2009-07-17

ཡིག་འགྱུར་སྐོར།


 ༄༅། ལོ་ཙཱའམ་འགྱུར་གྱི་ལས་ཀ་ནི་རིག་གཞུང་ཕྱིར་སྤེལ་ནང་འདྲེན་དང༌། ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་སོགས་ལ་མེད་དུ་མི་རུང་བ་ཡིན་ཞིང༌། བོད་ཀྱི་རིག་གཞུང་གི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིག་འགྱུར་ལ་བརྟེན་ནས་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད། དེང་གི་ཡིག་འགྱུར་གྱི་གནས་སྟངས་དང་དཀའ་ཚེགས་ལ་གཞིགས་ན་སྔོན་གྱི་ལོ་ཙཱ་བ་ཚོས་སྐུ་ངལ་ཇི་ཙམ་བཞེས་ཡོད་པ་ཧ་ཅང་གསལ་པོར་མཐོང་ཐུབ་ཅིང༌། ཕྱིའི་མཐུན་རྐྱེན་སྔོན་དུས་ལས་ལྡབ་འགྱུར་གྱི་ལེགས་པའི་དུས་འདིར་བློ་གསར་གཞོན་ནུ་ཚོས་རང་གི་སྐད་ཡིག་རིག་གཞུང་རྩ་བར་བཟུང་སྟེ་སློབ་གཉེར་ཐོག བློ་སྟོབས་ཆེན་པོས་ཕྱིའི་རིག་གཞུང་བོད་དུ་ནང་འདྲེན་བྱ་དགོས་པ་ནི། ཆོས་སྲིད་གཉིས་ཐད་ནས་གལ་འགངས་ཤིན་ཏུ་ཆེ། ནང་འདྲེན་བྱེད་སྐབས་གཙོ་བོ་མ་ཡིག་གི་ནང་དོན་ནོར་འཆུག་མེད་ལ་ཁྱད་ཆོས་ཁག་མ་ཉམས་པའི་སྒོ་ནས་བོད་མི་སྤྱིས་ངག་ནས་བརྗོད་བདེ་བ་དང༌། གོ་བདེ་བ། རྟོགས་བདེ་བ་བཅས་འབྱུང་ཐབས་གནང་དགོས་པ་ལས། བོད་སྐད་དུ་བསྒྱུར་ཡང་བོད་མིས་མི་གོ་བ་དེ་འདྲ་ཆགས་ཚེ་བོད་སྐད་དུ་བསྒྱུར་བའི་དགོས་དོན་མ་བསྒྲུབས་པ་རེད། ཡིག་འགྱུར་ཚད་ལྡན་ཡོང་བར་ཉུང་མཐར་ ༡༽ སྐད་ཡིག་གི་གནས་ཚད་ལྡན་པ་དང༌། ༢༽ ནང་དོན་ལ་རྒྱུས་མངའ་ཟབ་པ། ༣༽ བརྩོན་འགྲུས་ཆེ་བ་དགོས་ཤིང༌། དེ་ལྟར་ཡོད་པའི་རྨང་གཞིའི་སྟེང་མ་ཡིག་ཀློག་སྐབས་སྤྱིར་བཏང་ཀློག་པ་པོ་ཚོས་མིག་གིས་གཡས་ནས་གཡོན་གྱི་གོ་རིམ་བརྒྱུད་ཡིག་འབྲུ་རེ་དང༌། དེ་ལས་མིང་ཚིག མིང་ཚིག་ལས་བརྗོད་པ། བརྗོད་པ་ལས་དུམ་མཚམས་དང༌། ལེའུ་སོགས་གྲུབ་པ་རྣམས་བཀླགས་ཀྱང༌། སེམས་ཀྱིས་ཚིག་ཕྲེང་མི་འཛིན་པར་དེས་བཞག་པའི་བག་ཆགས་ཙམ་འཛིན། འོན་ཀྱང་ལོ་ཙཱ་བས་བསྒྱུར་བྱའི་མ་ཡིག་དེ་ལྟར་བཀླགས་ན་མི་འགྲིགས་པར། མ་དཔེའི་ཚིག་འབྲུ་རེ་རེ་དང་བརྗོད་པའི་གྲུབ་ཚུལ་རེ་རེ་ནས་དོ་སྣང་བྱས་ཏེ་བཀླགས་དགོས། དེར་བརྟེན། བཀླགས་སྐབས་སྙིང་པོ་དང་གཙོ་གནད་འཛིན་པ། ཞིབ་འགྲེལ་ལ་དོ་སྣང་བྱེད་པ། ཚིག་གི་འབྱུང་རྩར་བརྟག་སྟེ་གོ་བ་ལེན་པ། རྩོམ་མཁན་གྱི་རྩོམ་འགྲོས་ཧ་གོ་དགོས་པ། སྐད་ཀྱི་གནས་ཚད་ངོས་འཛིན་པ། རིག་གཞུང་གི་གནད་དོན་དང་དཀའ་གནད་རྣམས་ཟུར་དུ་འདོན་དགོས། དེ་ནས་ནང་དོན་དང་མིང་ཚིག་མ་ཤེས་པ་རྣམས་ཤེས་ཐབས་སུ་ཉམས་ཞིབ་བྱེད་དགོས་ཤིང༌། དེའི་ཆེད་༡༽ སྐད་གཉིས་ཤན་སྦྱར་ཚིག་མཛོད་དང༌། ༢༽ སྐད་གཅིག་ཚིག་མཛོད། ༣༽ ཤེས་བྱ་ཀུན་བཏུས་ཆེ་མོ། ༤༽ དེ་མིན་འབྲེལ་ཡོད་ཆེད་དེབ་དང་རྩོམ་ཡིག་ཁག་བཀླགས་ཏེ་ནང་དོན་དཔྱིས་ཕྱིན་པ་ཤེས་པ་བྱ་དགོས། དེ་ཙམ་མ་ཟད། ༥༽ མ་དཔེའི་རྩོམ་འགྲོས་དང༌། དེའི་མགོ་མཇུག་བར་གསུམ་གྱི་གྲུབ་ཚུལ་དང་འབྲེལ་བ་ཤེས་པ་བྱ་དགོས། དེ་རྗེས་༧༽ སྒྱུར་བྱེད་སྐད་བརྡ་ལེགས་ཤོས་བཀོད་སྒྲིག་བྱེད་པ་དང༌། ༨༽ བསྒྱུར་མ་ཐུབ་པ་རྣམས་མཚོན་བྱེད་ལེགས་ཤོས་འདེམས་དགོས། དེ་དག་ཟིན་རྗེས་དངོས་སུ་བསྒྱུར་འབྲི་བྱ་དགོས་ཤིང༌། འབྲི་སྐབས་༡༽ གནད་འགག་ངོས་བཟུང་ནས་འབྲི་བ་དང༌། ༢༽ མི་སྣའི་འབྲེལ་བར་གཞིགས་ཏེ་འོས་འཚམས་ཀྱི་མིང་ཚིག་འདེམས་ནས་འབྲི་བ། ༣༽ སྐད་ཡིག་གི་རིམ་པ་ཏག་ཏག་གནས་དགོས་པ། ༤༽ མ་ཡིག་གི་ཚིག་རིམ་ལྟར་འབྲི་བ་གཙོ་འདོན། ༥༽ དཀའ་ངལ་འཕྲད་སྐབས་གོ་རིམ་དཀྲུག་པ་དང༌། ཚིག་སྒྲུབ་ཀྱི་སྒྲོམ་གཞི་བསྒྱུར་བ། གསར་སྣོན་བྱེད་པ། ཚིག་དོན་རྒྱ་ཆེ་བ་སྤྱོད་པ། མཆན་བུ་འགོད་པ་སོགས་ཐབས་ཤེས་སྣ་ཚོགས་སྤྱོད་དགོས། དེ་རྗེས་ཞུ་དག་བྱ་དགོས་ཤིང༌། ཞུ་དག་ལ། སྐད་གཉིས་སྨྲ་བ་གཞན་གྱིས་མ་དཔེ་དང་བསྡུར་ཏེ་ཆད་ལྷག་ནོར་གསུམ་གྱི་སྐྱོན་བྱུང་མིན་ཞུ་དག་དང༌། དེ་རྗེས་བོད་ཡིག་མཁས་པས་ཚིག་སྦྱོར་ཞུ་དག དེ་རྗེས་གཙོ་བོ་དག་ཆའི་ཞུ་དག་བཅས་དགོས་ཤིང༌། དེའི་ཐོག་བྱུང་ན། སྤྱིར་བཏང་གི་ཀློག་པ་པོ་ཁ་ཤས་ལ་བཀླག་ཏུ་བཅུག་སྟེ་བསམ་འཆར་བསྡུ་ཐུབ་ན་ལེགས། ཕྲན་ཆུང་ཚེ་རིང་པས། ལམ་བར་དུ་གཡར་ཁྲལ་ཙམ་དུ་བྲིས།།

4 comments:

  1. སྤྱི་ལོ་༡༩༩༠ཡི་ལོ་སྟོད་ཙམ་དུ་སྦིར་སློབ་གྲ་རུ་་སློབ་གཉེར་བྱ་བཞིན་སྐབས་་ཆུང་ཚེ་རེང་ལགས་ཀྱིས་སྐབས་དེར་ནས་བག་ཆག་ཞིག་གཞག་པར་བདག་གིས་དྲན་གསོས་ཀྱི་འདུག་སློབ་གྲའི་འདུ་འཛོམས་སམ་དུས་དྲན་གྱི་ཉིན་མོའི་སྐབས་སློབ་མ་ཚོས་རང་སོ་སོས་བཙལ་བསྟོན་གྱི་གླ་གཞས་གཏོང་བའ་གཏམ་བརྗོད་ཁྲབ་བཞིན་པའི་དགའ་སྤྲོའི་རྣམ་པར་རོལ་བཞིན་སྐབས་ཆུང་ཚེ་རིང་ལགས་མང་ཚོགས་དཀྱིལ་ནས་ཡར་ལངས་ཤིང་་ད་ངས་སྙན་ ངག་ཞིག་རྩོམ་་གྱི་ཡིན་ཅེས་མགོ་བོ་ཅོར་ཙོམ་བྱས་ནས་བལྟས་མོ་ཚར་ཡིད་འགུག་ཐུབ་པའི་རྣམ་དཔྱད་ཞིག་ལྡན་པ་སྐབས་དེ་དུས་ནས་དྲན་མྱོང་དེ་རྗེས་སུ་ཆུང་ཚེ་རིང་ལགས་གཞུང་ཞབས་སུ་འདེབས་བསྐོས་ཀྱིས་བོད་གཞུང་ཤེས་ཡིག་ལས་ཁུངས་སུ་བོད་ཀྱི་སྐད་ཡིག་དང་རིགས་གཞུང་ལ་སྨན་པའི་ཞལ་ཞུ་རླབས་པོ་ཆེ་བསྒྲུགས་ཡོད་པར་ངེས་བརྗོད་ཅི་དགོས་ལྷག་པར་དུ་འབར་པར་ཕུན་ཚོགས་དབང་རྒྱལ་གྱིས་ལོ་རྒྱུས་སྙན་དེབ་དེ་བོད་བསྒྱུར་ཞུ་བ་ཞིག་ངས་མགོ་མཇུག་བར་ཐེངས་གཅིག་བཀླགས་པ་ཡིན་པའི་ངོས་ཀྱིས་་དངོས་ནས་བོད་མི་གཞོན་སྐྱེས་ལོ་ཙ་བ་སྙིང་སྟོབས་ལྡན་པ་སྙིང་རུས་ཆེ་བ་ཁྱེད་ལྟ་བུ་ཞིག་བཙན་འབྱོལ་མི་ཡུལ་དུ་སྐྱེས་སྲིང་བྱུང་བ་ཡིད་རང་སྐྱེས་བྱུང་་

    ReplyDelete
  2. སློབ་གྲོགས་ཁྱེད་རང་སུ་ཡིན་མིན་ཏན་ཏན་རང་ཤེས་མ་སོང། འདིར་ཕེབས་པར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་རང་གི་དྲ་ཚིགས་ལ་བལྟ་དུས་དབྱིན་ཡིག་གི་གནས་ཚད་ཡག་པོ་འདུག །ངའི་སློབ་གྲོགས་རྡོ་རྗེ་དགྲ་འདུལ་ཞེས་པ་ཞིག་ཡོད། སྔོན་མ་བཀྲ་ཤིས་ཉི་མ་དང་མཉམ་དུ་མང་པོ་འགྲོ་གི་རེད། དེ་མིན་ནམ་སྙམ་པ་ཤར་བྱུང།
    ཁྱེད་ཀྱིས་ངའི་བསྒྱུར་རྩོམ་ལ་གཟིགས་ཏེ་གདེང་འཇོག་གནང་བས་སྐུལ་མ་ཐེབས། དེང་སྐབས་གཞིས་བཞུགས་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་The Stuggle for Modern Tibet ཞེས་པ་དེ་ལས་ཞོར་དུ་བོད་ཡིག་ལ་བསྒྱུར་ཟིན་ཏེ་པར་རྩ་བཟོ་སྒང་ཡིན།

    གང་ལྟར་སློབ་གྲོགས་ལགས་འདིར་ཕེབས་པར་དགའ་བསུ་དང་ད་དུང་ཡང་ཡང་ཕེབས་རོགས་ཞུ།

    ReplyDelete
  3. གཏི་མུག་གྲོགས་དང་འགྲོགས་པའི་བསེ་རུ་ངས།།
    བརྩོན་འགྲུས་རྟ་ལ་བཞོན་པའི་ཆུང་ཚེའི་དྲུང་།།
    ཁ་མིག་ཡར་ལྟར་བྱེད་ཞོར་ས་མཐའ་ནས།།
    རང་སེམས་རང་གིས་གསོ་བཞིན་གནས་མུས་ལགས།།

    རིགས་གཟུགས་ལང་ཚོའི་དྲེགས་ནམས་གང་ལ་མེད།།
    རྒྱ་དང་འབྱོར་པ་དབང་ཐང་གོ་ས་མེད།།
    འཇིག་རྟེན་གྲགས་འདོད་མིང་བྱང་རྫིག་པོ་མེད།།
    མེད་མུག་ལོ་ཟླའི་ཁྲོད་ན་ཁྱེད་ཉིད་རྒས།།

    རྣམ་དཔྱོད་རིག་པའི་མེ་ལྕེ་ཚ་ཞིང་འབར།།
    དཔྱོད་ཤེས་རིག་པའི་མཚོན་ཆ་རྣོ་ཞིང་ངར།།
    རིགས་ཀྱི་དོན་གོ་གཅོད་པའི་གཟུར་གནས་གང་།།
    ཡུལ་གྱུར་སྤུན་ཟླར་་མི་མཁོ་ཅི་ལ་ཡིན།།

    ReplyDelete
  4. སུ་ཡིན་ཆ་མེད་མགྲོན་པོ་བསེ་རུ་ཡི།།
    ཐོལ་བྱུང་སྙན་ཚིག་རོལ་མོ་ཐོས་པ་ན།།
    རྣམ་དཔྱོད་རྩ་བར་རྩོམ་རྩལ་རྒྱས་མཐོང་ནས།།
    ཡི་རང་གུས་བརྩིའི་མེ་ཏོག་དུང་དུང་བཞད།།

    ReplyDelete