2009-07-17

བོད་མི་རྣམས་འཇིགས་སྐུལ་རིང་ལུགས་པ་རེད་དམ།

(སྒྱུར་རྩོམ་འདི་བོད་ཀྱི་བང་ཆེན་གསར་ཤོག་ཐོག་བཀོད་ཟིནཅིང་བོད་འགྱུར་འདི་རྒྱ་ཡིག་ཏུ་བསྒྱུར་བ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་དྲྭ་རྒྱའི་ཐོག་བཀོད་ཡོད།) བྷ་སེ་ཀར་ རོའེ་(Bhaskar Roy)ཡིས་བརྩམས། ཆུང་ཚེ་རིང་གིས་བསྒྱུར། བྷ་སེ་ཀར་ རོའེ་ནི་ནི་རྒྱལ་སྤྱི་དང་རྒྱལ་ནང་དུ་ལོ་རབས་ཁ་ཤས་ཀྱི་ཉམས་མྱོང་ཡོད་པའི་རྒྱ་གར་གཞུང་གི་གཞུང་ཞབས་རྒན་གྲས་ཤིག་ཡིན་པར་མ་ཟད་རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱ་གར་གྱི་ཐབས་བྱུས་གནད་དོན་གྱི་ཁྱད་མཁས་མི་སྣ་ཞིག་རེད། ཁོང་ཉེ་དུས་གཞུང་ཞབས་ནས་བགྲེས་ཡོལ་ཞུས་ཤིང་རྩོམ་ཡིག་འདིའི་ནང་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་དུས་རབས་ཉི་ཤུ་པའི་རྒྱ་ནག་གི་སྲིད་བྱུས་ལ་བསྐྱར་དུ་བསམ་གཞིགས་བྱ་དགོས་པའི་བསླབ་བྱ་གནང་ཡོད། བསྒྱུར་ཡིག་འདི་sify.com/news/fullstory.php?id=14676986 དུ་སྤེལ་བའི་མ་དཔེ་གཞི་བཟུང་བསྒྱུར་བས་མ་མཐུན་པ་བྱུང་ཚེ་མ་དཔེ་དབྱིན་ཡིག་ལ་རྩ་འཛིན་བྱ་དགོས། རྩོམ་ཡིག་ཆ་ཚང་གཤམ་གསལ།ད་ལྟ་ནི་གསུང་རྩོམ་དེབ་ཆུང་དམར་པོ་ནས་ཚིག་དུམ་གཅིག་དྲངས་ཏེ་མི་གཞན་སྟོང་ཚོ་མང་པོའི་བསམ་ཚུལ་དང་མགོ་སྙོམ་དུ་བརྩི་བའི་ཀྲུའུ་ཞི་མའོ་ཙེ་ཏུང་གི་དུས་རབས་མ་ཡིན་པར།

འདི་ནི་དུས་རབས་ཉེར་གཅིག་པ་སྟེ་ང་ཚོ་གོ་ལ་གཅིག་གྱུར་དང་ནང་ཁུལ་ལྟོས་འབྲེལ། འཇིགས་སྐུལ་རིང་ལུགས་པས་འཛམ་གླིང་ལ་འཇིགས་སྐུལ་བྱེད་བཞིན་པ་བཅས་ཀྱི་དུས་རབས་སུ་ཞུགས་ཟིན་པ་རེད། གནས་བབས་དེ་འདྲའི་འོག་སྐྱེ་བོ་སྒེར་རམ་ཚོགས་སྡེ་དང་ས་ཁུལ་བྱེ་བྲག་པར་"འཇིགས་སྐུལ་རིང་ལུགས་"ཞེས་འགན་ཁུར་མེད་པའི་སྙོན་འཛུགས་བྱེད་པ་ནི་ཧ་ཅང་ཉེན་ཁ་ཆེན་པོ་རེད། རྒྱ་ནག་གུང་ཁྲན་ཏང་གི་གཞུང་འབྲེལ་གསར་ཤོག་མི་དམངས་ཉིན་རེའི་ཚགས་པར་(༢༠༠༨ ཟླ་ ༥ ཚེས་ ༥)ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་དྷེ་ར་ཌོན་ས་གནས་སུ་ཨལ་ཁལ་ཌ་(al-कैदा)འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པའི་རོགས་རམ་འོག་འཇིགས་སྐུལ་རིང་ལུགས་པའི་སྦྱོང་བརྡར་གྱི་སྒར་གཉེར་བཞིན་ཡོད་ལུགས་བཤད་པ་དེ་གནད་འགག་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་རྩོམ་ཡིག་གཉིས་ལས་གཅིག་གི་ནང་"དེའི་ཐོག་ཁོང་ཚོས་འཇིགས་སྐུལ་རིང་ལུགས་པའི་བྱ་འགུལ་གྱི་སྦྱོང་བརྡར་རྟེན་གཞི་ཁག་འཛུགས་ཀྱི་ཡོད་པ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་དྷ་རམ་ས་ལར་དམག་སྦྱོང་གི་གཞི་རྟེན་བཙུགས་པ་དང་དྲག་པོའི་གནོད་སྐྱོན་གཏོང་ཆེད་'བོད་རང་དབང་གི་འཐབ་མོ་བའི་མཐུན་ཚོགས་'ཞེས་པ་ཞིག་བཙུགས་ཡོད་"ཅེས་འཁོད་འདུག རྩོམ་ཡིག་དེའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཏ་མིལ་སྟག་རྒོད་འཇིགས་སྐུལ་ཚོགས་པ་(Tamil Tigers (LTTE)དང་རྒྱ་ནག་གི་ནུབ་བྱང་ཤིན་ཅང་གི་ཤར་ཏུར་ཀི་སི་ཏན་ཁ་བྲལ་རིང་ལུགས་མཉམ་སྦྲེལ་བྱས་ཏེ་"ཕན་ཚུན་གཞོགས་འདེགས་"ཀྱི་རྒྱབ་སྐྱོར་བྱེད་ལུགས་ཀྱང་བཀོད་ཡོད། མི་དམངས་ཉིན་རེའི་ཚགས་པར་གྱི་རྩོམ་ཡིག་གཞན་དེའི་ནང་བོད་རིག་པའི་ཞིབ་འཇུག་པ་ལིའུ་ཧུང་ཅི་ཞེས་པའི་སྐད་ཆ་ལུང་འདྲེན་བྱས་པའི་ནང་དུའང་གོང་བཞིན་བོད་རང་བཙན་དོན་གཉེར་བྱེད་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཨལ་ཁལ་ཌ་(al-कैदा)དང་ཤར་ཏུར་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ལྟ་བུའི་རྒྱལ་སྤྱིའི་འཇིགས་སྐུལ་ཚོགས་པ་དང་ཕན་ཚུན་གཞོགས་འདེགས་བྱ་རྒྱུའི་རྒྱབ་སྐྱོར་བཙལ་ཏེ་"རང་གི་དྲག་པོའི་དམག་དཔུང་དང་རྗེས་སྣོན་དཔུང་སྡེར་སྦྱོང་བརྡར་ཧུར་སྤྲོད་བྱེད་བཞིན་ཡོད་ལུགས་"བརྗོད་འདུག ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་བོད་རང་བཙན་མངོན་འགྱུར་བྱ་ཆེད་ཞི་བ་དང་དྲག་སྤྱོད་རིང་ལུགས་ཀྱི་གདོང་པ་གཉིས་ཡོད་ཚུལ་བཤད་དེ། ཁོང་གི་གཟུགས་བརྙན་ལ་གནོད་སྐྱོན་བཟོ་བ་དང་འབྲེལ་ཁོང་གི་གྲོས་མོལ་གྱི་གནས་བབས་ཉམས་དམས་སུ་གཏོང་བཞིན་ཡོད། འོན་ཀྱང་འཛམ་གླིང་སྤྱིས་རྒྱ་ནག་གཞུང་གི་བྱེད་སྟངས་འདི་རྫུན་གཏམ་གྱི་དྲིལ་བསྒྲགས་ཡིན་པར་བརྩིས་ཏེ་བྲོ་བ་སྡུག་ཤོས་ཀྱི་ཟས་ལྟར་དོར་བ་ནི་བརྗོད་མི་དགོས་པ་ཞིག་རེད། ཕྱོགས་གཞན་ནས་རྒྱ་ནག་གཞུང་གི་སྲིད་བྱུས་འདིང་མཁན་ཚོས། སོ་སོས་སོ་སོར་མ་འོངས་པའི་ནང་ཁུལ་གྱི་རྙོག་གྲ་ཞིག་བཟོ་བཞིན་ཡོད་པ་གསལ་པོ་རེད། དེ་ཡང་རྒྱ་རིགས་དཀྱུས་མ་ཚོར་གནད་དོན་འདི་འབྲེལ་གྱི་ཕྱི་རྒྱལ་གསར་ལམ་ཁག་ལ་བལྟ་ཀློག་གི་གོ་སྐབས་ཉུང་ངུ་ལས་མེད་པར་བརྟེན། གཞུང་འབྲེལ་དྲིལ་བསྒྲགས་ཁོ་ནར་བརྟེན་དགོས་པས། རྒྱ་གཞུང་གི་དྲིལ་བསྒྲགས་བྱེད་སྟངས་དེས་གྲངས་ཉུང་བོད་མི་རིགས་དང་གྲངས་མང་རྒྱ་མི་རིགས་དབར་འགལ་ཟླ་ཚབས་ཆེན་བཟོ་རྒྱུ་ངེས་པ་རེད། ཐ་ན་རྒྱ་ནག་ནང་ཡོད་པའི་རྒྱ་གཞུང་གི་དབང་འཛིན་པར་རྒྱབ་སྐྱོར་བྱེད་མཁན་གྱི་བོད་མི་ཚོས་ཀྱང་རྒྱ་ཧན་མི་རིགས་ཀྱི་ཁོང་ཁྲོ་དང་བློས་འགེལ་མི་བྱེད་པའི་བྱེད་སྟངས་ལ་བཟོད་སྲན་ཐུབ་ངེས་མ་རེད། ཕྱོགས་གཞན་ནས་མི་དམངས་ཉིན་རེའི་ཚགས་པར་གྱི་རྩོམ་ཡིག་དེ་གཉིས་ནང་སྦ་གསང་དེ་ཙམ་མེད་པའི་ཐོག་ནས་རྒྱ་གར་ལ་རྒོལ་རྡུང་ཚབས་ཆེན་བཏང་འདུག་པ་སྟེ། རྩོམ་ཡིག་དེ་གཉིས་ནང་ཡོངས་གྲགས་ཐོག་ངོས་འཛིན་དང་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་དྲག་སྤྱོད་པའི་ཚོགས་པས་རྒྱ་གར་གྱི་ས་ཐོག་ཏུ་རང་དགར་དྲག་སྤྱོད་རིང་ལུགས་ཀྱི་རྟེན་གཞི་གཉེར་ས་བརྟན་པོ་རག་སྟེ། ཧ་ལམ་སྣེ་ལེན་ཟབ་རྒྱས་ཐོབ་འདྲ་ཞིག་བྲིས་འདུག བཤད་སྟངས་དེས་གལ་ཆེའི་གནད་དོན་གཉིས་སྟོན་པ་སྟེ། ཀ) རྒྱ་གར་གྱིས་རང་གི་མངའ་ཁོངས་ནང་རྒྱལ་སྤྱིའི་དྲག་སྤྱོད་རིང་ལུགས་པར་སྐུལ་སློང་བྱེད་པ་དང་ ཁ) རྒྱ་གར་གྱིས་རྒྱ་ནག་ཁ་བྲལ་གཏོང་ཆེད་དྲག་སྤྱོད་རིང་ལུགས་ལ་སྦྱིན་བདག་མ་བྱས་ནའང་ངན་རོགས་བྱེད་ཀྱི་ཡོད་པ་དེ་རེད། མི་དམངས་ཉིན་རེའི་ཚགས་པར་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གསར་ཤོག་ཡིན་པས་དེའི་ཐོག་ཏང་གི་ལངས་ཕྱོགས་སྤེལ་གྱི་ཡོད་པ་ཀུན་གསལ་རེད་ལ། ཏང་ནི་སྲིད་གཞུང་ལས་ཀྱང་མཐོ་བ་ཡོད། རྒྱ་གར་ལ་རྒོལ་རྡུང་བཏང་བ་འདི་འགོད་ནོར་ཤོར་བ་དང་སྣང་མེད་ཀྱི་དབང་གིས་བྱུང་བ་ཞིག་རྩ་བ་ནས་མིན་པར་ཏང་ནང་གི་ཚད་མཐོ་ཤོས་ཀྱི་རིམ་པ་ནས་བསམ་གཞིགས་གཟབ་ནན་བྱས་ཏེ་ཆེད་མངགས་བྱས་པ་ཞིག་རེད། དེས་རྒྱ་ནག་གིས་རྒྱ་གར་ནང་ཏཱ་ལའི་བླ་མ་དང་བོད་མི་སྐྱབས་བཅོལ་བ་མུ་མཐུད་གནས་འཇུག་རྒྱུར་ཁས་ལེན་བྱེད་འདོད་མེད་པའི་བརྡ་གཏོང་གི་ཡོད། དེང་སྐབས་རྒྱ་ནག་དེ་རང་གི་ཁྲོམ་རའི་སྟོབས་ཤུགས་ཀྱི་མཐུ་ལས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་གསུམ་པ་དང་ཨེ་ཤ་ཡའི་ནང་གི་དམག་ཤུགས་ཆེ་ཤོས་ཨང་དང་པོར་གོང་འཕེལ་སོང་བར་རློམ་སེམས་ཀྱིས་མྱོས་པའི་སྐབས་ཡིན། རྒྱ་ནག་གཞུང་གི་འཐབ་བྱུས་སློབ་སྟོན་པས་བྲིས་པ་ལྟར། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་རྣམས་རང་གི་"མངའ་ཞབས་"སམ་"ཐུབ་ཚོད་བྱེད་ས་"གང་རུང་ཡིན། འདི་ནི་ཨ་རིའི་སྲིད་འཛིན་འཇོར་ཇེ་ བྷུ་ཤིས་ཕྱི་ལོ་ ༢༠༠༡ ལོར་དྲག་སྤྱོད་རིང་ལུགས་པའི་ཐོག་དམག་འདྲེན་སྐབས་"ང་ཚོ་དང་མཉམ་མཐུན་བྱེད་པའམ་ཁ་གཏད་བྱེད་པ་གང་ཡིན་རུང་"ཞེས་པའི་ཐ་ཚིག་བསྒྲགས་པ་དེ་ལས་ཧ་ཅང་གིས་འཇིགས་སྐུལ་ཆེ་བ་ཞིག་རེད། རྒྱ་མི་ཚོས་ཁུང་ཙིའི་གདམས་པ་སྟེ། སྤྱི་ཚོགས་དེ་ཁྱིམ་ཚང་ཡིན་པའི་ཆ་ནས། ཁྱིམ་ཚང་ནང་དུ་རྒན་པར་བརྩི་བཀུར་ཞུ་རྒྱུར་སྒྲིག་གཅུན་བྱེད་ཅིང༌། ནང་མི་ཚང་མས་རྒན་པར་དྲི་བ་ཁག་པོ་མ་དྲིས་པར་ཁོང་གི་བཀའ་ལ་བརྩི་ཡི་ཡོད། ཁུང་ཙིའི་ལྟ་གྲུབ་གཞི་བཟུང་བྱས་ན། ཁྱིམ་མི་རྣམས་འཛམ་གླིང་ལྟ་བུར་བལྟ་བ་ལས་དེ་ལས་ལྷག་པར་མཐོང་གི་མེད། ཁུང་ཙིའི་འདོད་ཕྱོགས་ནི་རང་ཉིད་གཙོ་བཞག་གིས་ཁྱིམ་ཚང་ལས་བརྒལ་བའི་འཛམ་གླིང་མེད་ཁུལ་བྱས་ཏེ། ཕྱི་རོལ་གྱི་ཡོད་དོ་ཅོག་གིས་ནང་གི་དབང་བསྒྱུར་དེར་གུས་བཀུར་བྱ་རྒྱུའི་རེ་སྨོན་བྱེད་ཀྱི་ཡོད། རྒྱ་ནག་རྒྱལ་ཁབ་གསར་འཛུགས་བྱས་པའི་ཐོག་མའི་དུས་ཡུན་གང་ཙམ་རིང་ལྟ་གྲུབ་བམ་སྲིད་བྱུས་འདིས་ནུས་པ་ཐོན་ཀྱང༌། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་སྟངས་ཀྱིས་དེ་རྒྱུན་གནས་མི་ཐུབ་པར་གྱུར་པར་བརྟེན། ཁུང་ཙིའི་རིང་ལུགས་ཁྱིམ་ཚང་གིས་སྒོ་དབྱེ་མ་བྱེད་ཀ་མེད་ཆགས། འོན་ཀྱང་ད་དུང་ཡང་སྙོམ་སྒྲིག་ཡག་པོ་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ཚང་མ་དང་འགལ་འདས་ཀྱིས་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་ཁྱོན་ཆེ་བཟོ་སྐྲུན་བྱེད་པ་དང་སྲིད་གཞུང་གིས་མང་ཚོགས་ལ་གཉའ་གནོན་བྱེད་པ་ཡོངས་གྲགས་ཡིན་པར་མ་ཟད། ཉེ་དུས་དྷར་ཧྥུར་(दारफुर)དང་ཛིམ་བྷབ་ཝེ་(जिम्बाब्वे)ལྟ་བུའི་བརྟན་ལྷིང་མེད་པའི་ས་གནས་སུ་ཁྲིམས་འགལ་གྱིས་གོ་མཚོན་ཚོང་སྐྱེལ་བྱས་པ་རྣམས་རྒྱལ་སྤྱིས་པར་ལེན་ཡག་པོ་བྱས་ཡོད་ཀྱང༌། ཁོང་ཚོས་དངོས་དོན་ཤེས་བཞིན་དུ་གང་ལའང་མ་ལྟོས་པར་ཁས་ལེན་མི་བྱེད་པ་ནི་བཤད་ཅི་ལ་དགོས། ཁོང་ཚོས་གནད་འགག་ཏུ་བརྩི་བའི་གནས་ཚུལ་གཅིག་རང་ཡོད་པ་ནི། དེ་རིང་གི་རྒྱ་ནག་གི་ཕ་རྒན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བཀའ་བཀོད་གཞི་བཟུང་ཁྱིམ་ཚང་གི་སྟོབས་ཤུགས་སྤེལ་རྒྱུ་དེ་རེད། རྒྱ་ནག་དང་པ་ཀི་སི་ཋན། དེ་བཞིན་དེ་གཉིས་དང་འདྲ་བའི་ཡུལ་ལུང་ཁ་ཤས་ལ་རྡུལ་ཕྲན་གྱི་ནུས་པ་དང་རྡུལ་ཕྲན་མཚོན་ཆ་ཆ་ཚང་གཞན་ལ་རེ་མི་དགོས་པར་བསྐྲུན་པའི་ནུས་པ་ཡོད་པ་དེས། ཉུང་མཐར་ཡང་འཇིགས་སྐུལ་རིང་ལུགས་པར་རྡུལ་ཕྲན་མཚོན་ཆའི་མཐུན་རྐྱེན་ལྡན་པར་འགྱུར་སྲིད་པར་ཚོད་རྩིས་བྱས་ཆོག་གི་ཡོད། འཇིགས་སྐུལ་རིང་ལུགས་གོང་འཕེལ་དང་རྒྱ་ཁྱབ་ཏུ་ཁྱབ་རྒྱུར་ཁ་གཏད་གཅོག་བཞིན་པའི་དུས་འདིར་བྱེད་སྟངས་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁུར་བུ་ལྗིད་དུ་བཏང་བ་རེད། འོན་ཀྱང་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་གནོད་འཚེ་ཕོག་ཆེ་ཤོས་ཤིག་ཡིན་པའི་རྒྱ་གར་ལ། འཇིགས་སྐུལ་རིང་ལུགས་པར་གནས་གཞི་སྤྲད་དེ་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་རྒྱུར་སྐུལ་སློང་བྱེད་ཀྱི་ཡོད་པའི་སྙོན་འཛུགས་བྱེད་པ་འདི་ནི་ཡོངས་སུ་ག་ཕྱི་སློག་པའི་གནས་ཚུལ་གཅིག་སྟེ། གོང་དུ་ཞུས་པ་ལྟར་གོ་མཚོན་ནག་ཚོང་རྒྱག་པ་ནི་ཁྲིམས་འགལ་གྱི་ནག་ཉེས་བསགས་པ་ཞིག་ཡིན་རུང༌། གཞན་ལ་ཉེས་འཛུགས་ཀྱི་དཔང་རྟགས་རྫུན་མ་བཟོ་བ་ནི་མི་གཞན་ལ་དུག་སྟེར་ཏེ་བསད་པ་དང་གཅིག་མཚུངས་ཀྱི་སྡིག་ཉེས་བསགས་པ་ཞིག་རེད། རྒྱ་ནག་གཞུང་གི་ལངས་ཕྱོགས་གསར་ཤོས་ཏེ། རྒྱ་གར་ལ་འཇིགས་སྐུལ་རིང་ལུགས་པའི་ཞ་མོ་ནག་པོ་གཡོག་པའི་སྐབས་འདིར། རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྒྱལ་མཚམས་སུ་འཐབ་ར་བསྐྲུན་ཆེད་ཁ་བྲལ་རིང་ལུགས་པ་དང་འཇིགས་སྐུལ་རིང་ལུགས་པར་དྲག་ཤུགས་ཀྱི་རྒྱབ་སྐྱོར་དང་དྲག་ཆས་མཁོ་སྤྲོད་བྱས་པའི་ཟིན་ཐོར་འཁྱུག་ཙམ་བལྟ་རྒྱུ་དེ་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད། རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་ཆིག་དགུ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་རྒྱ་གར་དང་འབར་མ། ཧིན་དུ་ཉི་ཤ་ཡ་བཅས་པའི་ནང་གསར་བརྗེ་དང་ཁ་བྲལ་གྱི་ལས་འགུལ་སྤེལ་ཚུལ་དེ་དྲན་ཡག་པོ་སོས་ཡོད་ཤག་རེད། ཁ་བྲལ་རིང་ལུགས་པ་འདི་དག་གི་འགོ་གཙོ་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་ཁབ་དབུ་བརྙེས་པའི་རུ་བསྟར་གཟིགས་འབུལ་གྱི་མཛད་སྒོར་གདན་ཞུས་ཀྱིས་གལ་ཆེའི་མི་སྣར་བརྩིས་ཏེ་ཏང་གི་ཆེས་མཐོའི་འགོ་ཁྲིད་མཐོ་ཤོས་རྣམས་དང་ལྷན་དུ་བཞུགས་བཅུག་ཡོད། གནས་ཚུལ་འདི་ནི་ཕྱི་ལོ་ ༡༩༥༦ ལོར་བྷན་ཏུང་གི་ལྷན་ཚོགས་སྐབས་རྒྱ་ནག་གིས་རྒྱ་གར་དང་ལྷན་དུ་"ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་"གསལ་བསྒྲགས་སྤེལ་རྗེས་བྱུང་བ་ཞིག་རེད། རྒྱ་གར་བྱང་ཤར་གྱི་ཁ་བྲལ་རིང་ལུགས་པར་སྔོན་ཆད་རྒྱ་ནག་ནས་འཇབ་དམག་གི་དམག་སྦྱོང་དང་མེ་མདའ་དང་མདེའུ་ཡི་རྒྱབ་སྐྱོར་ཐོབ་མྱོང་ཡོད་པ་དེ་ད་དུང་མཚམས་འཇོག་བྱས་མེད། རྒྱ་ནག་ཡུན་ནན་ཞིང་ཆེན་ནས་འབར་མ་དང་བྷང་ལ་དྷེ་ཤེའི་ནགས་ཚལ་བརྒྱུད་ཨན་ ཨེསེ་ སི་ ཨན་(न्स्कं)ཤོག་ཁག་གཉིས་ཀར་དང་ཨ་སམ་གྱི་བཅིངས་འགྲོལ་འཐབ་ཕྱོགས་གཅིག་གྱུར་(United Liberation Front of Assam ULFA)ཚོགས་པར་ད་ལྟའང་མེ་མདའ་དང་མདེའུ། འཕྲིན་གཏོང་འབྲེལ་མཐུད་ཡོ་ཆས་ཁག་ཐོབ་བཞིན་ཡོད། རྒྱ་ནག་དབང་འཛིན་པས་ངེས་པར་དུ་དྲི་བ་གཞན་ཞིག་ལའང་ལན་འདེབས་དགོས་པ་སྟེ། གལ་ཏེ་བོད་མི་རྣམས་བོད་ནང་དངོས་གནས་སྐྱིད་པོ་ཡོད་ཚེ། ག་རེ་བྱས་ནས་བོད་མི་དེ་འདྲའི་མང་པོས་རང་སྲོག་བློས་གཏོང་གིས་རང་ཡུལ་བཞག་སྟེ་མ་འོངས་ཇི་བྱུང་ངེས་པ་མེད་པའི་ཕྱོགས་སུ་གོམ་པ་སྤོ་ཡི་ཡོད་དམ། དེ་ལ་གཞིགས་ན་བོད་ནང་དཀའ་ངལ་ཆེན་པོ་ཞིག་ཡོད་པ་གསལ་པོ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ནང་ཁུལ་གྱི་གནད་དོན་གཅིག་ཡིན་པར་ཨུ་ཚུགས་རྒྱག་གི་ཡོད། འོན་ཀྱང་ནང་ཁུལ་གྱི་གནད་དོན་ཟེར་བ་ནི་ཕྱི་ཕྱོགས་ལ་ཕྱོགས་གང་ནས་ཀྱང་ཤུགས་རྐྱེན་མི་ཐེབས་པའི་གནད་དོན་ལ་ཟེར་བ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུ་མཚན་ལྡང་ངེས་ཀྱི་སྒོ་ནས་རང་གི་སེམས་འཚབ་བྱེད་སའི་གནད་དོན་གཅིག་ཏུ་མཐོང་བའི་སྐབས་སུ། ཨུ་ཚུགས་ཇི་ཙམ་བརྒྱབ་ཀྱང་དེ་ནང་ཁུལ་གྱི་གནས་དོན་དུ་གྱུར་དཀའ། ཐ་ན་ཉི་ཧོང་གི་སྲིད་བློན་ཡ་ཤུའུ་ ཧྥུ་ཀུ་ཌ་(Yashuo Fukuda)ཀྱང་མང་ཚོགས་ནང་ཡོངས་གྲགས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དེ་ད་ཆ་རྒྱ་ནག་གི་ནང་ཁུལ་གནད་དོན་མིན་པར་ནན་བཤད་གནང་ཞིང༌། གནང་སྟངས་དེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡི་གདོང་པ་ཆུ་ལ་བསྐྱུར་བ་ཞིག་ཏུ་གྱུར་ཡང་ཧུའུ་ཅིང་ཐའོ་ཡིས་དེ་དང་ལེན་བྱེད་རུང་བ་ཞིག་ཏུ་བརྩིས་ཏེ། ཕྱི་ཟླ་ ༥ ཚེས་ ༦ བཟུང་ཉིན་ལྔའི་རིང་ཉི་ཧོང་ལ་གཟིགས་བསྐོར་གནང་ཞིང༌། དེར་ཁོང་དང་ཧྥུ་ཀུ་ཌ་གཉིས་ཕིང་པོང་པོ་ལོ་རྩེ་རྒྱུ་དང་ཕྱོགས་གཉིས་ཀྱིས་འབྲེལ་བ་"འཕུར་མཆོངས་ཆེན་པོ་"ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཨ་ཅང་བརྗོད་མེད་ཅིག་ལ་རྒྱ་ནག་གཞུང་གིས་ཕྱོགས་གང་གི་ཐད་ཁོང་ཚོས་སྐུལ་ལྕག་བྱེད་ཐུབ་པ་དང་གང་གི་ཐད་མི་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད། རྒྱ་དཀར་ནག་གི་ས་མཚམས་ཀྱི་གནད་དོན་ནས་རྒྱ་གར་དང་ཨ་རིའི་དབར་འགྲོ་བཞིན་པའི་རྡུལ་ཕྲན་ནུས་པའི་སྐོར་གྱི་གྲོས་མཐུན། རྒྱ་གར་གྱི་དམག་དཔུང་འཕེལ་རྒྱས་དང་བོད་ཀྱི་གནད་དོན་བཅས་ཀྱི་ཐད་ཁེངས་དྲེག་གི་སྤྱོད་ཚུལ་བསྟན་ཏེ་མཇུག་འབྲས་ངན་པ་ལས་གཡོལ་ཐུབ་རྗེས། མཐོང་སྣང་ལ་པེ་ཅིང་གིས་ལྡི་ལི་གསར་པ་ནི་གཉོད་ཆུང་ནུས་མེད་ཀྱི་སྲིད་གཞུང་ཞིག་ཏུ་བརྩི་བཞིན་ཡོད་པར་སྣང༌། འོན་ཀྱང་ད་ལྟ་རྒྱ་ནག་གཞུང་གིས་བཅད་ཐིག་དམར་པོ་བརྒལ་བཞིན་ཡོད། རྒྱ་གར་གྱི་སྲིད་དོན་དང་ཤེས་ཡོན་ཅན་སྡེ་ཁག་གཉིས་ཀའི་ནང་གནས་སྟངས་གང་འདྲ་ཞིག་གི་འོག་ཏུའང་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལག་རོགས་ཡོད་པ་སྨྲ་མི་དགོས་ཀྱང༌། རྒྱ་གར་ནི་ཧ་ཅང་རྒྱ་ཆེ་ཞིང་མི་མང་བས་བཟོ་བཅོས་རིང་ལུགས་པ་ཆེས་ཉུང་ཤས་དེ་དག་གིས་ཚབ་མཚོན་ཐུབ་པ་ཞིག་མིན། བལྟ་སྟངས་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། རྒྱ་ནག་གིས་རྒྱ་གར་ལ་ཨལ་ཁལ་ཌ་(al-Qaeda)ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཤོག་ཁག་ལ་གནས་ཡུལ་སྤྲད་པའི་སྐྱོན་འཛུགས་བྱེད་འགོ་བཙུགས་ཡོད། དྲན་སོས་དགོས་པ་ཞིག་ལ། ཨ་རིའི་ནང་ཨལ་ཁལ་ཌ་འཇིགས་སྐུལ་རིང་ལུགས་ཀྱིས་བརྩམས་པའི་ ༩་༡༡ གི་དོན་རྐྱེན་བྱུང་རྗེས། ཝ་ཤིན་ཊོན་གྱིས་ཨབ་གྷ་ནི་ས་ཊན་ནང་ཨལ་ཁལ་ཌ་(al-Qaeda)དང་ཕྱི་ལོ་ ༢༠༠༡ ལོར་ཏ་ལི་བྷན་(Taliban)ལ་རྒོལ་རྡུང་དམག་འཐབ་བྱེད་སྐབས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐོའོ་ཡིས་ཨ་རིའི་དཔང་རྟགས་ལ་དོགས་འདྲི་བཏོན་པ་དེ་ཏ་ལི་བྷན་ལ་དག་སེལ་རྒྱབ་གཉེར་སྤྲད་པ་ལྟ་བུར་གྱུར་ཡོད། དེའི་རྒྱུ་མཚན་ནི་རྒྱ་ནག་གིས་ཏ་ལི་བྷན་དང་མཉམ་དུ་དྲག་ཆས་ཚུད་པའི་ཚོང་རྒྱག་གི་ཡོད་པས་ཡིན། ཏ་ལི་བྷན་དང་ཁོང་ཚོའི་སྐུ་མགྲོན་ཨལ་ཁལ་ཌ་གཉིས་ཀ་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ཡིན་པར་ངོས་འཛིན་བྱེད་མུས་ཀྱི་ཆ་ནས་རྒྱ་ནག་གི་ཚོང་ལས་འདི་ནི་བཟང་སྤྱོད་དང་འགལ་བ་ཞིག་ཡིན། སྙིང་པོ་བསྡུས་ན། རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་པ་དང་ཚོང་འབྲེལ་བྱས་པར་མ་ཟད་དེ་ཚོ་དང་མཉམ་དུ་གསོལ་སྟོན་ལ་རོལ་བ་རེད། ད་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་སྲིད་བྱུས་ལ་བསྐྱར་དུ་བསམ་གཞིགས་དང་"མེ་མདའ་ནས་དུ་བ་མ་འཕྱུར་བར་"རྒོལ་རྡུང་བྱེད་པ་དེ་མཚམས་འཇོག་བྱེད་དགོས་པའི་དུས་ལ་སླེབས་ཡོད། དེ་ལྟར་བྱས་ན་འབྲེལ་ཡོད་ཚང་མར་ཕན་ཞིང་དེ་མིན་ཚང་མར་རྐྱེན་ཆགས་ངན་པ་འབྱུང་ངེས་རེད།། །།

No comments:

Post a Comment