2015-05-05

རྒྱ་དཀར་ནག་དང་། ནུབ་ཕྱོགས་ཀྱི་ཁྲིམས།

ང་རང་བོད་དུ་ཡོད་དུས། རྒྱ་ནག་གི་ཁྲིམས་ལུགས་ལ་དོ་སྣང་ཧ་ལམ་བྱེད་མ་མྱོང་། ང་རང་རྒྱ་གར་ལ་ཡོད་དུས། རྒྱ་གར་གྱི་ཁྲིམས་ལུགས་ལའང་དེ་ཙམ་དོ་སྣང་བྱེད་མ་མྱོང་། ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་སླེབས་རྗེས་ཁྲིམས་དང་སྒྲིག་ལམ་ལ་དོ་སྣང་བྱེད་དགོས་པར་གྱུར། ལྟར་སྣང་ལ། དེ་རང་བཞིན་དུ་བྱུང་བ་ལྟར་མངོན་ཡང་། དོན་དུ་ཡུལ་ལུང་སོ་སོའི་ནང་གི་ཁྲིམས་ཀྱི་གནས་བབས་དང་ང་རང་གི་གནས་བབས་བར་གྱི་འབྲེལ་བ་ལ་ཐུག་ཡོད་པ་འདྲ།
རྒྱ་ནག་གི་དབང་སྒྱུར་འོག་ཚུད་པའི་བོད་དུ། ཁྲིམས་ལུགས་ནི་དབང་སྒྱུར་བའི་ལག་ཆ་རེད། ཁོང་ཚོས་ལག་ཆ་དེ་གང་དུ་བཀོལ་བཀོལ་རེད། དེར་བརྟེན་ང་དང་ང་ལྟ་བུའི་མི་ཚོའི་སེམས་ནང་། ཁྲིམས་ལུགས་ནི་རང་ཉིད་ལ་མནར་གཅོད་གཏོང་བྱེད་ཅིག་ལས། རང་ཉིད་ལ་སྲུང་སྐྱོབས་བྱེད་ཆས་ཤིག་ལ་གཏན་ནས་མཐོང་གི་མེད།
རྒྱ་གར་ནང་། ཁྲིམས་ལུགས་ལ་ནུས་པ་མེད་པ་མིན་རུང་། ལྐོག་ཟ་རུལ་སུངས་ཤུགས་ཆེ་བས། སུ་ལ་རྒྱུ་དང་དབང་ཡོད་ན། དེ་ལ་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་འགྲོ་བའི་སྐབས་མང་བ་དང་། ཁྲིམས་བཤེར་གྱི་འགྲོ་ལུགས་རྙོག་ཟིང་ཆེ་ལ་བརྒྱུད་རིམ་རིང་བས། རྒྱུ་མེད་དབང་མེད་སུ་ཞིག་ཁྲིམས་སར་སླེབས་ན་“རླུང་རྟ་”ཆག་པ་རང་ཡིན་པས། ཡུལ་དེ་ནས་ཁྲིམས་ལ་དོ་སྣང་བྱས་ཏེ་རང་ཉིད་སྲུང་སྐྱོབས་ཐུབ་པའི་རེ་བའང་དེ་ཙམ་མ་ཚོར་བ་འདྲ།
ནུབ་ཕྱོགས་རང་དབང་དང་དམངས་གཙོའི་ཡུལ་ལུང་ཁག་ཏུ། ཁྲིམས་དང་སྒྲིག་གཞི་ནི་ཉིན་རེའི་ལས་ཀ་དང་འཚོ་བར་འབྲེལ་ཡོད་པ་དཔེར་ན། སྣུམ་འཁོར་གཅིག་ཁ་སྒྱུར་ནའང་འདྲ། རོགས་དངུལ་ཞིག་ཞུ་ལེན་བྱས་ནའང་འདྲ། ཁང་པ་གཅིག་ལ་བཟོ་བཅོས་བྱས་ནའང་འདྲ། གང་ལྟར་ལས་ཀ་ཆེ་ཆུང་ག་རེ་བྱས་ནའང་། བོད་དང་རྒྱ་གར་ལྟར། གཡས་གཅུ་གཡོན་གཅུ་གང་བྱས་ནའང་འགྲིག་པ་ལྟ་བུ་དེ་འདྲ་མ་ཡིན་པས། ཚང་མ་ཁྲིམས་ལ་བསྟུན་ཏེ་བྱེད་དགོས། གལ་ཏེ་རང་གི་ལས་ཀ་ཁྲིམས་ལུགས་དང་འགལ་ཚེ་འགན་འཁྲི་ཁུར་དགོས་ལ། ཁྲིམས་ལུགས་དང་འགལ་མེད་ཚེ་སུ་ལའང་ཞེད་དགོས་དོན་མེད། དེའི་དབང་གིས་ལས་ཀ་གང་ཞིག་བྱས་ཀྱང་། ལས་ཀ་དེ་དང་འབྲེལ་བའི་གཞི་རྩའི་ཁྲིམས་ལུགས་ལ་དོ་སྣང་མ་བྱས་རང་བྱས་རེད་ལ། ཡུལ་ལུང་འདི་ཚོའི་ནང་ཁྲིམས་ལུགས་ནི་དོན་དམ་དུ་རང་ཉིད་སྲུང་སྐྱོབས་བྱེད་ཆས་ཤིག་ཆགས་འདུག ། །།

No comments:

Post a Comment