2009-07-17

ཡེ་ཤེས་རྡོ་རྗེ་རིན་པོ་ཆེར་སྒོམ་གྱི་སྐོར་བཅར་འདྲི་ཞུས་པ།


སྔགས་འཆང་ཡེ་ཤེས་རྡོ་རྗེ་དང་བཅར་འདྲི་ཞུ་མཁན་ཌོག་ཊར་མར་ཤལ་ཝུབ་ལྷན་བཞུགས།


༼ཆར་འབེབས་དབང་པོ་ཞེས་པའི་དེབ་ནས་ཟུར་དུ་བཏོན་ཏེ་བསྒྱུར་བའོ།།༽

དྲི་བ། སྒོམ་ཞེས་པའི་ཚིག་དེ་མང་པོ་གོ་གི་འདུག །དེའི་གོ་དོན་གང་ཡིན་ནམ། ལན། སྒོམ་ཞེས་པ་ནི་ཆོས་སམ་དྷརྨ་ཉམས་སུ་ལེན་པའི་ཐབས་ཚུལ་གྱི་མིང་ཡིན། སུས་ཆོས་ཉམས་ལེན་གང་ཞིག་བྱས་ནའང་དེ་སྒོམ་ཡིན་ཞིང༌། གལ་ཏེ་ཉིན་ལྟར་འཆག་མེད་དུ་ཉམས་ལེན་མ་བྱས་ན་སྒོམ་ཆགས་ཤེས་སྟངས་མེད། ང་ཚོ་སྒོམ་སྒྲུབ་ལ་གཞོལ་དོན་ནི། རང་ཉིད་དང་གཞན་དག་འཇིག་རྟེན་འདིའི་སྡུག་བསྔལ་ལས་ཐར་བར་བྱེད་འདོད་ཀྱི་བློ་དང་བཅས་ཏེ་གྲུབ་འབྲས་རྡོག་རྡོག་ཅིག་ཡོང་བའི་ཆེད་དུ་རེད། དེར་བརྟེན་སྒོམ་སྒྲུབ་ལ་གཞོལ་མཁན་ཚོས་རང་ཉིད་ཚུད་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་བརྩེ་བ་སྙིང་རྗེ་ཆེན་པོས་དམིགས་པ་སྐྱོང་ཐུབ་པ་དགོས། སྒོམ་ཟེར་དུས། ཉིན་གཅིག་ང་ཚོ་འཆི་ངེས་ཡིན་པ་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས། དེ་ག་ནང་བཞིན་འཆི་བའི་དུས་སུ་དངུལ་དང༌། སྙན་གྲགས། རང་ཉིད་གནས་ཡུལ་སོགས་ཕྱི་དངོས་པོ་གང་གིས་ཀྱང་ཕན་ཐོགས་མེད་པའི་གནད་འགག་ཤེས་དགོས། དེར་བརྟེན་ཕྱི་དངོས་པོར་ཞེན་ཆགས་ཡོད་ན་སྒོམ་སྒྲུབ་ཡོང་ཐབས་མེད། སྒོམ་སྒྲུབ་ཉམས་ལེན་ཚུལ་བཞིན་བྱས་ན་དེ་ནི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཡིན། དྲི་བ། དྷརྨ་ཟེར་ན་གང་རེད་དམ། ལན། དྷརྨ་འམ་ཆོས་ཞེས་པའི་བོད་མིང་འདི་ནི། གུ་དོག་པའི་ཐ་སྙད་དེ་འདྲ་མ་རེད། ཐ་སྙད་དེའི་གོ་དོན་གྱི་ཁོངས་སུ། ནང་ཆོས་དང༌། ཡི་ཤུ། ཧིན་དྷུ། འཇིའུ་སོགས་འཛམ་གླིང་གི་ཆོས་ལུགས་ཚང་མ་ཚུད་ཡོད། ང་ཚོས་དེ་ཁས་བླངས་པ་དང་མཉམ་དུ་ཆོས་ལུགས་དེ་དག་གི་གུ་ཡངས་པའི་རྩ་དོན་ཏེ། དེ་ཚོའི་ནང་གི་སེམས་དང་བཟང་སྤྱོད་ཀྱི་ཁྲིམས་རྣམས་ཀྱང་ཁས་བླངས་པ་རེད། ལྟ་ཚུལ་དེའི་ཐོག་ནས་ང་ཚོར་ཉམས་ཐག་པའམ་དཀའ་ངལ་གྱི་ནང་ལྷུང་པའི་སྐྱེ་འགྲོ་རྣམས་ལ་བྱམས་པ་དང་སྙིང་རྗེའི་ཚོར་བ་སྐྱེ་ཐུབ་པ་ཡིན། ཆོས་ལུགས་ཀྱི་རྩ་བའི་ཁྱད་ཆོས་གཅིག་ནི། སྡུག་བསྔལ་གྱིས་མནར་བའི་སྐྱེ་འགྲོར་བྱམས་བརྩེའི་ཚོར་བ་ཡོད་དགོས་པ་འདི་རེད། སྡུག་བསྔལ་གྱིས་མནར་བའི་སྐྱེ་འགྲོ་དག་ལ།


སེམས་ཁུར་དང༌། སྙིང་རྗེ། བྱམས་བརྩེ་བྱེད་དགོས་པ་ནི་རྨང་གཞི་དེ་རེད། དེ་བྱུང་རྗེས་ང་ཚོས་གོམ་པ་གཅིག་མདུན་ལ་སྤོས་ཆོག་གི་རེད། དེ་ཡང་གལ་ཏེ་ནུས་པ་མེད་ལ་ཛར་འཛོར་ཅན་གྱི་མི་ཞིག་ལམ་གྱི་སྒང་ལ་ཉལ་ནས་ཡོད་ཚེ། ཁྱེད་རང་མི་འདིར་སེམས་ཁུར་གྱི་ཚོར་བ་དང་བཅས་ཏེ་མདུན་ལ་སོང་སྟེ། མི་འདིར་རང་ངོས་ནས་ཕན་ཐོགས་ག་རེ་བྱེད་ཐུབ་མིན་བསམ་བློ་གཏོང་དགོས། ཁྱེད་རང་གིས་མི་དེར་སྤྱིར་བཏང་གི་ཚིག་གིས་སེམས་གསོ་བྱེད་པའམ། (ཨོ། ཁོ་མི་ཛོར་པོ་ཞིག་རེད་འདུག ངས་ཁོ་ལ་ག་རེ་བྱས་ནས་ལག་པ་འཆང་དགོས་སམ་)ལྟ་བུ་མ་བསམ་པར་ས་ཆ་བདེ་ས་ཞིག་ཏུ་སྤོ་རྒྱུར་ལག་རོགས་བྱེད་པ་ལྟ་བུ་ནི་བྱ་བ་ཕྲན་ཚེགས་ཤིག་ཡིན་རུང༌། དེ་བྱམས་བརྩེའི་སྤྱོད་པ་ཞིག་རེད། གལ་ཏེ་ཁྱེད་རང་གིས་འདིར་ང་དང་འདྲ་བ་ཞིག་སྡུག་བསྔལ་དྲག་པོས་མནར་བའི་དངོས་དོན་ཁས་ལེན་དང་སྦྲགས། ངས་དེ་ལ་ཆེ་ཆུང་ལ་མ་ལྟོས་པའི་རོགས་རམ་བྱེད་དགོས་འདུག་སྙམ་ན། དེ་ཡང་ཆོས་ཀྱི་ཉམས་ལེན་ཞིག་རེད། དཔེ་མཚོན་གཞན་པ་ཞིག་ནི། མི་ཞིག་ཁ་སྐོམ་ཞིང་འགུལ་བསྐྱོད་མ་ཐུབ་པར་ཉལ་ཡོད་ཚེ། མི་དེར་དགོས་པ་ནི་ཆུ་ཕྲན་བུ་རེད། དེར་བརྟེན་མི་སུས་ཁོ་ལ་ཆུ་ཕོར་པ་གང་སྟེར་བ་ཡིན་ན། མ་གཞི་ཁོས་སྟེར་བ་དེ་རོགས་རམ་ཧ་ཅང་ཆུང་ཆུང་ཞིག་དང༌། ཧ་ཅང་སྤྱིར་བཏང་གི་སྤྱོད་ཚུལ་ཞིག་ཡིན་ལ། མི་མང་པོས་བསམ་བློ་གང་ཡང་མ་བཏང་བར་འདི་ལྟར་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་དོན་འདི་བསམ་བློ་ཚུལ་བཞིན་བཏང་སྟེ་བསྒྲུབ་ན། ཁྱེད་ཀྱིས་ཆོས་ལག་ལེན་གྱི་སྤྱོད་པ་ཞིག་སྤྱོད་བཞིན་ཡོད་པ་རེད། ཁྱེད་ཀྱིས་ཁོ་ལ་ཆུ་ཕོར་པ་གང་སྟེར་བ་དེ་ཁྱེད་རང་གི་ངོས་ནས་བློས་གཏོང་ཧ་ཅང་ཆུང་ཆུང་ཞིག་ཡིན་ན་ཡང་དེས་སྲོག་ཅིག་སྐྱོབ་ཐུབ་སྲིད་པ་རེད། ཐ་ན་མི་གཅིག་གིས་ཆོས་ཀྱི་ལྟ་གྲུབ་དང༌། སྒོམ་ཐབས། ཆོ་ག་རྣམས་ཧ་ཅང་ཞིབ་ཅིང་ཕྲ་བ་མ་རྟོགས་ཀྱང༌། བྱམས་བརྩེའི་བསམ་པ་འདི་ཡོད་ཆོག་པ་ཡིན། དྲི་བ། སེམས་དམིགས་པ་རྩེ་གཅིག་ཏུ་གཏོད་སྟངས་ཇི་ལྟར་སྦྱོང་དགོས་སམ། ལན། གནད་འགག་ནི་སེམས་ལ་སྟངས་འཛིན་བྱ་རྒྱུ་དེ་རེད། སེམས་དེ་རྟ་ཕོ་ཡིན་པར་བརྩིས། ལུས་པོས་རྟ་ལ་བཞོན་དུས། སེམས་ཀྱི་རྟ་ཕོས་ཁྱེད་རང་གང་ས་གང་ལ་འཁྲིད་ཀྱི་ཡོད། དེར་བརྟེན་ཁྱེད་རང་གིས་ག་རེ་བྱེད་དགོས་མིན་ཚང་མ་སེམས་ཀྱིས་བསྐུལ་ཞིང་འགོ་འཁྲིད་ཀྱི་ཡོད། མ་གཞི་བཀོད་པ་ཚང་མ་སེམས་ནས་ཡོང་གི་ཡོད་ཀྱང༌། སེམས་ཀྱི་འཆར་སྣང་ནང་གི་འགྱུར་བ་སྐྱེན་པའི་དཔེ་མཚོན་ཞིག་རྒྱུ་ནོར་གཞི་ལ་བཞག་སྟེ་གསལ་འགྲེལ་བྱེད་ཐུབ། ཁྱེད་རང་ལ་ལེགས་སྐྱེས་སམ་རྒྱུ་དངོས་མང་པོ་བྱུང་སྐབས་སེམས་པ་དེ་དགའ་སྣང་དང་བཅས་ཏེ་མྱོས་འགྲོ་གི་རེད། གལ་ཏེ་དེ་བེད་སྤྱོད་ཚུལ་བཞིན་མ་བཏང་ན། རྒྱུ་ནོར་བྱུང་བ་ཁོ་ནས་ཁྱེད་ལ་བདེ་སྐྱིད་ཚིམ་ངེས་ཡོང་མི་ཐུབ། དེ་ལས་ལྡོག་སྟེ་གལ་ཏེ་ཁྱེད་ཀྱིས་དེ་བེད་སྤྱོད་ལོག་པར་བྱས་ན། དེ་ཁྱེད་རང་ཉམས་ཉེས་དང་སྡུག་བསྔལ་གྱི་ནང་ལྷུང་བའི་རྒྱུ་རྐྱེན་ཆགས་སྲིད། རྒྱུ་ནོར་དང༌། སེམས་སྡུག ང་ཚོར་འཕྲད་པའི་ཡིད་སྐྱོའི་དུས་སྐབས་ཚང་མ་དུས་ཀྱི་ཆོས་ཅན་རེད། དེ་ཚོ་ཡོང་གི་རེད་ལ་འགྲོ་གི་ཡང་རེད། དྲི་བ། རྒྱུན་དུ་སྒོམ་སྒྲུབ་ཇི་ལྟར་བྱེད་དགོས་སམ། ལན། བྱུང་ན་ཉིན་གཅིག་ལ་སྔ་དྲོ་དང༌། ཕྱི་དྲོ། དགོང་དྲོ་དང༌། མཚན་མོ་བཅས་སྒོམ་ཐུན་བཞི་བྱེད་དགོས། གལ་ཏེ་ཁྱེད་རང་ལ་ལས་བྲེལ་ཧ་ཅང་ཆེན་པོ་ཡོད་ན། སྔ་དྲོ་གཅིག་དང་དགོང་མོ་མ་ཉལ་གོང་གཅིག་བཅས་ཐེངས་གཉིས་བྱས་ན་འགྲིག འདི་ནི་ཧ་ཅང་གལ་ཆེན་པོ་རེད། དྲི་བ། གལ་ཏེ་བྲེལ་བ་ཆེན་པོ་ཡོད་ན། སྒོམ་སྒྲུབ་ཀྱི་དུས་ཚོད་ཉུང་མཐའ་ག་ཚོད་ཙམ་བྱ་དགོས་སམ། ལན། དུས་ཚོད་ནི་མི་སོ་སོར་མི་འདྲ་བ་ཡོང་གི་རེད། དེ་བཞིན་ག་རེ་སྒོམ་སྒྲུབ་བྱེད་ཀྱི་ཡོད་མེད་ལ་ཡང་རག་ལས་ཀྱི་རེད། གལ་ཆེ་ཤོས་ནི་ཡུལ་ལ་དམིགས་པ་ག་ཚོད་ཐུབ་ཐུབ་ཀྱིས་མང་ཙམ་གཏོད་ཐུབ་པ་བྱ་རྒྱུ་དེ་རེད། ཐ་ན་ཁྱེད་རང་ལ་དུས་ཚོད་ཡོད་ནའང་དམིགས་པ་འདྲོངས་མ་ཐུབ་ན་ཆོ་ཡོད་མ་རེད། དེར་བརྟེན་དམིགས་པ་ཡག་པོ་གཏོད་ཐུབ་པའི་དུས་ཚོད་ཐུང་ཐུང་ཞིག་ཡིན་ཡང་འགྲིག་གི་རེད། དྲི་བ། རང་རྒྱུད་ལ་ཉམས་རྟོགས་སྐྱེ་བར་དུས་ཚོད་ག་ཚོད་སྒོམ་སྒྲུབ་བྱེད་དགོས་སམ། ལན། འདི་ནི་མི་སོ་སོའི་ཤེས་རབ་ཀྱི་རྩལ་དང་ཡུལ་ལ་དམིགས་པ་གཏོད་པའི་ནུས་པ་ཇི་ཡོད་ལ་རག་ལས་པ་ཞིག་རེད། དཔེར་ན། ང་ཚོས་འཕོ་བ་ཞེས་བརྗོད་པའི་རྣམ་ཤེས་སྤོར་བའི་སྦྱོང་བརྡར་དེ་བྱས་ན། མི་ཁ་ཤས་ལ་ཉི་མ་གསུམ་གྱི་ནང་ཚུན་དུ་ཉམས་རྟོགས་སྐྱེ་འགོ་ཚུགས་ཀྱི་ཡོད་ཀྱང༌། མི་གཞན་དག་ཚོར་དུས་ཚོད་རིང་པོ་འགོར་གྱི་ཡོད། དྲི་བ། རིན་པོ་ཆེ། གཅོད་ཟེར་བ་གང་རེད་དམ། ལན། གཅོད་ནི་སྐྱེ་འགྲོ་རྣམས་འཇིག་རྟེན་འདི་ལས་ཐར་ཏེ་སངས་རྒྱས་སམ་མྱང་འདས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་གཞི་རྩའི་ཐབས་ཤིག་རེད། ང་ཚོ་སྐྱེས་པའི་མཐའ་མ་ཉིན་གཅིག་འཆི་བར་ངེས། འདི་ནི་དངོས་དོན་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ང་ཚོས་སངས་རྒྱས་དང༌། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་དགོས། འཇིག་རྟེན་འདི་ལས་ཐར་བ་ནི། མྱང་འདས་ཀྱི་གོ་འཕང་ཐོབ་པའམ་འཇིག་རྟེན་འཁོར་བ་འདི་ལས་ཡོངས་སུ་ཐར་བའི་ཐོག་ནས་བསྒྲུབ་དགོས། དེའི་ཆེད་དུ་རྙིང་མ་བའི་རིང་ལུགས་ནས་བཤད་པའི་གཅོད་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། དྲི་བ། ང་ཚོས་བོད་ཀྱི་ཆོས་བརྒྱུད་ཁག་དང༌། མདོ་དང་སྔགས་ཀྱི་ཁྱད་པར་སྐོར་གོ་ཐོས་བྱུང་ཡོད། རྙིང་མ་བའི་རིང་ལུགས་ནང་གསང་སྔགས་དེ་འདྲའི་གལ་ཆེན་པོ་ཡིན་དོན་ག་རེ་ཡིན་ནམ། ལན། ང་ཚོས་རྙིང་མ་བའི་རིང་ལུགས་ནི། བོད་ཀྱི་ཆོས་བརྒྱུད་གཞན་དང་འདྲ་བར་སྐྱོད་ཡུལ་གཅིག་མཚུངས་ལ་སླེབས་ཐུབ་པའི་ལམ་མི་འདྲ་བ་ཞིག་ཏུ་བརྩིས་ཆོག་གི་རེད། མདོ་ལམ་ནི། འགོར་ལ་ཁོད་སྙོམ་པའི་རྒྱ་ལམ་སྟེ། ལམ་ཐག་རིང་ཡང་འགྲོ་བསྐྱོད་བདེ་བ། དུས་ཚོད་མང་པོ་འགོར་བའི་ལམ་ཞིག་ལ་བརྩིས་ཆོག་གི་རེད། ཐབས་ལམ་འདིས་གོམ་པ་རིམ་བགྲོད་ཀྱིས་ཡར་རྒྱས་བཏང་སྟེ་དམིགས་ཡུལ་དུ་སླེབས་རྒྱུར་ནན་བཤད་བྱེད་ཀྱི་ཡོད། སྔགས་ལམ་མམ་རྙིང་མ་བའི་དམིགས་བསལ་གྱི་ཁྱད་ཆོས་ནི། སྨྱུག་གདོང་ནང་དུ་སྦྲུལ་ཚུད་པ་ལྟར། ཡར་མར་ཐོན་སའི་ལམ་གཉིས་ལས་མེད། གསང་སྔགས་ཉམས་ལེན་ཚུལ་བཞིན་བྱས་ཚེ། མྱུར་དུ་མྱང་འདས་ཀྱི་གོ་འཕང་ཐོབ་ཐུབ་ཅིང༌། དེ་ནི་མགྱོགས་ལམ་ནས་དམིགས་ཡུལ་དུ་སླེབས་པ་ལྟ་བུ་རེད། མགྱོགས་ལམ་ནི་རྟག་པར་ཉེན་ཁ་ཆེ་ཤོས་ཀྱི་ལམ་ཡིན་ཞིང་དེའི་ཐོག་བསྐྱོད་ཐུབ་ན་ཁྱེད་རང་མི་ཚང་མའི་སྔོན་དུ་དམིགས་ཡུལ་ལ་སླེབས་ཐུབ་ཀྱི་རེད། ཡིན་ན་ཡང་ཁྱེད་རང་སྣོད་ལྡན་མ་ཡིན་པ་དང༌། ལམ་ཡག་པོ་སྦྱངས་མེད་ཚེ། ཉེན་མཆོངས་བྱས་པ་ཞིག་དང་ཐ་ན་རང་སྲོག་ཤོར་བའམ་དཀའ་སྡུག་ཆེན་པོ་མྱོང་དགོས་ཤར་སྲིད། གསང་སྔགས་ཚུལ་བཞིན་ཉམས་སུ་བླངས་ན། ངོ་མཚར་གྱི་འབྲས་བུ་ཐོབ་ངེས་པར་མ་ཟད། གཅིག་བྱས་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཀྱང་ཐོབ་སྲིད་པ་རེད། དེ་ཡང་གལ་ཏེ་རང་གིས་གསང་སྔགས་ཀྱི་ཐོག་རིག་པ་བསྒྲིམས་ཐུབ་ཚེ། དེའི་རང་བཞིན་གྱི་ཆ་ནས་དུས་ཚོད་ཐུང་ཐུང་ནང་ཉམས་རྟོགས་ཀྱི་གོ་ས་མཐོན་པོར་སླེབས་ཐུབ་ཅེས་གསུངས་ཡོད། འོན་ཀྱང་གསང་སྔགས་ནི་སྣོད་ལྡན་གྱི་གང་ཟག་ཁོ་ནའི་ལམ་ཞིག་རེད། སློབ་དཔོན་པདྨ་སམ་བྷ་བས་ལུང་བསྟན་གནང་བ་ལྟར་ད་ལྟའི་འདུ་འཛི་ཟང་ཟིང་གི་དུས་སྐབས་འདིར་གསང་སྔགས་ཀྱི་ནུས་པ་ནི་ཧ་ཅང་འབྲེལ་བ་ཆེན་པོ་ཡོད། ང་ཚོས་རྒྱུན་དུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་པའི་སྐྱེས་ཆེན་མང་པོས་རྙིང་མ་བའི་ཆོས་ཉམས་ལེན་དང་གསོལ་མཆོད་བྱ་དགོས་པའི་སྐོར་གསུངས་པ་གོ་ཐོས་ཡོང་གི་ཡོད། དྲི་བ། ཆོས་ཀྱི་ཉམས་ལེན་ཇི་ལྟར་ཞུ་དགོས་སམ། ལན། རང་གི་ལུས་ངག་ཡིད་གསུམ་གྱི་ནུས་པ་བརྒྱུད་དེ་ཞུ་དགོས། དེ་ཡང་ལུས་པོས་ཕྱག་མཆོད་འབུལ་དང་གནས་བསྐོར་དུ་འགྲོ་བ་དང༌། ཆོས་མཐུན་གྱི་བྱེད་སྒོར་ཞུགས་དགོས། ངག་གིས་དཔེ་ཆ་དང་ཟུངས་སྔགས་གང་མང་བཟླ་དགོས། གསུམ་པ་རང་གི་སེམས་པ་དེ་མི་ཚེ་ཧྲིལ་པོའི་རིང་སེམས་ཅན་ཀུན་གྱི་བདེ་དོན་ཆེད་དུ་འདུན་པ་དང་ཀུན་སློང་ལྷད་མེད་པ་ཡོད་དགོས་པར་མ་ཟད། འཇིག་རྟེན་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་འདོད་ཀྱི་བློ་དྲག་པོ་དགོས། ཚིག་གཞན་གྱིས་བཤད་ན། རང་གི་ལུས་ངག་ཡིད་གསུམ་གཙང་མར་གནས་ཐབས་བྱེད་དགོས། རྒྱུན་དུ་ཆོས་མཐུན་གྱི་སྤྱི་ཚོགས་དང་མི་ཚོར་འབྲེལ་གཏུགས་བྱས་ཐོག །མཆོད་ཡུལ་གྱི་སྐྱེ་བོ་རྣམས་རང་ཁྱིམ་དུ་སྨོན་ལམ་འདོན་པ་དང་ཆོས་གསུངས་པར་གདན་འདྲེན་ཞུ་དགོས། དེ་བཞིན་སྡུག་བསྔལ་གྱིས་རྒྱུན་ཆད་མེད་པར་མནར་བ་ཤེས་པའི་ཐོག་ནས་རང་ཉིད་དང་འགྲོ་བ་སེམས་ཅན་ཐམས་ཅད་འཇིག་རྟེན་འཁོར་བ་ལས་ཐར་འདོད་ཀྱི་བློ་སྐྱེ་དགོས། དེར་བརྟེན་རང་ཉིད་ལ་ཞལ་འདོན་དང་ཆོས་སློབ་མཁན་གྱི་བཤེས་གཉེན་ཞིག་དགོས་གལ་ཆེན་པོ་ཡོད། ཁོང་ནི་རང་ལ་སྤངས་བྱ་དང་དོར་བྱའི་གནད་སློབ་སྟོན་གནང་མཁན་དེ་ཡིན་ལ། ཚིག་གཞན་གྱིས་བཤད་ན། ཇི་ལྟར་བསོད་ནམས་གསོག་དགོས་པ་དང༌། ཇི་ལྟར་བསོད་ནམས་མ་ཡིན་པའི་ལས་སྤོངས་ཚུལ་སློབ་མཁན་དེ་ཡིན། དྲི་བ། ཁྱེད་ཀྱིས་གལ་ཆེན་པོ་ཡིན་པར་གསུངས་པ་ལྟར། བླ་མའམ་གུ་རུ་ཇི་ལྟར་འཚོལ་དགོས་སམ། ལན། རྒྱུད་ལ་ཡོན་ཏན་སྐྱེ་བར་བླ་མ་ཞིག་ལ་བསྟེན་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཐ་ན་བླ་མ་ཞིག་ཡིན་རུང་བླ་མ་གཞན་ཞིག་ལ་སྐྱབས་སུ་འགྲོ་དགོས་པར་གསུངས་ཡོད། ཐ་ན་སྤྲུལ་སྐུ་ཡིན་ན་ཡང་ཐོག་མར་བླ་མ་ལ་སྐྱབས་སུ་འགྲོ་དགོས་པ་དང༌། དེ་ནས་བླ་མ་དེ་ཉིད་ཆོས་ཀྱི་རྣམ་པར་མོས་ཏེ་སྐྱབས་སུ་འགྲོ་དགོས། བླ་མས་བྱང་ཆུབ་ཀྱི་ལམ་འཁྲིད་སྟོན་མཛད་པ་ལྟར་ང་ཚོས་འགྲོ་ཐུབ་ཚེ། ཆོས་དང་ཞལ་འདོན་ལ་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་སྐྱོན་སེལ་རྒྱུར་འབད་དགོས། རིམ་པ་གཉིས་པ་འདི་ཚར་ན། དེ་ནས་རང་གི་སེམས་དང་རྣམ་ཤེས་ལ་རྟོག་ཞིབ་བྱ་རྒྱུའི་རིམ་པའི་ཐོག་འགྲོ་དགོས། དྲི་བ། ཁྱེད་ཀྱིས་ནུབ་ཕྱོགས་ཀྱི་མི་ཚོར་གསུངས་དགོས་པ་དེ་འདྲ་ཡོད་དམ། ལན། རྒྱུན་དུ་རང་གི་སྤྱོད་ཚུལ་ལ་ལྟོས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་ཚོར་བ་དང་འབྲེལ་བའི་ཉོན་མོང་དུག་གསུམ་གྱི་ལས་ངན་དང་ཐག་རིང་ཙམ་བྱས་ཏེ་རང་ཉིད་ཡར་རྒྱས་ཡོང་ཐབས་མཛོད། དགེ་བའི་ལས་ལ་གཞོལ། མི་དགེ་བའི་ལས་སྤངས་ཏེ་རང་ཉིད་ཡར་རྒྱས་ཡོང་ཐབས་གནང་རོགས།

No comments:

Post a Comment