བ་ག་ཚོད་བརྒྱབ་ཀྱང་འཛིན་གྲྭ་བརྒྱད་པ་དགུ་པའི་གནས་ཚད་ལས་མཆོངས་མ་ཐུབ་པ་དེ་ངས་སྐྱོན་ཆ་ཆེན་པོ་ཞིག་ལ་མཐོང་གི་ཡོད།

དེ་བཞིན་ལོ་ཙཱ་བ་གསོ་སྐྱོང་སྐོར་ལ་བསྡུས་བསྡུས་གཅིག་ཞུས་ན་བསམས་བྱུང་། དངོས་གནས་གསོ་སྐྱོང་བྱེད་ཀྱི་ཡིན་ན་ཞེ་དྲག་དཀའ་ལས་ཁག་པོ་རེད་མི་འདུག དཔེར་ན། བོད་ཕྲུག་བློ་རྣོ་བ་དབྱིན་ཇིའི་སྐད་ཡིག་གི་རྨང་གཞི་གང་ལ་གང་འཚམ་ཡོད་པ། བོད་ཡིག་ཞེ་དྲག་ཤེས་ཀྱི་མེད་པ་དེ་འདྲ་ཡིན་ན་ཝ་ར་ཎཱ་སི་བོད་ཀྱི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ལྟ་བུའི་ནང་ཆེད་དུ་མངགས་ནས་བོད་ཡིག་ཐོག་ཤུགས་རྒྱག་བཅུག་ན་རང་བཞིན་གྱིས་ལོ་ཁ་ཤས་ནང་གང་འཚམ་ཆགས་ཀྱི་རེད་སེམས་ཀྱི་འདུག དེ་བཞིན་བོད་ཡིག་ཡག་པོ་ཡོད་མཁན་ཡིན་ན་དབྱིན་ཇི་དང་སམ་སྐྲི་ཏ་སོགས་སྐད་ཡིག་གཞན་དག་ལ་སྦྱོང་བརྡར་སྤྲད་ན་ལོ་ཙཱ་བ་གསོ་སྐྱོང་བྱེད་པར་དཀའ་ལས་ཁག་པོ་དེ་ཙམ་རེད་མི་འདུག ལོ་ཙཱ་བ་དམིགས་བསལ་གྱིས་གསོ་སྐྱོང་བྱེད་པའི་འཆར་གཞི་ཞིག་མེད་ན། ད་ལྟའི་སློབ་གྲྭའི་ནང་། ལོ་རིམ་དང་པོ་ནས་བཟུང་སློབ་ཚན་མང་པོ་ཞིག་མཉམ་དུ་སྦྱང་དགོས་པས་ལོ་ཙཱ་བ་ཐོན་ཁག་པོ་རེད། ཕྱི་རྒྱལ་ལུང་པ་ཁག་ལ་གཞི་རིམ་སློབ་གྲྭ་ཐོན་རྗེས། ཡིག་སྒྱུར་གྱི་ཆེད་ལས་སློབ་སྦྱོང་བྱེད་ས་ཡོད་རེད། ཡིན་ནའང་ང་ཚོ་བཙན་བྱོལ་ནང་དུ། རྒྱ་གར་སོགས་ཀྱི་མཐོ་སློབ་ཀྱིས་བོད་དབྱིན་ཡིག་སྒྱུར་གྱི་སྦྱོང་བརྡར་སྤྲོད་ཐུབ་ཀྱི་མ་རེད། ང་རང་ཚོ་བོད་པར་དམིགས་བསལ་གྱི་འཆར་གཞི་དང་ལས་རིམ་ཡང་ཡོད་མ་རེད། དཀའ་ངལ་གཅིག་དེ་རེད།

དེ་ནས་དཀའ་ངལ་གཅིག་སྒྱུར་ཡོན་རེད། མི་སུ་ཡིན་ནའང་ལས་ཀ་བྱས་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པར་བརྟེན་སྒྱུར་གྱི་ཐོག་ནས་གླ་ཆ་ཞིག་ཐོབ་དགོས་ཀྱི་ཡོད། རྣམ་པ་ཚོ་སྒྱུར་གྱི་ཕྱག་ལས་གནང་མཁན་རེད། མཁྱེན་གྱི་རེད། གང་ལྟར་བར་སྐབས་ཏོག་ཙམ་དྲག་ཏུ་ཕྱིན་པ་རེད་མ་གཏོགས་སྔོན་མ་བོད་ཡིག་ལ་ཚུར་ཤོག་བུ་གཅིག་བསྒྱུར་ན་སྒོར་ལྔ་བཅུ་རེད། དབྱིན་སྐད་ནང་ལ་ཕར་ཤོག་བུ་གཅིག་བསྒྱུར་ན་སྒོར་ལྔ་བརྒྱ་རེད། ལྔ་བཅུ་དང་ལྔ་བརྒྱའི་ཁྱད་པར་རྒྱུགས་ཀྱི་ཡོད། དེ་ཡང་ཁྱད་པར་ཤོར་བ་དེ་སྒེར་པས་བཟོས་པ་དེ་འདྲ་མ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྒྱུར་ཡོན་གནང་དུས་ཁྱད་པར་དེ་ཡོད་རེད། དཔལ་འབྱོར་གྱི་ཁེ་ཕན་གང་དུ་ཆེ་བ་ཡོད་པ་དེའི་ནང་ལ་འཆོར་འགྲོ་བ་དེ་རང་བཞིན་ཆོས་ཉིད་ཡིན་པ་བརྟེན་བོད་གཞིས་བྱེས་གཉིས་ནང་བོད་ཀྱི་སྐད་ཡིག་ནས་སྐད་ཡིག་གཞན་པའི་ནང་སྒྱུར་མཁན་མང་འདུག ཡང་ན་སྐད་ཡིག་གཞན་པ་ནས་ང་རང་ཚོའི་སྐད་ཡིག་ནང་སྒྱུར་མཁན་མང་འདུག་བརྩིས་ན། བོད་པའི་སྐད་ཡིག་ནང་ཚུར་སྒྱུར་མཁན་ཞེ་དྲག་ཉུང་བ་ཡོད་རེད།

དེ་ནས་བྱང་ཆུབ་སེམས་དཔའ་དང་ནང་པའི་ལྟ་སྟངས་སོགས་ཀྱི་ཐད་ནས་བཤད་པ་ཡིན་ན། ཤེས་རབ་ཀྱི་སྣང་བ་དེ་མི་རིགས་དང་རྒྱལ་མཚམས་མེད་པར་སྤེལ་དགོས་པ་ཞིག་རེད། དེ་ཡིན་དུས་ང་རང་ཚོའི་དཔེ་ཆ་རྩ་ཆེན་པོ་དེ་ཚོ་ཡང་ཕྱིའི་སྐད་ཡིག་ལ་བསྒྱུར་དགོས་པ་རེད། ཡིན་ནའང་ཕྱོགས་གཞན་པ་གཅིག་ནས་བསམ་བློ་བཏང་ན། ང་རང་ཚོའི་ལོ་རྒྱུས་ནང་ལྟ་དུས་བོད་ཀྱི་ཆོས་རྒྱལ་དང་ལོ་ཙཱ་བ་ཚོས་བོད་ནས་གསེར་ཁྱེར་ནས་རྒྱ་གར་ནང་ཆོས་ཞུས། གསེར་ཁྱེར་ནས་རྒྱ་གར་ནས་མཁས་པ་གདན་དྲངས། མདོར་ན། ང་རང་ཚོའི་མེས་པོ་ཚོས་མི་རྒྱུ་གཉིས་ཀའི་འགྲོ་སོང་བཏང་ནས་དཔེ་ཆ་དེ་ཚོ་བོད་སྐད་ལ་བསྒྱུར་པ་རེད་མ་གཏོགས་རྒྱ་གར་གྱི་རྒྱལ་པོ་དང་། བལ་ཡུལ་གྱི་རྒྱལ་པོ། རྒྱ་ནག་གི་རྒྱལ་པོ་སོགས་ཕྱི་རྒྱལ་གྱི་མི་དང་རྒྱལ་ཁབ་དེ་ཚོས་དང་བླངས་ཐོག་ནས་ང་ཚོར་བོད་སྐད་ནང་བསྒྱུར་བ་དང་བསྒྱུར་བ་ལ་རོགས་བྱས་པ་དེ་འདྲ་སྤྱིར་བཏང་བྱུང་ཡོད་མ་རེད། དེར་བརྟེན་དེང་སང་ང་རང་ཚོའི་ངོས་ནས་བོད་ཀྱི་ཆབ་སྲིད་གནས་ཚུལ་ཏེ་བོད་ནང་གི་ཡ་ང་བའི་གནས་སྟངས་ངོ་སྤྲོད་བྱ་རྒྱུའི་རྒྱུ་ཆ་དེ་ཚོ་ཕྱིའི་སྐད་ཡིག་ནང་བསྒྱུར་རྒྱུ་གལ་ཆེན་པོ་ཡིན་ཞིང་ང་རང་ཚོར་འཁྲི་བའི་ལས་འགན་རེད། ཡིན་ནའང་ང་ཚོའི་གཞུང་གིས་ང་རང་ཚོའི་འགྲོ་སོང་བཏང་ནས་ཕར་ཕྱི་རྒྱལ་གྱི་སྐད་ནང་རྩ་ཆེའི་བོད་ཡིག་གི་དཔེ་ཆ་དེ་ཚོ་བསྐྱལ་བ་ལ་ཞབས་ཕྱི་ཞུ་དགོས་ཀྱི་མ་རེད་སེམས་ཀྱི་འདུག གལ་སྲིད་ཡུལ་ལུང་གཞན་པ་ལ་དགོས་ཀྱི་ཡོད་ན་སྔོན་མ་ང་ཚོ་བོད་པ་ལ་དགོས་དུས་ང་ཚོ་བོད་པ་རང་གིས་དཀའ་ལས་བརྒྱབ་ནས་ཚུར་བླངས་པ་ནང་བཞིན། ཁོར་རང་ཚོར་རྒྱལ་ཁབ་ཡོད་རེད། འགྲོ་སོང་གཏང་རྒྱུ་ཡོད་རེད། མཁས་པ་ཡོད་རེད། དེར་བརྟེན་ཁོ་རང་ཚོས་དཀའ་ལས་བརྒྱབ་ནས་ལེན་དགོས་པ་ཞིག་རེད་མ་གཏོགས་དེ་ང་ཚོ་བོད་པ་ཚོ་དང་ལྷག་པར་བོད་པ་བཙན་བྱོལ་བ་ཚོས་ཁུར་བླངས་ནས་སོ་སོའི་ནུས་པ་དེའི་ཐད་ལ་དང་བླངས་ཀྱིས་གཏང་དགོས་པ་ཞིག་རྩ་བ་མ་རེད་བསམ་གྱི་འདུག ཡང་ཕྱིའི་སྐད་ནས་ཕྱིའི་རྩོམ་རིག་དང་རིག་གཞུང་སོགས་བོད་སྐད་དུ་སྒྱུར་རྒྱུའི་ལས་ཀ་དེ་ཧྲ་ཐག་ཐག་སྐྱོན་མེད་པ་ཞིག་འགྲོ་བཞིན་ཡོད་ན། ཕར་སྒྱུར་རོགས་བྱེད་དགོས་དང་མི་དགོས་ལ་བསམ་བློ་གཏང་ས་ཡོད་རེད། ད་ལྟ་ང་རང་ཚོའི་སྐད་ནང་ཚུར་ཧ་ལམ་བསྒྱུར་ཐུབ་ཀྱི་མེད་དུས། ཕར་ཕྱི་རྒྱལ་སྐད་ནང་བསྒྱུར་རྒྱུར་ནུས་པ་འདོན་པ་དེ་ཀ་བ་ལ་འཇག་མའི་ལྷན་པ་བརྒྱབ་པ་རང་རེད། སྒེར་པ་ཚོ་ནི་གཙོ་བོ་དཔལ་འབྱོར་གྱི་ཁེ་ཕན་རང་ལ་བལྟས་ནས་ལས་ཀ་བྱེད་ཀྱི་ཡོད་རེད།

དེ་ནས་གཞན་པ་གཅིག་གང་ཞུ་འདོད་བྱུང་ཟེར་ན། སྒྱུར་གྱི་ཕྱག་ལས་གནང་མཁན་ལ་གཟིགས་པ་ཡིན་ན་ཕར་སྒྱུར་མཁན་དང་ཚུར་སྒྱུར་མཁན་གང་ཡིན་དེ་མི་གཤིས་དང་འཚར་ལོངས་ཀྱི་བརྒྱུད་རིམ། ཤེས་ཡོན་རྒྱབ་ལྗོངས་སོགས་མང་པོ་ལ་རག་ལས་ཡོད་རེད། ཚུར་སོ་སོའི་སྐད་ནང་ལེན་མཁན་མང་ཆེ་བར་བོད་ཀྱི་རིག་གཞུང་ལ་གོ་རྟོགས་དང་བོད་ཀྱི་རིག་གཞུང་ལ་ཤ་ཚ་འདུག ཕར་སྒྱུར་མཁན་ཐམས་ཅད་རེད་ཟེར་གྱི་མེད་དེ་མང་པོ་ཞིག་སོ་སོའི་རིག་གཞུང་ལ་ཤ་ཚ་དེ་ཙམ་མི་འདུག འདིའི་ཐད་ལ་ཡང་བསམ་བློ་གཏོང་དགོས་ཀྱི་འདུག སྒྱུར་གྱི་སྐད་ཆ་འཆད་པའི་སྐབས། ངའི་སྐད་ཆ་དེ་ཁྱད་མཚར་པོ་ཆགས་ཀྱི་འདུག སྤྱིར་བཏང་ཡིག་སྒྱུར་གྱི་གཞུང་ལུགས་ནང་གསལ་ཡོད་རུང་མེད་རུང་། བོད་སྐད་ལ་བསྒྱུར་བའི་སྐབས་ལ། སྒྱུར་བ་པོའི་ལྷག་བསམ་དེ་ཆ་རྐྱེན་གལ་ཆེ་ཤོས་ཤིག་རེད། སྔོན་གྱི་ལོ་ཙཱ་བ་ཚོས་ཀྱང་དཀའ་ངལ་བརྒྱ་ཕྲག་ལ་མ་འཛེམས་པར་བཀའ་འགྱུར་བསྟན་འགྱུར་བསྒྱུར་བ་དེ་ཚོ་གཙོ་བོ་ལྷག་བསམ་རང་གི་ཐོག་ནས་བྱུང་བ་རེད། ད་ལྟ་ཡིན་ནའང་ཚུར་བོད་སྐད་ནང་ལེན་དགོས་པ་དེ་ཚིག་འབྲུ་རེ་རེ་བྱས་ནས་ལེན་གྱི་ཡོད་རེད། ཧིན་སྒོར་ལྔ་བརྒྱ་དང་ལྔ་བཅུའི་བར་གྱི་ཁྱད་པར་ལ་མ་བལྟས་པར་ལེན་གྱི་ཡོད་རེད། དེ་ལྟར་ལེན་པའི་རྒྱབ་ལོགས་ལ་ལྷག་བསམ་དགོས་ཀྱི་རེད། ལྷག་བསམ་སྔོན་ལས་ཀྱང་ལྷག་པ་དགོས་ཀྱི་རེད། གང་ཡིན་ཟེར་ན། སྔོན་མ་ལོ་ཙཱ་བ་ཚོས་བསྒྱུར་དུས། གཙོ་བོ་ཆོས་བསྒྱུར་གྱི་ཡོད་རེད། ཆོས་བསྒྱུར་ན་རང་ཉིད་ཆོས་པ་ཡིན་དུས། དགེ་བ་གསོག་གི་ཡོད་སྙམ་པ་དང་། སེམས་ཅན་ཀུན་ལ་ཕན་ཐོགས་པའི་བྱ་བ་བྱེད་ཀྱི་ཡོད་སྙམ་པ། སངས་རྒྱས་ཀྱི་བསྟན་པ་སྤེལ་གྱི་ཡོད་སྙམ་པ་སོགས་ལྷག་བསམ་སྐྱེ་བའི་རྒྱུ་མཚན་མང་པོ་རེད། དེང་སང་ཕྱི་རྒྱལ་གྱི་ལྟ་གྲུབ་དང་ཚན་རིག རྩོམ་རིག་སོགས་སྒྱུར་དུས། ཆོས་ལུགས་དང་འབྲེལ་བའི་སྐུལ་སློང་དེ་ཚོ་ཡོང་ས་ཡོད་མ་རེད། དེར་བརྟེན་མི་རིགས་དང་རིག་གཞུང་། སྐད་ཡིག་ལ་ལྷག་བསམ་དང་། ལྷག་པར་དུ་འཛམ་གླིང་གི་རྩ་ཆེའི་ཤེས་བྱ་དེ་ཚོ་ང་རང་ཚོ་བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྡེ་ཚོར་ངོ་སྤྲོད་དང་ཁྱབ་སྤེལ་བྱེད་པའི་ལྷག་བསམ་བརྟན་པོ་དགོས་པ་དེ་ནུབ་ཕྱོགས་པའི་སྐད་ཡིག་ནས་ཚུར་བོད་ཡིག་ནང་སྒྱུར་མཁན་ལ་ཆ་རྐྱེན་གལ་ཆེ་ཤོས་གཅིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག ། །།

No comments:

Post a Comment