2016-03-22

ཁང་ཆུང་ནག་པོ།

གསུམ་བཅུའི་དུས་ཚིགས་ཟེར་བའི་རི་གཤམ་དེར།།
རོ་ཐལ་རུས་ཐལ་སིམ་པའི་ལྡུམ་ར་དེར།།
མཆི་མའི་ཆུ་མིག་བཞུར་སའི་གཡས་དེ་གར།།
ང་དང་ཁྱེད་ཀྱི་ཁང་ཆུང་ནག་པོ་མཆིས།།

ཡར་ལ་མ་ཕེབས་བཞུགས་ཁྲིར་ཧབ་ཐོབ་རེད།།
བར་དུ་མ་སྡོད་བཞུགས་གྲལ་འཐེན་འཁྱེར་རེད།།
ཕ་ལ་མ་གཟིགས་ཕུ་ནུ་ནང་རྩོད་རེད།།
རང་མགོར་ལྟོས་དང་རང་གི་རེད་འདུག་གམ།།

རང་བཙན་གླུ་ཆེན་སྒྲོག་པའི་ཕོ་རྒོད་ཚོ།།
གང་གི་ཆེད་དུ་སུ་ལ་རྒོལ་བཞིན་འདུག །
ཨ་ཕ་རྒད་པོར་རྒྱབ་འགལ་བྱེད་དགའ་བའི།།
བུ་ཕྲུག་ངན་པའི་ཧེབ་དེ་འདུག་མི་འདུག །


རང་སྐྱོང་ཞབས་བྲོ་འཁྲབ་མཁན་སྨན་ཆུང་ཚོ།།
ཁ་འཛུམ་ངོ་ནག་སྟོན་ས་སུ་དང་སུ།།
མ་རྒན་ཕྱི་ལ་ཕུད་པའི་ཚོང་ཉེས་ལ།།
ཧམ་ཆེན་ནང་ལ་བསུ་བའི་ཉེན་ཨེ་འདུག །

སྒོ་ཕྱིར་མེ་ཆེན་འབར་དེ་ཤིང་མ་རེད།།
ཤ་རུས་རྣམ་ཤེས་འཚིག་པའི་སྣང་བ་རེད།།
རི་རྒྱབ་རླུང་གིས་བསྣམས་པའི་འབོད་སྒྲ་དེ།།
ཁང་ཆུང་ནག་པོ་འདི་ཡིས་གསན་འདུག་གམ།།

ཇ་ཁ་ཆང་ཁ་ཁང་ཆུང་ནང་ན་མང་།།
མི་ཁ་སྙིང་ཁ་ཅོག་ཙེ་རེ་རེས་བཅད།།
སྐྱོན་མེད་སྐྱོན་འདོགས་ཧབ་ཆ་དི་རི་རི།།
ཞིབ་ཏུ་བལྟས་ན་ཡི་ཆད་སྐྱེ་རོགས་རེད།།

བཞུགས་གྲལ་དཀྱིལ་དེར་ལམ་ཆུང་གཉིས་ཤིག་ཕྱེ།།
ཁྱོད་ཤི་ང་གསོན་གཡུལ་གཅིག་དེ་ན་འགྱེད།།
བདེན་རྫུན་དབྱེ་ཐག་ཆོད་པའི་དུས་མེད་པས།།
ནམ་རིང་སྒྲུང་གིས་སྐྱེལ་དགོས་ཚང་མས་ཟེར།།

ར་གན་གསེར་ལ་བརྫུས་པ་ཡར་ཡར་འགྲོ།།
ཁྱི་ལ་སེང་གེར་བཏགས་པ་ཡར་ཡར་འགྲོ།།
ཁང་ཆུང་ནག་པོ་རིམ་པས་ནག་ཏུ་སོང་།།
མཐའ་མ་མུན་པ་དེ་དང་མཉམ་ཉེན་ཡོད།།

ཅེས་པ་འདི་ཡང་ ༢༠༡༦ ལོའི་རྒྱལ་སྤྱིའི་སྙན་ངག་གི་ཉིན་མོར་ཤར་མར་བྲིས་པའོ།། །།

No comments:

Post a Comment