2009-07-17

བརྩམས་སྒྲུང་འབྲི་སྟངས་ཀྱི་མྱོང་བྱང་མདོར་བསྡུས།

 ༄༅།། བརྩམས་སྒྲུང་ནི་བྱུང་རིམ་(Plot)དང༌། མི་སྣ།(Character) ཁོར་ཡུག (Setting)
དོན་རྐྱེན། (conflict) སྙིང་དོན། (theme)བཅས་གྲུབ་ཆ་གཙོ་བོ་ལྔ་ཚང་བ་ཞིག་ལ་ཟེར། དེ་ལ་མི་སྣ་དང་དོན་རྐྱེན་སོགས་མང་ཉུང་གི་ཆ་ནས་བརྩམས་སྒྲུང་ཐུང་ངུ་(Short story)དང༌། བརྩམས་སྒྲུང་འབྲིང་བ།(Novella) བརྩམས་སྒྲུང་རིང་བ་ (Novel)བཅས་གསུམ་དུ་དབྱེ་བ་དང༌། དོན་དངོས་ཡིན་མིན་གྱི་ཆ་ནས། དངོས་ཡོད་དང་བཅོས་མ་གཉིས་སུ་དབྱེ། དེ་བཞིན་སྒྱུ་རྩལ་གྱི་ཆ་ནས་ཀྱང་དབྱེ་བ་ཡོད་པ་རྣམས་འདིར་བརྗོད་པར་མི་ནུས། བརྩམས་སྒྲུང་ནི་སྙན་རྩོམ་དང་ལྷུག་རྩོམ། འཁྲབ་གཞུང༌། དཔྱད་རྩོམ་སོགས་རྩོམ་ལུས་གཞན་དག་མང་པོའི་ཁྱད་ཆོས་ཀྱང་ལྡན་པ་ཞིག་ཡིན་པས། རྩོམ་རིག་གི་ཁྲོད་བརྩམས་སྒྲུང་ནི་སྒྱུ་རྩལ་དང་ཕན་ནུས་གཉིས་ཐད་ནས་ཁྱད་དུ་འཕགས་པ་
ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་བརྩམས་སྒྲུང་སྤྱི་དང༌། ལྷག་པར་བརྩམས་སྒྲུང་འབྲིང་བ་དང་རིང་བ་འབྲི་བར་དཀའ་ཚེགས་ཆེན་པོ་ཡོད་པ་སྟེ། བརྩམས་སྒྲུང་རིང་བ་གཅིག་འབྲི་བར་ཉུང་ན་ཟླ་བ་ཁ་ཤས་དང་ མང་ན་ལོ་བཅུ་གྲངས་དཀའ་ལས་རྒྱག་དགོས་པ་ཡོང་གི་ཡོད། ངས་འདིར་རང་གི་མྱོང་བྱང་ནང་ནས་གཙོ་བོ་ལས་དང་པོ་བ་ཚོར་དམིགས་ཏེ་གནད་དོན་ཁ་ཤས་ཞུ་རྒྱུ་ཡིན། ༡་ དེ་ཡང་མི་གཞན་གྱི་བརྩམས་སྒྲུང་བཀླགས་སྐབས། ཀློག་པ་པོ་མང་པོའི་སེམས་ནང་དེ་འདྲ་ཞིག་ངས་ཀྱང་འབྲི་ཐུབ་ས་རེད་དྲན་གྱི་ཡོད་ཀྱང༌། ཤོག་བུ་དང་སྨྱུ་གུ་བླངས་ཏེ་འབྲི་འགོ་འཛུགས་སྐབས། ཡིག་ཕྲེང་ཁ་ཤས་བྲིས་འཕྲལ་ག་འབྲི་འདི་འབྲི་མེད་པར་གྱུར་གྱི་ཡོད། དེ་ནི་ལས་དང་པོ་བ་ཚོར་རྒྱུན་དུ་འཕྲད་པའི་དཀའ་ངལ་དང་པོ་དེ་རེད། དཀའ་ངལ་འདི་འཕྲད་དོན་ནི། བརྗོད་བྱ་ཡག་པོ་ཞིག་མ་རྙེད་པའི་དབང་གིས་བྱུང་བ་རེད། དེར་བརྟེན། རང་དང་རང་གི་ཉེ་ཁོར་གྱི་གནས་ཚུལ་ལ་དོ་སྣང་ཡག་པོ་བྱས་ཏེ་བརྗོད་བྱ་འཚོལ་དགོས། དེ་ཡང་མིག་གིས་བྱ་དངོས་ལ་ཞིབ་ཚགས་ཀྱིས་བལྟ་བ་དང༌། རྣ་བས་གཞན་གྱི་སྐད་ཆར་ཉན་ཏེ་མི་སོ་སོའི་སྐད་ཆ་བཤད་སྟངས་དང་མིང་ཚིག་བཀོལ་སྟངས་སོགས་ལ་དོ་སྣང་བྱ་དགོས། དེ་བཞིན་གནས་ཚུལ་ག་རེ་བྱུང་ཡང་དེར་ཕྱོགས་གཅིག་ཙམ་མ་ཡིན་ཕྱོགས་གཞན་དག་ནས་བསམ་བློ་བཏང་སྟེ་གནས་ཚུལ་ཆ་ཚང་ཤེས་པ་བྱེད་དགོས། མདོར་ན་རང་ཉིད་ཀྱིས་དོ་སྣང་བྱེད་ཤེས་ན། ཁྱེད་རང་གི་ཉེ་ཁོར་དུ་བརྩམས་སྒྲུང་གི་རྒྱུ་ཆས་ཁེངས་ཡོད། སྤྱིར་བཏང་གི་གནས་ཚུལ་ཆུང་ཆུང་དེ་ཚོར་ཡང་དོ་སྣང་གིས་བསམ་གཞིགས་བྱས་ཚེ། བརྗོད་བྱ་རྙེད་རྒྱུར་ཕན་པ་ཙམ་མ་ཟད། བརྩམས་སྒྲུང་གསོན་ཉམས་དོད་ལ་ཞིབ་ཆ་དང་ལྡན་པ་ཡོང་རྒྱུར་ཕན་ངེས་རེད། ༢་ བརྩམས་སྒྲུང་གི་བརྗོད་བྱ་ཡག་པོ་ཞིག་རྙེད་རྗེས། ཤོག་བུ་བླངས་ཏེ་འབྲི་བར་རྩོམ་སྐབས། ལས་དང་པོ་མང་ཆེ་བས་ཤོག་བུ་གཅིག་གཉིས་བྲིས་རྗེས་མཇུག་སྐྱེལ་ཐུབ་ཀྱི་མེད། སྐབས་འདིའི་དཀའ་ངལ་གཙོ་བོ་ནི། བརྩམས་སྒྲུང་གི་སྤྱི་ཁོག་ཅིག་རང་གི་སེམས་ནང་ཡོད་ཀྱང༌། དེ་ཤོག་ཐོག་ཏུ་ཕབ་སྐབས་གོང་འོག་སྦྲེལ་མི་ཐུབ་པ་དང༌། རྒྱུན་མཐུད་མི་ཐུབ་པ་དེ་རེད། དཀའ་ངལ་འདི་སེལ་ཐབས་གཅིག་རང་ཡོད་པ་ནི། རྩོམ་ཡིག་འབྲི་བར་གོམས་འདྲིས་ཐེབས་པ་བྱ་དགོས། ལས་ཀ་གང་འདྲ་ཞིག་ཡིན་ཡང་མ་གོམས་ན་དཀའ་ཚེགས་ཆེ་ཡང་གོམས་ན་ལས་སླ་བར་གྱུར་འགྲོ། ལྷག་པར་དུ་བརྩམས་སྒྲུང་ལ་ཆ་བཞག་ན། ལས་དང་པོ་བ་ཚོས་ཉིན་ལྟར་རང་གི་མཐོང་ཐོས་དང་འབྲེལ་བའི་གནས་ཚུལ་མགོ་མཇུག་ཚང་བ་ངག་ཐོག་ནས་བརྗོད་ཐུབ་ཀྱི་ཡོད་ཀྱང༌། ཡིག་ཐོག་ཏུ་འབྲི་མི་ཐུབ་པ་དེའི་ཐོག་ནས། བཤད་གོམས་སོང་བ་ལས་འབྲི་གོམས་བྱུང་མེད་པ་གསལ་བར་མཚོན་པས། རྒྱུན་དུ་ཉིན་ཐོ་དང་རྩོམ་ཐུང་བྲིས་ཏེ། འབྲི་གོམས་ཐེབས་པ་བྱེད་དགོས། ༣་ ལས་དང་པོ་བ་ཚོས་ཧ་ཅང་གཟབ་ནན་གྱིས་རང་གི་བརྩམས་སྒྲུང་དང་པོ་དེ་ཕུལ་དུ་བྱུང་བ་ཞིག་དང༌། གྲ་རྒྱས་པོ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དེ་ལྟར་བྱེད་སྐབས། མང་ཆེ་བས་རྩོམ་མཇུག་མ་འཁྱོལ་བར་ལུས་ཀྱི་ཡོད། དེར་བརྟེན་ཐོག་མར་བརྩམས་སྒྲུང་ཐུང་ཐུང་ཞིག་བྲིས་ན་ལེགས་ཤིང༌། དེ་ཡང་སྤྱི་ཁོག་ཙམ་ཆ་ཚང་བར་བྲིས་ཟིན་རྗེས། ཞིབ་འབྲི་བྱས་ན་ལེགས་ལ། ང་རང་གི་ཉམས་མྱོང་ལྟར་ན། སྤྱི་ཁོག་ཆ་ཚང་ཞིག་བྲིས་མ་ཚར་བར་གཞན་ལ་མ་བསྟན་ན་ལེགས་པ་ཡོང་གི་འདུག ༤་ དེ་མིན་ལས་དང་པོ་བ་མང་པོས། བརྩམས་སྒྲུང་འབྲི་སྐབས། ཚིག་སྙན་པོ་ཞེས་པའི་ཐད་གོ་ནོར་ཐེབས་ཏེ། བརྩམས་སྒྲུང་ནང་དཔེ་རྒྱན་དང་གཟུགས་རྒྱན་སོགས་སྙན་སྙན་རྫིག་རྫིག་ཐམས་ཅད་བཀོལ་ཐབས་བྱེད་ཅིང༌། དེའི་འབྲས་བུར་བརྩམས་སྒྲུང་དེ་ཚིག་རོས་ཁེངས་པའི་ཡིག་ཚོགས་ཙམ་ལས། གཞན་གྱི་ཡིད་འཕྲོག་པ་ཞིག་འབྱུང་ཐུབ་ཀྱི་མེད། ང་རང་གི་ལྟ་ཚུལ་ལྟར་ན། ཚིག་སྙན་པོ་ཞེས་པ་ནི། བརྡ་སྤྲོད་ཀྱི་གཞུང་དང་མི་འགལ་ཞིང་དོན་དེ་སྟོན་བྱེད་ཀྱི་ཚིག་འོས་ཤོས་དེ་བཀོལ་ཐུབ་ན། དེ་ལ་སྙན་པ་ཟེར་བ་རེད་སྙམ། དེ་ནི་གོས་ལྟ་བུ་ཞིག་ཡིན་པས། ཡོངས་གྲགས་ཀྱི་གོས་བཟང་བཟང་རྫིག་རྫིག་རྣམས་མི་ཀུན་ལ་རན་ཞིང་འཚམ་པར་མི་འགྱུར་བ་དང་ཆ་རེད། ༥་ བརྩམས་སྒྲུང་ནི་དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་ཅིག་རེད། དོན་གྱི་བྱུང་བ་ཞིག་ལ་མཚོན་ན། དེ་ཐོག་མར་བྱུང་བ་༼ཀ༽ནས་བར་དུ་འཕེལ་ཏེ་རྩེ་མོར་སོན་པ་༼ཁ༽དང༌། མཐའ་མ་མཇུག་བསྒྲིལ་བའི་༼ག༽གོ་རིམ་ཞིག་ཡོད་པ་རེད། དེར་བརྟེན་རྩོམ་གྱི་འགོ་དེ། གནས་ཚུལ་གྱི་འཕེལ་རིམ་གཞི་བཟུང་འཇུག་པའི་རིམ་འཇུག་༼ཀ་ཁ་ག༽དང༌། ཡང་ན་གོ་རིམ་ལྡོག་སྟེ་འཇུག་པའི་ལྡོག་འཇུག་༼ཁ་ཀ་ག༽འབྲི་ཐག་གཅོད་ཡག་པོ་བྱེད་དགོས། སྒྲུང་ཞིག་ཡིན་པའི་ཆ་ནས། དེ་ལ་ཤོད་མཁན་ཞིག་དགོས་ཤིང༌། ཤོད་མཁན་དེ་གང་ཟག་དང་པོ་༼ང་༽དང༌། གང་ཟག་གཉིས་པ།༼ཁྱེད་༽ གང་ཟག་གསུམ་པ་༼ཁོང་༽བཅས་གང་ཞིག་སྤྱད་དེ་འབྲི་མིན་ཡང་ཐག་གཅོད་ཡག་པོ་བྱེད་དགོས། རྩོམ་འགོ་དེ་ངེས་པར་དུ་ཀློག་པ་པོའི་ཡིད་དབང་འཕྲོག་རྒྱུར་ཕན་ཐོགས་ཡོད་ས་ཞིག་དང༌། བརྩམས་སྒྲུང་གི་བརྗོད་དོན་ཡོངས་རྫོགས་ཀྱི་གཙོ་གནད་དང་འབྲེལ་བ་ཡོད་པ་ཞིག་ཡིན་དགོས། དཔེ་མཚོན་ཞིག་བཞག་ན། རྒྱལ་པོ་གྲོངས་ལ་བཙུན་མོ་ཡང་གྲོངས་པ་རེད་ལྟ་བུ་ནི་བྱུང་བ་ཞིག་ཡིན་ཡང་བརྩམས་སྒྲུང་ནང་བཤད་སྟངས་དེ་རིགས་ལ་རིན་ཐང་ལྡན་པར་བརྩི་ཡི་མ་རེད། དེའི་ཚབ་ཏུ། རྒྱལ་པོ་གྲོངས་སྟབས་བཙུན་མོ་མྱ་ངན་གྱིས་གྲོངས་བཞེས་བཤད་ན་ལེགས་པར་བརྩི་ཞིང༌། བཙུན་མོ་མྱ་ངན་དྲག་པོས་གཟིར་ཏེ་ཟས་བཅུད་གཉིད་བྲལ་དུ་གྱུར་མཐར་གྲོངས་ཤིང༌། ཁོང་ལ་དེ་ལྟ་བུའི་མྱ་ངན་དྲག་པོ་བྱུང་རྐྱེན་ནི་རང་གི་བརྩེ་བའི་གཏན་གྲོགས་ཏེ་ཡུལ་གསལ་ལྡན་གྱི་རྒྱལ་པོ་མཆོག་ཟླ་ཤས་གོང་གཞན་གྱིས་དུག་ཕུལ་ཏེ་གྲོངས་པས་རེད་ལྟ་བུ་དེ་བས་ཀྱང་ལེགས་པར་བརྩི། ༦་ བརྩམས་སྒྲུང་ནང་མི་སྣ་མང་ཉུང་དང་གཙོ་ཕལ་གྱི་དབྱེ་བ་ཐག་གཅོད་ཡག་པོ་བྱེད་དགོས། སྤྱིར་བཏང་བརྩམས་སྒྲུང་ཐུང་གྲས་ནང་དོན་རྐྱེན་གཅིག་དང་མི་སྣ་གསུམ་བཞི་ལས་མེད་ན་ལེགས་ཤིང༌། བརྩམས་སྒྲུང་ནང་གི་དོན་རྐྱེན་འགོ་ཚུགས་པ་ནས་མཇུག་རྫོགས་པའི་བར་གྱི་དུས་ཡུན་ཡང་ཉིན་གཅིག་དང་ཆུ་ཚོད་ཁ་ཤས་ལྟ་བུའི་ཐུང་ཐུང་ཡིན་ན་ལེགས། བརྩམས་སྒྲུང་གི་མི་སྣར་གཙོ་ཕལ་གྱི་དབྱེ་བ་དགོས་པར་མ་ཟད། མི་སྣ་དེ་དག་གི་གཙོ་ཕལ་གྱི་དབྱེ་བ་གཞི་བཟུང༌། གཟུགས་དབྱིབས་དང༌། གཤིས་ཀ། སྐད་ཆ། གྱོན་གོས། གནས་སྟངས་སོགས་ཞིབ་འབྲི་དང་བསྡུས་འབྲི་གང་འོས་བྱ་དགོས། ༧་ བརྩམས་སྒྲུང་ནང་གི་མི་སྣ་དེ་དག་རྟོགས་བཟོ་བྱས་པ་ཞིག་ལས་དངོས་གནས་མིན། འོན་ཀྱང་ཕུལ་བྱུང་གི་བརྩམས་སྒྲུང་ནང་གི་མི་སྣ་དེ་དག་ཀློག་པ་པོའི་ཡིད་ངོར་གཏན་དུ་གནས་ཀྱི་ཡོད། དེར་བརྟེན་དེ་ནི་གཏན་དུ་ཉམས་པ་མེད་པའི་མི་གསར་བསྐྲུན་བྱས་པ་ལྟ་བུའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པས། དཀའ་ཚེགས་ཆེ་ཡང་དཀའ་ལས་བརྒྱབ་རིན་ཡོད་པ་ཞིག་ཡིན། བརྩམས་སྒྲུང་འབྲི་མཁན་ཚོའི་ཁྲོད་དུ་༼ཀློག་པ་པོར་སྒྲུང་བསྟན་དགོས་ཀྱི་བཤད་མི་རུང་༽ཞེས་པའི་བཤད་རྒྱུན་ཞིག་ཡོད། དེའི་གོ་དོན་ནི་ཞིབ་འབྲི་བྱས་ཏེ་ཀློག་པ་པོའི་ཡིད་ཀྱི་མིག་གིས་མཐོང་ཐུབ་པ་ཞིག་བཟོ་དགོས་པ་རེད། དེ་ཡང་ཞིབ་འབྲི་བྱེད་ཐབས་ལ། ༡༽ བྱ་བ་ཞིབ་འབྲི་དང༌། ༢༽ གཟུགས་དབྱིབས་ཞིབ་འབྲི། ༣༽ སེམས་ཁམས་ཞིབ་འབྲི། ༤༽ ཡུལ་ལྗོངས་ཞིབ་འབྲི་སོགས་ཡོད་པ་འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་བྲིས་ཤིང༌། རྒྱས་པ་གཞན་ནས་ཤེས་པར་བྱ། ༨་ བྱུང་རིམ་དང་མི་སྣ། ཁོར་ཡུག་སོགས་གང་བྲིས་པ་རྣམས་ཀྱི་དགོས་དོན་གཙོ་བོ་ནི། བརྗོད་དོན་གཙོ་བོ་ལེགས་པར་མཚོན་རྒྱུ་དེ་ཡིན་ཞིང༌། བརྩམས་སྒྲུང་ལེགས་ཉེས་ཀྱི་གཞི་འཛིན་ས་ཡང་བརྗོད་དོན་གཙོ་བོའི་གནས་ཚད་མཐོ་དམའ་དང༌། དེ་ཉིད་མཚོན་སྟངས་ལེགས་ཞན་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན། ཅེས་གཡར་ཁྲལ་ཙམ་དུ་ཕྲན་ཆུང་ཚེ་རིང་པས། བྲེལ་སྟབས་སུ་བྲིས།

7 comments:

  1. ངས་ད་ཕན་བརྩམས་སྒྲུང་རིང་ཐུང་མང་པོ་ཀློག་མྱོང༌། འོན་ཀྱང་ཁྱེད་རང་གིས་བརྩམས་པའི་ཁྱི་སྐྱག་གི་སྒྲུང་དེ་སྙན་ཤོས་བྱུང༌། ད་ཡང་ཁྱེད་རང་གི་ལེགས་བཤད་མང་པོ་ལྟ་རྒྱུ་རག་ས་རེད། ང་ཧ་ཅང་དགའ་པོ་བྱུང༌།
    http://chungtse.blogspot.com/་ ཞེས་པ་དེ། www.chungtse.com ཞེས་པར་བསྒྱུར་ན། ལོ་གཅིག་ལ་ཌོ་ལ་བཅུ་རེད་འདུག །རང་གི་གསང་ཨང་དེ་ཚོ་རང་འཇག་སྡོད་ཀྱི་འདུག །ཕལ་ཆེར་དེ་ལ་ཡང་གཅིག་མཚུངས་ཡིན་རྒྱུ་རེད

    ReplyDelete
  2. བྱོན་པ་ལེགས། ཕྲན་གྱིས་སྒྲུང་མ་བྲིས་པར་ཡུན་རིང་སོང། དེང་སྐབས་གཞིས་བཞུགས་མཁྱེན་ལྡན་བཀྲ་ཤིས་ཚེ་རིང་གི་མི་ཚེའི་ལོ་རྒྱུས་ལས་ཞོར་དུ་བསྒྱུར་ཏེ་པར་རྩ་བཟོ་བཞིན་པའི་སྒང་ཡིན། སྒྲུང་གི་ས་བོན་འདྲ་བོ་མང་པོ་ཡོད་ཀྱང་དུས་ཚོད་རག་གི་མི་འདུག

    རང་བདག་གི་དྲ་ཚིགས་འདི་དྲྭ་རྒྱ་རང་ལ་རྒྱ་གར་ནས་སྒྱུར་སྟངས་གང་འདྲ་ཡིན་མིན་ཤེས་མ་སོང་། ད་ལྟའི་འདི་ལ་བཀག་རྒྱ་ཆེན་པོ་འདུག དམིགས་བསལ་འདྲ་པར་རྩོམ་གྱི་དཀྱིལ་ལ་བཀོད་དགོས་ས་དང་རྩོམ་སོ་སོར་ཞབས་མཆན་དགོད་ཕྱོགས་དེ་ཚོ་ཡག་པོ་ཡོང་གི་མི་འདུག

    སྐུ་ཉིད་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ད་དུང་ཡང་ཡང་ཕེབས་རོགས་ཞེས་ཞུའོ།།

    ReplyDelete
  3. བཀྲ་ཤིས་ཚེ་རིང་ལགས་དྲུག་ཅུ་རེ་གྲངས་འདི་ག་ཨ་རིའི་སེ་ཨ་རོལ་ས་གནས་སུ་ཕེབས་ནས་ལོ་འགར་བཞུགས་པ་འདྲ། དེ་དུས་ས་སྐྱའི་མཁས་པ་ཆེན་པོ་སྡེ་གཞུང་རིན་པོ་ཆེའི་གསུང་སྒྱུར་ཡང་གནང་ཡོད་འདུག་ལ། སྐབས་ཤིག་གི་རིང་ས་སྐྱའི་རྗེ་བཙུན་མ་ཚེ་སྦྱིན་བཟང་མོ་དང་ཁོང་གཉིས་དགའ་རོགས་ཆགས་ནས་བུ་ཞིག་ཀྱང་སྐྱེས་འདུག

    ReplyDelete
  4. ཁོང་གི་ལོ་རྒྱུས་དེབ་དེ་བོད་ཡིག་ཏུ་པར་སྐྱན་གནང་རྗེས་གཅིག་ཐོབ་ཐབས་གནང་རོགས། ཀླུ་་སྨྱོན་ནས།

    ReplyDelete
  5. ཐོག་མར་སྐུ་ཉིད་སྐུ་ཁམས་བཟང་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཡོད། བཀྲ་ཤིས་ཚེ་རིང་ལགས་དྲུག་ཅུ་རེ་གྲངས་ནང་ཨ་རིར་ཕེབས་ནས་སློབ་སྦྱོང་གནང་བ་དངོས་ཡོད་རེད། ཨ་རི་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སློབ་སྦྱོང་བྱས་ཤིང། དེས་ཡིད་འཕྲོག་སྟེ་བོད་ལ་ལོག་པ་རེད། ས་སྐྱ་ཚེ་སྦྱིན་བཟང་མོ་འམ་ཚེ་སྦྱིན་དབང་མོ་དང་གཉེན་སྒྲིག་བྱས་པའང་དངོས་ཡོད་རེད། འོན་ཀྱང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ན། ཚེ་སྦྱིན་དབང་མོ་དང་གྲྭ་ལོག་ཅིག་དབར་ལུས་འབྲེལ་བྱུང་ནས་མངལ་ཆགས་ཤིང། གྲྭ་ལོག་དེས་ཚེ་སྦྱིན་དབང་མོ་བསྐྱུར་སྟབས་མོ་རང་ལྕེབས་རྩིས་བྱས་འདུག བཀྲ་ཤིས་ཚེ་རིང་གིས་མ་བུ་གཉིས་སྐྱོབས་ཆེད་གཉེན་སྒྲིག་བྱས་སྐོར་གསལ་འདུག

    དེབ་དེ་ཟླ་བ་གཅིག་ཙམ་ནང་ཐོན་ངེས་རེད། བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱེད་བཞིན་པ་ཡིན། སྐུ་ཉིད་ཀྱི་ཞལ་བྱང་ཞིག་ཕྲན་ལ་གནང་རོགས། ཡིག་ཟམ་བརྒྱུད་འབུལ་ཐབས་ཞུས་ཆོག ཆུང་ཚེས་ཕུལ།

    ReplyDelete
  6. གྲ་ལོག་དེ་རག་ར་རིན་པོ་ཆེ་རེད་ཟེར་བའི་གཏམ་འཆལ་ཞིག་འདུག དེ་ཨེ་བདེན་ནམ།

    ReplyDelete
  7. དགེ་འོས་ཀྱི་འདྲ་པར་ནང་གི་མི་སྣའི་སྐོར་གསུང་གི་ཡོད་ཚེ། དེའི་ཁོངས་སུ་རཀ་ར་རིན་པོ་ཆེ་ཡོད་རེད།

    ReplyDelete