2009-07-17

བོད་དང་བོད་ཀྱི་ནང་ཆོས་སྐོར།





མཁས་དབང་རོ་བྷར་ཊི་ ཨེ་ཨེབ། ཐོའར་མན་གྱིས་བརྩམས། ༼འགྱུར་འདིར་མཐའ་མའི་ཞུ་དག་སོང་མེད།༽
དེ་རིང་ཁྱེད་རྣམ་པར་བོད་ཀྱི་སྐོར་ཞུ་རྒྱུ་བྱུང་བར་ང་རང་དགའ་པོ་བྱུང༌། དེ་ནི་འཛམ་གླིང་རིལ་པོ་འདིའི་སྟེང་འགྲོ་བསྐྱོད་ཁག་ཤོས་ཀྱི་ཡུལ་ལུང་ཞིག་ཡིན་ཡང༌། ད་དུང་ཧ་ཅང་ཉེ་པོ་ཡིན། རྒྱ་ནག་བཙན་རྒྱལ་གྱིས་དེའི་འཕྲིན་ལམ་བཅད་ཅིང་བོད་མི་མང་པོ་འཛིན་བཟུང་གིས་བཙོན་འཇུག་བྱས་ཐོག །དྲི་ཞིབ་མནར་གཅོད་བྱས་ཏེ་སྐྱོན་འཛུགས་ངོས་ལེན་བྱེད་བཅུག་ཅིང༌། ཁོང་ཚོའི་བཀའ་ལ་ཁྱད་གསོད་བྱེད་མཁན་རྣམས་དམར་གསོད་བཏང་ཡོད་ངེས་པ་རེད། བོད་ནང་གི་ད་ལྟའི་གནས་སྟངས་ཤེས་པར། ཐོག་མར་ང་ཚོས་ཤེས་དགོས་པའི་དངོས་དོན་ཞིག་ནི། བོད་ཀྱི་ལོ་རྒྱུས་ཟིན་ཐོ་ཕྱི་ལོ་ ༣༠༠ གཡས་གཡོན་དུ་འགོ་ཚུགས་པ་ནས་ད་བར་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པ་དེ་རེད། བོད་དེ་དུས་རབས་དྲུག་པ་ནས་དགུ་པའི་བར་མངའ་ཁོངས་ཧ་ཅང་རྒྱ་ཆེ་ཞིང་སྟོབས་ཤུགས་ཆེ་བའི་བཙན་པོའི་རྒྱལ་རྒྱུད་ཅིག་ཆགས་ཤིང༌། བོད་ཀྱི་ཡིག་སྲོལ་དང་ཁྲིམས་སྲོལ་གཉིས་ཀའི་ཟིན་ཐོ་དུས་རབས་བདུན་པ་ནས་བྱུང་ཡོད་པས། དེ་ནི་རོ་མན་ཡིག་གཟུགས་ནང་དབྱིན་ཇི་ཐོག་མར་བྲིས་པ་ལས་ལོ་བརྒྱ་ཙམ་དང༌། ཆར་ལེ་མག་ནེའི་ཁྲིམས་ལས་ལོ་ཉིས་བརྒྱ། མག་ན་ཀར་ཊའི་ཁྲིམས་ལས་ལོ་དྲུག་བརྒྱ་བཅས་ཀྱིས་སྔ་བ་བྱུང་ཡོད། བོད་དེ་དྲག་ཤུགས་ཆེ་བའི་བཙན་རྒྱལ་རིང་ལུགས་ཤིག་ནས་ཞི་ཞིང་དུལ་བའི་ནང་པ་ཞིག་ཏུ་དུས་རབས་ལྔ་པ་ནས་འགྱུར་འགོ་ཚུགས་པས། ལོ་རྒྱུས་ཐོག་ནང་པའི་དཔལ་ཡོན་དར་སྤེལ་བྱེད་མཁན་རྒྱལ་ཁབ་ཐོག་མའི་གྲས་སུ་གྱུར་ཅིང༌།

དེར་བརྟེན་ཕྱི་ལོ་ ༡༩༥༠ མ་སླེབས་དབར་རྒྱུ་སྐར་འདིའི་ཐོག་གི་(ནང་ཆོས་ཡར་རྒྱས་ཆེ་ཤོས་)ཀྱི་རིག་གཞུང་ལྡན་པའི་རྒྱབ་ཁབ་ཅིག་རེད། དེར་བརྟེན་ཁྲིམས་དོན་དང་བཟང་སྤྱོད། དངོས་དོན་བཅས་གང་ཐད་ནས་བོད་རང་བཙན་ཡིན་པའི་གནས་བབ་དེ་ལས་སླ་པོར་ཐག་གཅོད་བྱེད་ཐུབ། བོད་ཀྱི་སྤྱི་ཚོགས་དཔལ་ཡོན་གྱི་འོད་ཟེར་དེ། ས་མཐོའི་གངས་རིའི་རྩེ་ནས་དཀའ་རྙོག་མང་བའི་ཡུལ་གྲུ་གཞན་ལ་འཕྲོས་པ་ལས། མི་འགའ་ཞིག་གིས་དེའི་ནུས་ཤུགས་ཤེས་ཚོར་བྱུང་ཡོད་ཀྱང༌། དེའི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིན་ཐང་གསར་རྙེད་དང་གསལ་བརྗོད་བྱ་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་ནག་གི་དམག་སྡེ་ཨང་བཅོ་བརྒྱད་པས། ཕྱི་ལོ་ ༡༩༥༠ ལོའི་ཕྱི་ཟླ་བཅུ་པའི་ནང་བཙན་འཛུལ་འགོ་འཛུགས་བྱས་རྗེས། ཐོག་མར་དམར་དམག་དང༌། དེ་རྗེས་དམར་སྲུང་དམག་གིས་བོད་ཀྱི་རིག་གཞུང་གི་ཕྱི་གཟུགས་ཐོན་རྫས་རྩ་གཏོར་བཏང་ཞིང༌། སྐྱེ་བོ་ས་ཡ་གཅིག་བརྒལ་བར་འཆི་སྐྱོན་བྱུང་ཡོད་ལ་གཞོན་སྐྱེས་མི་རབས་རྣམས་ལ་དམར་པོའི་ལམ་ལུགས་ལས་རང་གི་རིག་གཞུང་དང་འབྲེལ་བའི་ཤེས་བྱ་སློབ་སྦྱོང་གི་གོ་སྐབས་སྤྲད་མེད། དགོན་སྡེ་ཆེ་གྲས་ ༦༠༠༠ བརྒལ་བ་དང༌། ལྷ་ཁང་དང་དབེན་གནས་ ༡༠༠༠༠ བརྒལ་བ། ཆོས་ཕྱོགས་ཀྱི་རྟེན་རྫས་གྲངས་མེད་པ་རྣམས་ལ་བཙོག་སྐྱོན་དང་རྨང་གཞི་ནས་རྩ་གཏོར་བཏང་ཡོད། རིན་ཐང་བྲལ་བའི་སྐུ་རྟེན་རྣམས་བསྟོར་བཤིག་དང་བཞུ་སྦྱང༌། རྐུ་ཚོང་བྱས་ཤིང༌། ལོ་སྟོང་ཕྲག་མང་པོར་གསོག་འཇོག་བྱས་པའི་རྩ་ཆེའི་ཕྱག་དཔེ་ས་ཡ་མང་པོ་མེར་བསྲེགས། ས་གཞི་སྟོང་པ་བཟོས། ནགས་ཚལ་གཙང་མར་བཅད། རི་དྭགས་སེམས་ཅན་ལ་གནོད་སྐྱོན་དང༌། མི་དམངས་རྣམས་འབྱོར་མེད་ཉམ་ཐག་བཟོས་ཡོད། བོད་མིའི་ནང་སེམས་ཀྱི་རྟེན་ས་གཙོ་བོ་ཡིན་པའི་ནང་ཆོས་ཀྱི་འཚོ་བར་བདལ་བཤིག་དང༌། མཐའ་མ་ད་ལྟའི་ཆར་རྒྱ་ནག་གི་སྲིད་བྱུས་ནི། མི་འབོར་གནས་སྤོས་བྱས་པ་བརྒྱུད་མི་རིགས་རྩ་མེད་མཐར་ཕྱིན་པ་བཟོ་རྒྱུ་དེ་ཡིན་པས། བོད་ས་ལེགས་གྲས་ཚང་མ་འཛིན་པར་མི་སེར་སྤེལ་བའི་རིང་ལུགས་ཀྱི་རྒྱ་མི་ས་ཡ་མང་པོ་གནས་སྤོས་དང༌། བོད་ཀྱི་མི་རབས་གསར་པ་སྟོང་ཕྲག་མང་པོར་རྒྱ་ནག་གི་སྐད་ཡིག་རིག་གཞུང་སློབ་ཆེད་བོད་དང་ཁ་འཕྲལ་ཡོད། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱ་ནག་གིས་བོད་ནང་ལས་འགུལ་ཇི་བརྩམས་མིག་མཐོང་ལག་ཟིན་གྱི་མི་སྣའི་དཔང་ཚིག་རིམ་བསགས་བྱས་ཏེ་བོད་ཀྱི་ཡུལ་སྡེ་སོ་སོར་གནས་ཚུལ་ཇི་བྱུང་གི་ཟིན་ཐོ་ཞིབ་ཕྲ་ཉར་ཡོད་ཅིང༌། ཕྱི་ལོ་ ༡༩༨༣ ནས་ད་བར་གྱི་མྱུར་ཚད་ལ་གཞིགས་ན་མི་འབོར་སྤོ་བཤུག་གི་ལས་གཞིའི་དམིགས་ཡུལ་འདིས་ལོ་གཉིས་ནང་བོད་དུ་བོད་མི་རྣམས་འགོག་སྲུང་གི་ནུས་པ་མེད་པ་ཞིག་ཏུ་འགྱུར་ངེས་སུ་མཐོང༌། རྒྱུ་མཚན་འདིའི་དབང་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཞི་བའི་འཐབ་རྩོད་ཀྱི་ལོ་ངོ་སུམ་ཅུའི་ཁྲོད་ནས་འབུར་དུ་ཐོན་ཏེ་མི་མང་བྱིངས་ཀྱི་བློ་མོས་མེད་པར་མ་ལྟོས་པར་ཐོ་རེའུ་དང༌། གྷན་དྷི། ཀིང་བཅས་ཀྱི་སྲོལ་དང་མཐུན་པར་འཚེ་མེད་ཞི་བའི་ལས་འགུལ་གསར་པ་ཞིག་སྤེལ་བཞིན་མཆིས། ཕྱི་ལོ་ ༡༩༥༤ ནས་བཟུང་ཏཱ་ལའི་བླ་མ་མཆོག་གིས་མའོ་དང་ཏིང་གཉིས་ལ་ཞི་བའི་བཀའ་མོལ་རྒྱུན་མཐུད་གནང་ཡོད་ཀྱང༌། ད་ཆ་ཁོང་གིས་རང་ངོས་ནས་ཉེན་མཆོངས་གནང་སྟེ་རྒྱ་ནག་དབང་འཛིན་པ་ཚོའི་གཏོར་བཤིག་དང་གཡོ་སྒྱུའི་སྦྱོར་བ་རྣམས་ཐེར་འདོན་བྱ་དགོས་པར་དགོངས་བཞིན་ཡོད། བོད་རིགས་མང་ཚོགས་ལ་མཚོན་ན། ཉེ་དུས་བྱ་སྤྱོད་ངོ་མའི་ཐོག་ནས་བསྟན་པ་བཞིན་སོ་སོའི་དངོས་དོན་གནས་བབ་སྐོར་ཁྲོམ་བསྐོར་བྱས་ཏེ་རང་སྲོག་བློས་གཏོང་བྱ་རྒྱུར་གྲ་སྒྲིག་ཨང་གསར་རེད། བོད་ཀྱི་སྐོར་འགྲེལ་བརྗོད་བྱེད་སྐབས། ངས་(ནང་ཆོས་སྔོན་ཐོན་)ཞེས་པའི་ཚིག་དུམ་འདི་སྤྱོད་ཀྱི་ཡོད། ནང་པ་ཚང་མས་འགྲོ་བ་མིའི་ལུས་རྟེན་ནི་མི་རེ་ངོ་རེ་ཚང་མའི་རྩ་ཆེའི་ཐོབ་བྱ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཚེ་འདིར་འགྲོ་བ་སེམས་ཅན་སྤྱིའི་རང་བཞིན་ལྟར་སྡུག་བསྔལ་ག་རེ་བྱུང་ཡང་ཚེ་སྔོན་མ་དང་འབྲེལ་བ་ཡོད་པ་དང༌། ཚེ་ཕྱི་མར་དེ་འདྲའི་དཀའ་སྡུག་ཡོང་རྒྱུར་འཇིགས་སྣང་བྱེད་ཀྱི་ཡོད། དེ་འདྲའི་ཀུན་སློང་ཞིག་ཡོད་པ་དེས་ནང་པ་ཚོར་རང་གི་མི་ཚེ་ཧྲིལ་པོ་དེ། མ་རིག་འཁོར་བའི་གནས་ལས་ཐར་ཆེད་བེད་སྤྱོད་བྱ་འདོད་ཀྱི་བློ་ཤུགས་དྲག་སྐྱེ་བའི་རྐྱེན་བྱེད་ཅིང༌། དེས་ལྡོག་ཏུ་མེད་པའི་འཆི་བ་འབྱུང་སྐབས། འཇིགས་སྣང་དང་ཞེན་ཆགས་མེད་པར་དང་ལེན་བྱེད་ཐུབ་པའི་གདེང་རྙེད་རྒྱུར་ངེས་པར་མཁོ་བའི་རྣམ་དཔྱོད་དང་ལྷག་བསམ་འབྱུང་རྐྱེན་གཙོ་བོ་དེ་བྱེད་ཐུབ་པ་ཡིན། སྐྱེ་བོ་མང་པོར་དེ་འདྲའི་ཀུན་སློང་ཐེབས་པའི་སྤྱི་ཚོགས་ཤིག་གི་ནང༌། སྐྱེ་བོ་བྱེ་བྲག་པ་སོ་སོ་སྐྱེས་པ་ནས་འཆི་བའི་བར་གྱི་མི་ཚེ་སྐྱེལ་སྟངས་ཐོག་དཀྲུག་རྐྱེན་འབྱུང་གཞིའི་ཐེ་བྱུས་གང་ཉུང་ཉུང་དང༌། ཁོང་ཚོའི་ཕུགས་རེ་བཟང་པོ་དེར་སྨན་པའི་གོ་སྐབས་དང་མཐུན་རྐྱེན་སྦྱོར་རྒྱུའི་ལམ་ཕྱོགས་བཀོད་སྒྲིག་བྱ་རྒྱུ་གལ་ཆེན་ཡིན་པ་གསལ་པོ་རེད། ལོ་རྒྱུས་ཐོག་སྤྱི་ཚོགས་ཕལ་མོ་ཆེ་ནི་མི་སྒེར་གྱི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཐང་ཐོབ་འདོད་གཞི་རྩར་བཞག་པ་མིན་ཞིང༌། དངོས་དོན་དུའང་དེ་འདྲའི་ཐར་པའི་གོ་འཕང་ཐོབ་པ་ཉུང་ངུ་ལས་བྱུང་མེད། དེར་བརྟེན་སྤྱི་ཚོགས་འདི་རིགས་ཀྱི་ནང་དུ་མི་སྒེར་སོ་སོའི་མངོན་འདོད་དེ་བྱིས་པ་གསོ་སྤེལ་དང༌། རྒྱུ་ནོར་དང་ཟས་རིགས་གསོག་སྲུང༌། མངའ་ཁོངས་སྲུང་སྐྱོབ་ཀྱི་དམག་འཐབ། དམག་ཤེད་ཅན་དང༌། ས་བདག །མཆོད་དཔོན་ལ་ཞབས་འདེགས་ཞུ་དགོས་པ་སོགས་མི་སྡེའི་ལམ་སྲོལ་དང་བསྟུན་ཏེ་སྒྲུབ་དགོས་ཀྱི་ཡོད། མི་བྱེ་བྲག་པ་སོ་སོའི་ལས་དང་མི་ཚེའི་སྐོས་ཐང་སྐོར་གྱི་ནང་པའི་ལྟ་ཚུལ་འདི་སྤྱི་ཚོགས་གང་དུ་དར་ཡང༌། སྤྱི་ཚོགས་དེའི་ནང་རང་བཞིན་དུ་རྙོག་ཟིང་མེད་པའི་གསར་བརྗེ་ཞིག་འབྱུང་གིན་ཡོད་པ་གསལ་པོ་རེད། གནའ་དུས་རྒྱ་གར་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱི་ཚོགས་གསར་པ་ཞིག་རང་རེར་གདམ་ག་བྱ་རྒྱུར་བསྐྲུན་ཅིང༌། དཀོན་མཆོག་དཀོན་ཞིང་མཆོག་ཏུ་གྱུར་པའི་སྤྱི་ཚོགས་དེའི་གཙོ་གནད་ནི་སངས་རྒྱས་ཀྱིས་གསར་བཏོད་གནང་བའི་དགོན་སྡེ་རེད། དཀོན་མཆོག་གི་སྤྱི་ཚོགས་འདི་ག་ལེར་སྡེ་པ་མང་པོའི་ནང་འཕེལ་ཏེ་མཐར་བསྒྱུར་ལྡོག་བྱུང༌། དེ་ཡང་སྤྱི་ཚོགས་འདི་ཕྱོགས་ཚང་མའི་ཡུལ་སྡེ་ཁག་གི་ནང་དར་ཏེ་སྐྱེ་བོ་གྲངས་ལས་འདས་པར་ཐར་པའི་ལམ་རྙེད་པ་སོགས་སྤྱི་ཚོགས་ལ་འགྱུར་ལྡོག་བྱུང་ཡང་དངངས་འཚབ་ཀྱི་གནས་ཚུལ་ཡང་རྒྱུན་དུ་བྱུང༌། མཐའ་མ་རྒྱ་གར་ལ་དབང་བསྒྱུར་མཁན་གྱིས། དེ་འདྲའི་སྒེར་ཚུལ་རིང་ལུགས་Individualismམུ་མཐུད་གནས་རྒྱུར་བཟོད་སྒོམ་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པར་བརྟེན། ཡུལ་དེའི་དཀོན་མཆོག་གི་སྤྱི་ཚོགས་རྩ་བརླག་སོང༌། ཡུལ་སྡེ་གཞན་པའི་ནང་དཔུང་དམག་ཅན་གི་དབང་སྒྱུར་མཁན་དང༌། རབ་བྱུང་གི་སྡེ་དང་བཅས་པའི་གྲུབ་ཆེན་དབར་ག་དུས་ཡིན་ནའང་རེས་མཐོ་རེས་དམའ་སྣང་ཚུལ་མཐོང་རྒྱུ་ཡོད། དེ་ཚོ་ཚང་མ་དང་མི་འདྲ་བ་ཞིག་ལ། བོད་ཁོ་ནའི་ནང་དཀོན་མཆོག་གི་སྤྱི་ཚོགས་དང༌། དེའི་གཙོ་གནད་དགོན་སྡེའི་ལམ་ལུགས་ཀྱིས་མཐའ་མ་སྤྱི་ཚོགས་དཀྱུས་མར་སྟངས་འཛིན་བྱེད་ཐུབ་པ་བྱུང་བ་སྟེ། རབ་བྱུང་གི་སྡེའི་དབུ་འཛིན་མཚན་གནས་མཐོ་ཤོས་དེ་ཡུལ་དེར་དབང་བསྒྱུར་བྱེད་མཁན་ཆགས། དེ་ལྟར་གྱུར་བར་ཕྱི་ལོ་ ༦༤༠ ནས་ ༡༦༤༠ བར་ལོ་ངོ་སྟོང་ཕྲག་འགོར་ཡོད་ལ་དེའི་འབྲས་བུར། ཡུལ་དེ་ཕྱོགས་མང་པོ་ནས་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཤིག་ཆགས་ཡོད། དེ་ཡང་བོད་དུ་དམག་དཔུང་མེད་ཀྱང༌། དགོན་པའི་ལམ་ལུགས་བརྒྱུད་ནས་སྐྱེ་བོ་སྒེར་སོ་སོའི་སློབ་གཉེར་གྱི་དགོས་མཁོ་སྐོང་རྒྱུ་རྒྱལ་ཁབ་ཀྱི་གནད་ཆེའི་ལས་འགན་ཞིག་ཡིན་ཞིང༌། ཡུལ་མི་སྒེར་གྱི་དམ་ཆོས་དོན་གཉེར་གྱི་མངོན་འདོད་སྒྲུབ་པའི་དམིགས་རྟེན་དུ་ཡུལ་གྱི་དཔལ་འབྱོར་བེད་སྤྱོད་རྒྱ་གང་ཆེ་བྱེད་པ། གང་ཟག་སོ་སོའི་ཁམས་དང་མོས་པ་གཞི་བཟུང་ཡར་རྒྱས་གཏོང་རྒྱུར་གཞི་རྩའི་ཁ་ཕྱོགས་བཟུང་བ་སོགས་སྒོ་དུ་མ་ནས་མི་འདྲ་བ་ཞིག་ཆགས་ཡོད་ལ། སྐྱེ་བོ་མང་པོར་མ་རིག་པའི་གཉིད་ལས་སངས་ལ། དོན་དམ་གྱི་ཤེས་བྱར་བློ་རྒྱས་ཤིང༌། མཁྱེན་རབ་དང་བརྩེ་བ་སྙིང་རྗེའི་མངའ་བདག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མངོན་པས། འབྲས་བཟང་དེས་དེ་འདྲའི་གོ་འཕང་མ་རྙེད་པའི་སྤྱི་ཚོགས་ནང་གི་སྐྱེ་བོ་ཧ་ཅང་མང་པོར་སྐྱེ་བོ་དམ་པ་དེ་ཚོའི་ཉེ་འགྲམ་དུ་སྡོད་རྒྱུར་སྤྲོ་སྣང་དང༌། སྐྱེ་བ་ནས་སྐྱེ་བ་བརྒྱུད་དེ་མཐར་གོ་འཕང་དེ་འདྲ་ཐོབ་པར་བྱེད་འདོད་ཀྱི་བློ་སྟོབས་འཕེལ། འདི་དག་ནི་ངས་(ནང་ཆོས་སྔོན་ཐོན་)གྱི་རྒྱལ་ཁབ་ཅེས་འབོད་པའི་འགྲེལ་བཤད་མདོར་བསྡུས་ཤིག་ཡིན། དེ་འདྲའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་དང༌། ཚན་རིག །རིག་གཞུང༌། སྲིད་གཞུང༌། སློབ་གཉེར་ཁང་སོགས་ནས་ང་ཚོས་སློབ་སྦྱོང་བྱེད་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པས། ང་ཚོས་དེ་འདྲའི་སྤྱི་ཚོགས་ཀྱི་དཔལ་ཡོན་རྩ་སྟོངས་སུ་འགྲོ་རུ་འཇུག་མི་འོས། ཀོ་ལོམ་བྷི་ཡ་གཙུག་ལག་སློབ་ཁང་གི་ ཆོས་ལུགས་རིག་པའི་སློབ་དཔོན་ཆེ་མོ་ རོ་བྷར་ཊི་ ཨེ་ཨེབ། ཐོའར་མན་གྱིས།

No comments:

Post a Comment