2009-07-17

བོད་ཀྱི་ནང་ཆོས་སྐོར་གསལ་འགྲེལ།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཛད། 
༼འདིར་ཞུ་དག་ཐེངས་གཅིག་ལས་སོང་མེད་པས་ནོར་བ་ཡོད་སྲིད།༽
༅༅།། སངས་རྒྱས་ཀྱིས་གསུང་རབ་ཚང་མ་བསྡུས་ན་སྡེ་སྣོད་གསུམ་དུ་བསྡུ་བ་ཡིན། ཇི་ལྟར་བསྡུ་འམ་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་གསུམ་བསྟན་ཅིང༌། སྡེ་སྣོད་རེ་རེས་བསླབ་པ་གསུམ་པོ་གང་རུང་རེ་བརྗོད་བྱ་གཙོ་བོར་བྱེད་པས་ན་བསླབ་པ་གསུམ་སྡེ་སྣོད་གསུམ་དུ་བསྡུ་བ་ཡིན། བསླབ་པ་གསུམ་གང་དང་གང་ཡིན་ནམ་ཟེར་ན། སྤྱོད་པའི་སྐོར་སྟོན་པའི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། སྒོམ་རྒྱག་ཚུལ་སྟོན་པའི་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ། དེ་ཡང་ཆོས་ཉམས་ལེན་ནི་ལུས་ངག་ཡིད་གསུམ་ཀས་བྱེད་དགོས་ཀྱང༌། དེའི་ནང་ནས་ཀྱང་གཙོ་བོ་ཡིད་ཀྱིས་བྱེད་དགོས། དེ་ལྟར་བྱེད་པར་སེམས་དུལ་བ་དང༌། སྟོབས་དང་ལྡན་པ། རྩེ་གཅིག་པ་བཅས་དགོས། དེར་བརྟེན་སེམས་ལས་སུ་རུང་བར་སྒྲུབ་དགོས་པས་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ་བསྟན། ཤེས་རབ་ཀྱི་བསླབ་པ་དགོས་དོན་ནི། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་ལྟར། སྡུག་བསྔལ་སྤོང་བའི་ཆེད་དུ་ལེགས་ཉེས་སྤངས་བླངས་སོགས་རྣམ་པར་འབྱེད་པའི་བློ་མཁོ་བས། ཤེས་རབ་དགོས་ཚུལ་དེ་ཡིན། གོང་གི་བསླབ་པ་གསུམ་འདི་བརྗོད་བྱ་གཙོ་བོར་བྱེད་པའི་སྡེ་སྣོད་ནི། འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་བཅས་ཡིན། ཚུལ་ཁྲིམས་ཀྱི་བསླབ་པ་ནི་ལྟ་སྒོམ་སྤྱོད་གསུམ་ལས་སྤྱོད་པ་དང་འབྲེལ་ཞིང༌། ཏིང་ངེ་འཛིན་གྱི་བསླབ་པ་ནི་སྒོམ་དང་འབྲེལ། ཤེས་རབ་ཀྱི་བསླབ་པ་ནི་ལྟ་བ་དང་འབྲེལ་བ་ཡིན། སྡེ་སྣོད་གསུམ་ལས་བསྟན་པའི་ལྟ་སྒོམ་སྤྱོད་གསུམ་ནི་མཐའ་གཉིས་སུ་མ་ལྷུང་བ་ཡིན། དེ་ཡང་འདུལ་བའི་སྡེ་སྣོད་ཀྱིས་གྲྭ་བཙུན་དང་མི་སྐྱའི་སྤྱོད་ཚུལ་སྟོན་ཅིང༌། ཚུལ་ཁྲིམས་ཀྱི་ནང་དུ་ཟས་གོས་གནས་མལ་སོགས་ཤིན་ཏུ་རྒྱས་པའི་མཐའ་དང༌། དེ་བཞིན་ངལ་ཞིང་དུབ་པའི་མཐའ་སྟེ། ཟས་སྐོམ་བཀྲེན་པོར་བསྟེན་པ་དང༌། གོས་ཤིན་ཏུ་ཧྲལ་ཧྲུལ་གྱོན་པ་སོགས་བདག་ཉིད་ངལ་ཞིང་དུབ་པར་བྱེད་པའི་མཐའ་ཡང་སྤངས་ཏེ། ཇི་ལྟར་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། (དེ་ལྟར་གནས་སྐབས་ཐམས་ཅད་དུ། །དགོས་པ་ཤེས་ནས་སྤྱད་པར་བྱ། །)ཞེས་གསུངས་པ་ལྟར་མཐའ་དེ་གཉིས་གང་དུའང་མ་ལྷུང་པའི་སྤྱོད་ལམ་ཚུལ་མཐུན་བསྟེན་དགོས་པར་གསུངས། གོང་གི་བསྟན་དོན་ཉམས་སུ་ལེན་སྐབས། དགག་དགོས་ཀྱི་གནད་འགག་ལ་བསམ་བློ་གཏོང་དགོས། དཔེར་ན། གྲྭ་བཙུན་ཚོས་ཉིན་དགུང་ཆུ་ཚོད་གཉིས་པའི་རྗེས་ཁ་ཟས་ཟོས་ཆོག་གི་མེད། འོན་ཀྱང་སྐྱེ་བོ་དེ་ནད་པ་ཡིན་པ་དང༌། ཕྱི་དྲོའི་ཁ་ཟས་མ་ཟོས་ཚེ་ནད་གཞིར་གནོད་ཀྱི་ཡོད་ན་དམིགས་བསལ་ཡོད།

དེ་བཞིན་སྤྱིར་བཏང་རྫུན་བཤད་ཆོག་གི་མེད་ཀྱང༌། རྫུན་མི་སྨྲ་བར་ཁས་བླངས་པའི་མི་ཞིག་ཤིང་ནགས་ནང་ཡོད་སྐབས། རི་དྭགས་ཤིག་ཕྱོགས་ངེས་ཅན་ཞིག་ལ་བྲོས་པ་མཐོང་ཞིང༌། དེ་ནས་རྔོན་པ་ཡོང་སྟེ་མི་དེར་རི་དྭགས་གང་དུ་ཕྱིན་མིན་འདྲི་སྐབས། མ་གཞི་རྫུན་བཤད་ཆོག་གི་མེད་ནའང་སྐབས་འདིར་སེམས་ཅན་དེའི་སྲོག་སྐྱོབ་པའི་ཆེད་དུ་ཡིན་པར་བརྟེན། རྫུན་སྤངས་པའི་གང་ཟག་ཅིག་ཡིན་རུང་(ངས་དངོས་གནས་གང་ཡང་མཐོང་མ་བྱུང་)ཞེས་བཤད་ཆོག །དཔེ་འདིས་མཚོན་ཏེ་བྱ་བ་གང་བྱས་ཀྱང་དགག་དགོས་ཀྱི་གནད་འགག་ཤེས་པའི་ཐོག་ནས་དགོས་ཕན་གང་ཆེ་བ་དེ་བྱེད་དགོས་པ་ཡིན། དེ་ནས་སྒོམ་གྱི་སྐོར་བཤད་ན། དཔེར་ན་སྒོམ་རྒྱག་སྐབས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་མི་གནས་པར་འཕྲོ་བའམ་རྒོད་པའི་དབང་དུ་ཤོར་བ་ནི་མཐའ་གཅིག་དང༌། འཕྲོ་བ་དང་རྒོད་པ་ཞི་བར་བྱེད་པའི་དམིགས་ཡུལ་ནི། སེམས་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏོད་ཐུབ་པའི་ཆེད་དུ་ཡིན་ཞིང༌། འོན་ཀྱང་འཕྲོ་བ་དང་རྒོད་པ་ཞི་ཡང་བྱིང་བ་སྐྱེས་ཚེ། དེ་ཡང་མཐའ་གཅིག་ཏུ་ལྷུང་བ་ཡིན་པས། དེས་ཀྱང་འཇིག་རྟེན་འཁོར་བའི་གནས་སུ་ཡང་བསྐྱར་འཁོར་བའི་རྐྱེན་བྱེད་པ་ཡིན། དེར་བརྟེན་རགས་བསྡུས་ཀྱིས་བཤད་ན། དེ་ནི་སྒོམ་བརྒྱབ་པ་བརྒྱུད་མཐའ་གཉིས་སྤོངས་ཚུལ་དེ་ཡིན། ལྟ་བའི་སྐོར་བདེན་པ་གཉིས་དང་སྦྲགས་ཏེ་འགྲེལ་བཤད་དགོས་པ་ཡིན། སྐབས་རེ་འདི་ལ་སྣང་བ་དང་སྟོང་པ་ཟེར་བ་རེད། ནང་པ་ཡིན་རུང་མིན་རུང་ཆོས་ལུགས་ཚང་མས་རང་གི་ལྟ་བ་དེ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཐོག་ནས་འགྲེལ་བཤད་བྱེད་ཁུལ་བྱེད་ཀྱི་ཡོད། ནང་པའི་ནང་དུའང་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་ཚང་མས་རང་རང་གི་ལྟ་བ་དེ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བར་འདོད། དཔེར་ན་ནང་པ་ནང་ཁུལ་དུ། སྡེ་པ་རང་རང་གི་ལྟ་ཚུལ་ལྟར་བྱས་ན། རང་ཉིད་ཀྱི་གྲུབ་མཐའ་དེ་མཐའ་གཉིས་དང་བྲལ་བར་འདོད་ཀྱང༌། རྒྱུ་མཚན་གྱི་སྒོ་ནས་བརྟག་ཅིང་དཔྱོད་སྐབས། གྲུབ་མཐའ་གོང་མ་གོང་མ་ཚོས་འོག་མ་འོག་མ་ཚོ་རྟག་མཐའམ་ཆད་མཐའ་གང་རུང་ལ་ལྷུང་ཡོད་པ་སྟོན་གྱི་ཡོད། འོ་ན་གཉིས་ཀ་སངས་རྒྱས་ཀྱི་བཀའ་གཞི་རྩར་བཞག་པ་ཞིག་ཡིན་ན། གྲུབ་མཐའ་གོང་མས་འོག་མའི་ལྟ་བ་ནོར་བ་ཇི་ལྟར་ཁུངས་སྐྱེལ་ཐུབ་བམ་ཟེར་ན། སངས་རྒྱས་ཀྱིས་རྟོན་པ་བཞི་གསུངས་ཡོད། དེ་ཡང༌། གང་ཟག་ལ་མ་རྟོན་ཆོས་ལ་རྟོན། །ཞེས་ཆོས་སྟོན་པ་པོ་རྒྱུ་མཚན་དུ་བྱས་ཏེ་དེའི་ཆོས་ཡག་པོ་ཡིན་པར་བརྩི་མི་རུང་བར། གང་ཟག་དེ་ཡིད་རྟོན་རུང་བ་ཞིག་ཡིན་མིན་དེ། དེས་བཤད་པའི་ཆོས་དེ་ཡིད་རྟོན་རུང་མིན་གྱི་ཐོག་ནས་བརྟག་དཔྱད་དང་ཁུངས་སྐྱེལ་བྱེད་དགོས་ཀྱི་ཡོད། ཆོས་དེ་ཡང་ཚིག་སྙན་མིན་སོགས་ལའང་བལྟ་རྒྱུ་མེད་པར་དོན་ལ་རྟོན་དགོས། དོན་དེ་ཡང་དྲང་དོན་ལ་བལྟ་རྒྱུ་མེད་པར་ངེས་དོན་ལ་བལྟ་དགོས། ངེས་དོན་དེ་ཡང་གཉིས་སྣང་གི་སྤྲོས་པ་དང་བཅས་པའི་རྣམ་ཤེས་ལ་གཙོ་བོར་འཛིན་མི་འོས་པར། གཉིས་སྣང་གི་སྤྲོས་པ་དང་གཏན་དུ་བྲལ་བའི་ཡིད་ཤེས་ལ་རྟོན་ཞེས་གསུངས་ཡོད། དེར་བརྟེན་སྟོན་པ་སངས་རྒྱས་ཉིད་ཀྱི་ཞལ་ནས། (དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །)ཞེས་སངས་རྒྱས་ཀྱི་ཞལ་ནས་གང་གི་གསུང་ལ་དྲང་ངེས་ཀྱི་ཁྱད་པར་འབྱེད་དགོས་པར་གསུངས་ཤིང༌། དེ་ཡང་དྲང་དོན་དང་ངེས་དོན་གང་ཡིན་རྒྱུ་མཚན་གྱི་རིགས་པར་བརྟེན་ནས་དཔྱོད་དགོས། དེར་བརྟེན་ནང་པའི་གྲུབ་མཐའ་ནང་ཁུལ་དུའང༌། དྲི་མ་དང་བྲལ་བའི་རིགས་པའི་སྒོ་ནས་བརྟག་ཅིང་དཔྱད་ན། གྲུབ་མཐའ་འོག་མ་གཉིས་མཐའ་གཉིས་ལ་ལྷུང་ཡོད་པ་སྟོན་གྱི་ཡོད། འོ་ན་དབུ་མ་པ་མཐའ་གཉིས་དང་ཇི་ལྟར་བྲལ་ལམ་ཟེར་ན། དབུ་མ་པས་དངོས་པོ་རྣམས་རང་ངོས་ནས་རང་སྐྱ་ཐུབ་པར་མ་འགྲུབ་པར་བལྟ་བས་རྟག་པའི་མཐའ་དང་བྲལ་ཞིང༌། རང་ངོས་ནས་རྡུལ་ཙམ་ཡང་མ་འགྲུབ་ཀྱང་ཐ་སྙད་དུ་བྱ་བྱེད་འཐད་པ་མི་འགལ་བར་འདོད་པས་མེད་མཐའམ་ཆད་པའི་མཐའ་དང་བྲལ་བ་ཡིན། འདི་ནི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་བློ་ངོ་མ་ཞིག་ཡིན་ལ། དངོས་པོའི་གནས་ལུགས་ལོག་པར་རྟོག་པའི་བློ་ཀུན་གྱི་གཉེན་པོ་ཡང་ཡིན། དེ་འདྲའི་མ་རིག་པའི་བློ་དེ་སྤངས་པ་ན། མ་རིག་པའི་བློ་དེ་ལས་སྐྱེས་པའི་འདོད་ཆགས་ཞེ་སྡང་སོགས་ཀྱང་སྤོང་ནུས་པ་ཡིན། དེ་སྤོང་ནུས་ན། མི་དགེ་བའི་ལས་ཀྱི་མཚམས་ཆད་པར་བརྟེན། དེ་ལ་བརྟེན་ནས་སྐྱེ་བ་འགོག་ཐུབ་ཅིང༌། སྐྱེ་བ་བཀག་པ་ལས་སྡུག་བསྔལ་འགོག་ཐུབ་པ་ཡིན། དེ་འདྲའི་ཤེས་རབ་ཀྱི་བསླབ་པ་ནི་སེམས་ཁོ་ནས་མ་གཏོགས་སྒྲུབ་མི་ཐུབ་པས། སེམས་ལས་སུ་རུང་བར་བསྒྱུར་རྒྱུ་གནད་ཆེ། དེར་བརྟེན་ངོས་ནས་ཏིང་ངེ་འཛིན་གྱི་བསླབ་པ་ལ་འཇུག་རྒྱུ་དེ་ཤེས་རབ་ཀྱི་བསླབ་པ་ལ་འཇུག་པའི་གལ་ཆེའི་སྔོན་འགྲོ་ལྟ་བུར་མཐོང་གི་ཡོད། སྟོང་ཉིད་རྟོགས་པ་ལ་ཐོས་པ་དང་བསམ་པ་ཙམ་གྱིས་མི་ཡོང་བར་དང་པོ་ཏིང་ངེ་འཛིན་གྱི་བསླབ་པར་བསླབ་དགོས་གསུངས་པས། དེའི་དོན་ནི་སྒོམ་སྒྲུབ་བྱས་ཏེ་སྟོང་ཉིད་རྟོགས་པ་ལ་ཏིང་ངེ་འཛིན་གྱི་བསླབ་པར་འཇུག་དགོས་གལ་སྐོར་རེད། ནང་གི་སེམས་རྒྱུད་འདུལ་བ་ལ། ཐོག་མར་ཚུལ་ཁྲིམས་ལ་བརྟེན་ནས་ལུས་དང་ངག་དུལ་དགོས་པར་བརྟེན། ཚུལ་ཁྲིམས་ཀྱི་བསླབ་པ་ཐོག་མར་གསུངས། འོན་ཀྱང་དེ་དག་ཉམས་སུ་ལེན་ཚུལ་གྱི་རིམ་པ་མང་པོ་ཞིག་གསུངས་ཡོད། འདི་དག་ནི་བསླབ་པ་གསུམ་དང་འབྲེལ་ཏེ་མཐའ་གཉིས་སྤོངས་ཚུལ་སྐོར་གྱི་འགྲེལ་བཤད་ཡིན། ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་པ་གསར་པ་ཚོས་ཀྱང་མཐའ་གཉིས་སྤོངས་དགོས། འདིའི་མཐའ་གཅིག་ནི་མི་དམངས་བྱིངས་ཀྱི་མི་ཚེ་སྐྱེལ་སྟངས་སམ་སྤྱི་ཚོགས་དང་རྦད་དེ་ཁ་བྲལ་ཏེ་སྡོད་པ་དེ་ཡིན། དེ་ཡང་གོང་དང་འདྲ་བར་སྤྱི་ཚོགས་ནང་བསྡད་དེ་མི་བྱིངས་དང་མཐུན་པའི་མི་ཚེ་བསྐྱལ་ན་ཡག་པ་ཡོད་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། མཐའ་གཞན་དེ་ནི་འཇིག་རྟེན་གྱི་འཚོ་བའི་ནང་རྦད་དེ་ཐིམ་དྲགས་ཏེ། དངུལ་གསོག་སྲུང་དང་འཕྲུལ་ཆས་ཀྱི་ཆ་ཤས་ལྟ་བུ་ཞིག་ཏུ་གྱུར་བ་དེ་ཡིན། དེར་བརྟེན་ཁྱེད་ཚོས་མཐའ་འདི་གཉིས་སྤོངས་དགོས། ཁྱེད་ཚོས་སེམས་བཟང་པོ་དང་ཆོས་བྱེད་དགོས། དེ་དང་མཉམ་དུ་རྒྱུན་དུ་བཟོད་སྲན་ཁོག་ཡངས་དང༌། བྱམས་བརྩེ་ཉམས་ལེན་བྱེད་དུས། མི་ཁ་ཤས་ཀྱིས་ཁྱེད་ཀྱི་ས་ནས་ཁེ་ཕན་ལེན་རྒྱུ་གཙོ་འདོན་བྱེད་ངེས་རེད། དེ་འདྲའི་སྐབས་སུ་རང་གི་ནང་གི་བཟོད་སྲན་དང་བྱམས་བརྩེ་མ་ཉམས་པའི་ཐོག་ནས། ཁེ་ཕན་ལེན་རྒྱུ་གཙོ་འདོན་བྱེད་མཁན་དེ་ཚོར་བཀག་འགོག་བྱེད་དགོས། འདི་ནི་ལག་ཏུ་ལེན་སྟངས་ཤིག་དང༌། ཁེ་ཕན་ལེན་མཁན་ཚོར་ཡང་མཐའ་གཉིས་སུ་མ་ལྷུང་བ་བྱེད་པ་སོགས་གང་ལྟར་དུས་རྒྱུན་དུ་མཐའ་གཉིས་ལ་མ་ལྷུང་བ་བྱེད་དགོས། དཔེར་ན་ཧ་ཅང་བཀྲེས་ལྟོགས་ཀྱིས་མནར་བ་དང་ཚོད་མེད་བཟའ་བ་སོགས་ལའང་དེ་བཞིན་རེད། དེར་བརྟེན་ངོས་ཀྱི་ཆོས་ངོ་མ་ནི་བྱམས་བརྩེ་ཡིན། རང་ཉིད་གསོན་པོར་གནས་རིང་བྱམས་བརྩེ་ཉམས་སུ་བླངས་ན། སློབ་སྦྱོང་ཡོད་རུང་མེད་རུང་དང༌། སྐྱེ་བ་ཕྱི་མར་ཡིད་ཆེས་ཡོད་རུང་མེད་རུང༌། དཀོན་མཆོག་གམ་སངས་རྒྱས་དང༌། ཡང་ན་དེ་མིན་གྱི་ཆོས་ལུགས་ལ་དད་པ་ཡོད་རུང་མེད་རུང༌། ཉིན་རེ་ཉིན་རེའི་འཚོ་བ་ནང་ཁྱེད་རང་མི་བཟང་པོ་ཞིག་ཆགས་ངེས་རེད། ཀུན་སློང་འདི་འདྲ་ཞིག་འཁྱེར་ན། ཁྱེད་རང་ཆོས་པའམ། ཁྲིམས་རྩོད་པ། སྲིད་དོན་པ། འཛིན་སྐྱོང་པ། ལས་བཟོ་བ། འཕྲུལ་ལས་པ་སོགས་ག་རེ་ཡིན་རུང་ཁྱད་པར་མེད། ཁྱེད་རང་གི་ལས་ཀ་ག་རེ་ཡིན་རུང་མིན་རུང༌། རྩ་བའི་མི་བཟང་པོ་ཞིག་བྱུང་ན། འདི་ནི་ང་ཚོའི་ཉིན་རེ་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཆེན་པོ་ཞིག་རེད།། ༼འདི་སྣང་གསལ་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༨༡ ལོར་བཏོན་པའི་ཏཱ་ལའི་བླ་མ་མཆོག་གིས་བྱང་ཨ་རིར་ལོ་རྒྱུས་རང་བཞིན་གྱི་གཟིགས་བསྐོར་གནང་བ་ཞེས་པའི་དེབ་ལས་ཕྲན་ཆུང་ཚེ་རིང་པས་བསྒྱུར་ཏེ་འདིར་བཀོད་པའོ།།༽

No comments:

Post a Comment