2018-03-10

ཇོ་ཁང་མེ་སྐྱོན་སྐོར།

༡) བོད་ནང་རྩ་ཆེ་ཤོས་སུ་བརྩི་བའི་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་ངམ། ཇོ་ཁང་ལ་ཉེ་དུས་མེ་སྐྱོན་ཚབས་ཆེན་བྱུང་བ་དེ་ནི། བོད་མི་སྤྱི་དང་། འཛམ་གླིང་གི་ནང་པ་ཡོངས་ཀྱིས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། 
༢) ད་རེས་རྒྱ་ནག་གཞུང་གིས་མེ་སྐྱོན་འབྱུང་རྐྱེན་ག་རེ་ཡིན་མིན་དང་། གནོད་འཚེ་ཆེ་ཆུང་ཇི་ཙམ་ཕོག་ཡོད་མེད་གསལ་ཁ་བཏོད་མེད་ཀྱང་། ཇོ་ཁང་གི་རྒྱ་ཕིབས་ལ་མེ་ཧ་ཅང་ཤུགས་ཆེན་པོ་མཆེད་སྟངས་དང་། མེ་མཆེད་པའི་དུས་ཡུན་རིང་ལོད་ལ་གཞིགས་ན། འཚིག་སྐྱོན་ཆེན་པོ་བྱུང་ཡོད་པ་ཚོད་དཔག་ཐུབ་པ་ཞིག་རེད།
༣) རྒྱ་ནག་གཞུང་གིས་ཇོ་ཁང་དང་། བོད་ཀྱི་དགོན་སྡེ་ཁག་ཏུ་དམག་མི་ཧ་ཅང་མང་པོ་ཞིག་ཆེད་མངགས་ལོ་ནས་ལོ་བསྟུད་དེ་བཞག་ཡོད། དེའི་རྒྱུ་མཚན་གཙོ་བོ་གཅིག་ནི། དགོན་སྡེ་དང་ལྷ་ཁང་ལ་མེ་སྐྱོན་བྱུང་ན་ལམ་སང་གསོད་ཐུབ་པའི་ཆེད་དུ་བཞག་པ་ཡིན་ཟེར་གྱི་ཡོད་པ་རེད། འོན་ཀྱང་ད་རེས་ཇོ་ཁང་ལ་ཕྱི་དྲོ་ཆུ་ཚོད་ ༦ ཡོལ་ཙམ་ནས་དགོང་དྲོ་ ༨ ཡོལ་ཡོལ་བར་མེ་གསོད་ཐུབ་མེད་པ་དང་། མེ་གསོད་བཞིན་པའི་བརྙན་ཁྱབ་པ་ཁག་ལ་བལྟས་ན། དམག་མིར་མེ་གསོད་ཀྱི་ཡོ་ཆས་དང་། མེ་ཐུབ་ཀྱི་གྱོན་གོས་སོགས་མེད་པ་དེའི་ཐོག་ནས། དོན་དངོས་སུ་དམག་མི་དེ་དག་རྒྱ་གཞུང་གིས་བཤད་པ་ལྟར་མེ་སྐྱོན་སྔོན་འགོག་གི་ཆེད་དུ་བཞག་པ་མིན་པ་གསལ་པོར་གྱུར་པ་མ་ཟད། མེ་སྐྱོན་བྱུང་ན། དེར་གདོང་ལེན་བྱེད་ཕྱོགས་ཀྱི་གྲ་སྒྲིག་ཧ་ཅང་ཞན་པོ་ཡིན་པ་མཐོང་ཐུབ།
༤) ད་རེས་ཇོ་ཁང་གི་རྟེན་གཙོ་ཇོ་བོ་ཤཀྱ་མུ་ནེའི་སྐུ་བརྙན་ལ། འཚིག་སྐྱོན་བྱུང་མེད་པའི་སྣང་ཚུལ་མངོན་པ་དེ་ནི་དགའ་འོས་པ་ཞིག་ཡིན། འོན་ཀྱང་ཇོ་བོར་འཚིག་སྐྱོན་མ་བྱུང་ན། གཞན་ཚང་མ་འཚིག་ནའང་སྐྱོན་མེད་ཤག་ཤག་གི་བཤད་སྟངས་དང་བྱེད་སྟངས་ནི་ཧང་སངས་དགོས་པ་ཞིག་རེད། ཇོ་ཁང་ནང་ཇོ་བོ་ཤཀྱ་མུ་ནེ་ལས་གཞན་རིན་ཐང་ཧ་ཅང་ཆེ་བའི་ལྡེབས་རིས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕྱག་བཟོ་ལས་བྱུང་བར་གྲགས་པའི་སེང་གེའི་གདོང་དབྱིབས་འདྲ་མིན། ཆོས་རྒྱལ་གྱི་ཁྲུངས་བན་ངོ་མཚར་ཅན། དཔལ་ལྡན་ལྷ་མོ་ཞི་དྲག་གི་སྐུ་བརྙན་དང་སྐུ་གསོབ། དེ་མིན་གྱི་རྟེན་རྫས་རྩ་ཆེན་ཤིན་ཏུ་མང་པོ་ཇོ་ཁང་གི་བར་ཐོག་དང་སྟེང་ཐོག་ཏུ་བཞུགས་སུ་གསོལ་ཡོད། ལྷག་པར་མེ་སྐྱོན་མངོན་གསལ་དུ་བྱུང་སའི་རྒྱ་ཕིབས་དེ་གའི་གཡས་གཡོན་གྱི་ཁང་མིག་ཁ་ཤས་ནང་། གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར། གླེགས་ཤིང་དང་གླེགས་ཐག་སྡོམ་བྱེད་ཀྱི་སྣེ་གུ་གསེར་དཀར་པོ་ལས་བཟོས་པ་སོགས་ངོ་མཚར་ཤིན་ཏུ་ཆེ་བ་མང་པོ་བཞུགས་ཡོད་པས། བོད་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་སྲུང་སྐྱོབས་དང་ཉར་ཚགས་བྱས་པའི་རྟེན་རྫས་འདི་ཚོར་འཚིག་སྐྱོན་བྱུང་བ་ནི། ལོ་རྒྱུས་ཀྱི་རིན་ཐང་དང་། རིག་དངོས་ཀྱི་རིན་ཐང་། ཞིབ་འཇུག་གི་རིན་ཐང་སོགས་ཕྱོགས་གང་ནས་བལྟས་ཀྱང་ཕངས་སེམས་སྐྱེ་དགོས་པ་ཞིག་རེད།

2017-05-18

མི་ཚེའི་ལྗོན་པ།









རྩ་བ་གར་ཚུགས་རང་ལ་རང་དབང་མེད།།
ས་ལུད་དྲོད་བཤེར་ཚང་མིན་ངེས་པ་མེད།།
མི་ཚེའི་ལྗོན་རྩ་ལས་ཀྱིས་གར་བཙུགས་རེད།།
མཐུན་རྐྱེན་འཛོམས་མིན་རང་གི་བསོད་ནམས་རེད།།

དྭངས་གཙང་མྱུ་གུ་ཕྱི་ལ་ཐོན་མ་ཐག །
ནག་ནོག་འགོ་བར་མི་ཚོས་བག་ཆགས་ཟེར།།
ཚ་གྲང་གྲི་ཡིས་གཙེས་པའི་རྨ་ཁ་ལ།།
ཉམས་མྱོང་ཞེས་པའི་མིང་གིས་བསྙད་དེ་ཡོད།།

རྙོག་འཛིང་ཚང་ཚིང་ཁྲོད་དུ་གསོན་པ་ལ།།
སྒྲེང་འཁྱུད་རྡེག་པའི་རྩལ་ནི་ངེས་པར་མཁོ།།
ས་སྐྱེས་རྡོ་སྐྱེས་རྩི་ཤིང་མང་པོའི་གནས།།
ཤིང་ངན་འཁྱམས་པོས་བཟུང་བའི་དཔེ་མང་ངོ་།།

རང་གི་ནང་གི་སྐྱེ་སྟོབས་ཆེ་ཆུང་དང་།།
ཕྱི་ཡི་མཐུན་རྐྱེན་འཛོམས་དང་མ་འཛོམས་ལས།།
དྲང་འཁྱོག་སྦོམ་ཕྲའི་ལྗོན་པ་སྣ་ཚོགས་ཏེ།།
དེ་ལས་འཇིག་རྟེན་དགའ་ཚལ་འདི་ཆགས་སོ།།

བརྩེ་དུང་ཡལ་ག་བརྩེ་བའི་གྲོགས་ལ་བསྲིངས།།
འབྲེལ་བའི་ལོ་མ་ཕྱོགས་དང་མཚམས་སུ་བསྐྱེད།།
བདེ་སྐྱིད་མེ་ཏོག་བཞད་པའི་དུས་མཚམས་དེར།།
འཇིག་རྟེན་ཧྲིལ་པོ་མཚར་སྡུག་ཡི་གར་འོང་།།

ཕན་གནོད་དབང་གིས་སྨན་ཤིང་དུག་ཤིང་དང་།།
ཁ་དོག་དབང་གིས་དཀར་ནག་སེར་པོ་དང་།།
རྒྱུ་སྟོབས་ཆ་ནས་དབུལ་ཕྱུག་མཐོ་དམའ་སོགས།།
ལྗོན་པའི་སྡེ་ལ་དབྱེ་བ་སྣ་ཚོགས་ཕྱེ།།

སྐྱིད་སྡུག་ཐལ་རྡུལ་དྲག་པོས་གཙེས་གཙེས་ཏེ།།
ཕྱི་ཤུན་སྲབ་མོ་རིམ་གྱིས་མཐུག་ཏུ་འགྲོ།།
འཕར་འབུབ་ཉི་སྲིབ་མང་པོ་བརྒྱུད་བརྒྱུད་ནས།།
འཇམ་པའི་སྡོང་པོར་འབར་འབུར་དོད་པར་གྱུར།།

ལ་ལ་འཐོར་རླུང་དྲག་པོས་ས་ལ་བསྒྱེལ།།
འགའ་ཞིག་དུས་མིན་ནད་ཀྱིས་མནར་ཏེ་འགྲོ།།
ཁ་ཤས་ཐོགས་མདའ་རྣོན་པོས་ཐལ་བར་བསྟོར།།
སྲིད་འདིར་སྲིད་མཐར་གནས་པའི་ཤིང་ཞིག་མེད།།

རང་སྐྱེས་ལོ་མ་བྲལ་ནས་སླར་མི་འབྱར།།
ལང་འཚོའི་མེ་ཏོག་སླར་བཞད་མེད་པར་གྱུར།།
མི་ཚེའི་ལྗོན་པ་རྩ་ནས་སྐམ་པའི་མཐར།།
སྡོང་རོའི་བཅུད་དག་ས་གཞིའི་པང་ལ་ཐིམ།།


ཞེས་པ་འདི་ཡང་ ༢༠༡༧ ཟླ་བ་ ༥ ཚེས་ ༡༨ ཉིན་བྱ་སྒྲོ་དཀར་པོས། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིད་ཎི་ཡི་བྱང་ཕྱོགས་སུ། ལྗོན་པའི་འོག་ཏུ་གཅིག་པུར་གུང་ཟས་བཟའ་བཞིན་པར་འཕྲལ་མར་བྲིས་ཏེ་སྤེལ་བའོ།། །།

 

2017-03-26

སྙན་མིག་ལོང་སོང་།


གྲོགས་པོ་འགས་སྙན་ངག་འབྲི་དགོས་པའི་བསྐུལ་མ་བྱུང་རྗེས།

ནམ་མཁའ་ཡངས་ཀྱང་།།
གཤོག་པ་ཆད་པའི་བྱ་ལ་ཅི།།
བལྟ་བྱ་མཛེས་ཀྱང་།
ལྟ་བྱེད་ལོང་ལ་ག་རེ།

འགྲོ་འདོད་པའི་ལམ་དེ་ནམ་མཁའ་བཞིན་མཐའ་མེད་དུ་བསྐྱེད་དུས།
ངའི་སྙིང་ཁ་འདི་ས་སྟེང་གི་རྩྭ་ལྗང་གཅིག
ལམ་སྟེང་གི་རྐང་རྗེས་ཤིག
རླུང་གཅིག་གིས་འགུལ་བདེ། ཤུགས་གཅིག་གིས་བསུབས་སླ།

ཀྱེ་མ། ཁྱེད་ཀྱིས་ད་ནས་ཐོས་པར་མི་འགྱུར།
མཐོང་བར་ཡང་མི་འགྱུར།
རྒྱུ་མཚན་ནི། ངའི་སྙན་ངག་གི་མིག་ལོང་ཟིན།

༢༠༡༧།༠༣།༢༧ མཚན་མོར།

2016-09-25

ཆུ་མོ་སྐམ་ཞིང་སྡོང་རྩ་རུལ་བའི་རྗེས།།


སྐབས་དེར་ངའི་ཕ་ཡུལ་གྲང་མོ་རེད།།
མེ་སྟག་རེ་ཞིང་དྲོད་ལ་རིངས།།
ཁྱེད་རང་ཡོང་དུས་ཚ་པོ་རེད།།
གང་ཞིག་དྲོད་འདོད་ཨེ་ཡོད་དམ།།

སུས་ཀྱང་སུ་ལ་མ་འཁང་སྟོན་པས་ཟེར།།

ཆུ་མོ་སྐམ་ཞིང་སྡོང་རྩ་རུལ་བའི་རྗེས།།
རི་བོའི་སྒང་གི་མེ་ཁྱེད་མ་བོས་མགྲོན།།

རི་བོ་འདུར་ཞིང་སྤྲིན་པ་ལྷུང་པའི་གཏམ་རྒྱུད་དེ།།
ལྷ་རྣམས་ཡལ་ཞིང་སྲུང་མ་བྲོས་པའི་ངོ་ཚ་དེ།།
ཁྱེད་རང་ཡོང་དུས་དམར་པོ་ཡིན་པས་སམ།།
ང་ཚོ་དཀར་པོ་ཡིན་པའི་དབང་གིས་རེད།།

རི་ཚོགས་ངུས་པས་རྒྱ་གྲོང་ཆོ་ངེས་ཁྱབ།།
ས་མཐོ་བཅོམ་པའི་རོང་ས་ལྟོགས་གྲིར་ཤི།།

ཐེར་འབུམ་ཉུངས་ཤིང་བྱེ་རྡུལ་མངས་ན་ཡང་།།
གངས་རི་དམའ་ཞིང་བདུད་དྲོད་མཐོ་དྲག་རུང་།།
སུས་ཀྱང་སུ་ལ་མ་འཁང་ཟེར་དགོས་སམ།།

ཁྱེད་རང་འདི་ནས་འགྲོ་དུས་ནམ་ཞིག་རེད།།
ང་ཡི་ཕ་ཁྱིམ་སྟོངས་དུས་ནམ་ཞིག་རེད།།
ལ་ཁའི་དར་ལྕོག་ཟད་ཏོ་ལྷབ་སེ་ལྷབ།།
འཆི་གསོན་སོ་མཚམས་དྲི་བ་རླུང་ལ་བསྐུར།།

2016-09-10

ཀ་རྩོམ་པདྨ་མཐོང་ཉིད་པད་འབྱུང་དྲན།

 
ཆུང་ཚེ་རིང་།

ཏི་སེ་བོད་སྐྱོང་ཐུ་བོ་ཆེ་རྣམས་པདྨ་མཐོང་ཉིད་པད་འབྱུང་དྲན།།
དིར་དིར་སྨན་བཙུན་ཉི་ཟེར་ལྟ་བཞིན་བསུ་ཆང་བརྒྱ་ཕྲག་ནངས་རེ་བཤམས།།
པི་ཝང་འཇེབས་དཀྲོལ་ཕ་རྒན་དག་ནི་མཆོད་གླུ་ལེན་བཞིན་མཁའ་ལ་ཅེར།།
བིའུ་ཆུང་རྫི་བོས་སྙིང་ནས་གསོལ་བའི་བཛྲ་གུ་རུའི་དབྱངས་གསན་ཏམ།།

ཀ་པ་ལིའི་ནང་བདུད་རྩི་བཞེས་བཞིན་ཁ་བའི་ལྗོངས་ལ་དེ་རིང་ཕེབས།།
ག་བུར་དྲི་བཟང་དཔག་ཚད་འཐུལ་བཞིན་ང་རྒྱལ་སྡིགས་མཛུབ་རྡོ་རྗེ་འཕྱར།།
ཅ་དག་དར་ཟབ་མཛེས་སྐུར་ལེགས་འཁྲིལ་ཆ་བྱད་རྒྱལ་པོའི་རྒྱལ་པོ་སྟེ།།
ཇ་ཤིང་ར་བའི་ཚོགས་འཁོར་འདི་ལ་ཉ་གང་འཛུམ་ཞལ་སྟོན་པར་གསོལ།།

ཙི་ནའི་བསམ་སྦྱོར་ངན་པ་བསྒྱུར་ཏེ་ཚ་གྲང་སྡུག་བསྔལ་བསལ་དུ་གསོལ།།
ཛ་དྲག་ཉེན་ལས་འཕྲལ་དུ་བསྐྱབས་ཏེ་ཝ་ལེར་བདེ་ལེགས་མཛད་དུ་གསོལ།།
ཞ་ལོང་ལྐུགས་འོན་ནད་ཅན་གསོས་ཏེ་ཟས་ནོར་འདོད་རྒུ་གནང་དུ་གསོལ།།
འ་ཅག་གཞིས་བྱེས་ཡ་བྲལ་འཛོམས་པའི་རང་དབང་འཚོ་བ་སྩལ་དུ་གསོལ།།
 

སྤྲེལ་ཟླའི་ཚེས་བཅུའི་ཉིན་གྲོང་ཁྱེར་སིད་ཎི་ཡི་རང་ཤག་ནས་བྲིས་སོ།། །།

གོང་གསལ་གུ་རུའི་བྲིས་སྐུ་དེའི་ཁུངས་ནི་ http://offeringmagazine.org/dorje-phurba-lings-trip-to-tibet/ ཡིན་ནོ།། །།

2016-03-22

ཁང་ཆུང་ནག་པོ།

གསུམ་བཅུའི་དུས་ཚིགས་ཟེར་བའི་རི་གཤམ་དེར།།
རོ་ཐལ་རུས་ཐལ་སིམ་པའི་ལྡུམ་ར་དེར།།
མཆི་མའི་ཆུ་མིག་བཞུར་སའི་གཡས་དེ་གར།།
ང་དང་ཁྱེད་ཀྱི་ཁང་ཆུང་ནག་པོ་མཆིས།།

ཡར་ལ་མ་ཕེབས་བཞུགས་ཁྲིར་ཧབ་ཐོབ་རེད།།
བར་དུ་མ་སྡོད་བཞུགས་གྲལ་འཐེན་འཁྱེར་རེད།།
ཕ་ལ་མ་གཟིགས་ཕུ་ནུ་ནང་རྩོད་རེད།།
རང་མགོར་ལྟོས་དང་རང་གི་རེད་འདུག་གམ།།

དེ་རིང་གི་ཉིན་ཐོ།

༢༠༡༦།༣།༢༠
ཕྱི་རོལ་དུ་ཆར་པ་བབས། ད་ལྟ་མཚན་གུང་གི་ཆུ་ཚོད་ ༡༢ ཡོལ་ཟིན། ཉལ་ཁར་ཉིན་ཐོ་ཞིག་འབྲི་འདོད་བྱུང་། དེ་རིང་སྔ་དྲོ་ཆུ་ཚོད་ ༦ པར་ཡར་ལངས་རྗེས། ཞོགས་ཇར་ཉེ་དུས་གསར་དུ་བཏགས་པའི་རྩམ་པ་དང་། བོད་ནས་འབྱོར་བའི་ཕྱུར་ཞིབ་བསྲེས་ཏེ་བཟས། ཁྲག་ཤེད་ལ་གནོད་ཟེར་བས་རྩམ་པའི་ཐོག་མར་ཆུང་ངུ་ཞིག་ལས་བླུགས་མ་ཕོད། དེ་ནས་གློག་འཕྲིན་བསྔོགས། ཕྱི་གླིང་གི་ཞིབ་འཇུག་སློབ་མ་གཅིག་གིས་བོད་ཀྱི་ཡིག་སྐུར་རྣམ་གཞག་ཐད་དྲི་བ་ཁག་ཅིག་བཏོན་འདུག་པར། བསམ་གཞིགས་ཀྱིས་ལན་འདེབས་མདོར་བསྡུས་རེ་བྱས། དེ་ནས་བོད་ཀྱི་ཡིག་སྲོལ་ནང་གི་ཆེ་རྟགས་“༸”སྤྱོད་སྲོལ་ཇི་ལྟར་བྱུང་མིན་ཐད་མུ་མཐུད་དེ་ཡིག་རྙིང་འགའ་ཞིག་བཀླགས།

ཆུ་ཚོད་དགུ་པར། རང་དང་བཟའ་ཟླའི་དཔྱ་དངུལ་ལག་དེབ་འཁྱེར་ཏེ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པར་སོང་། མཉམ་དུ་ལོ་ ༡༢ ལ་སོན་པའི་བུ་ཡང་འཁྲིད། འཁྲིད་དོན་ནི། བོད་པ་ཚོས་སྲིད་སྤྱིའི་འོས་བསྡུའི་ནང་ཞུགས་ཚུལ་མཐོང་ན། མ་འོངས་པར་བོད་དོན་ཐད་དོ་སྣང་དང་ཁུར་ལེན་སྟངས་ཐད་བག་ཆགས་ཤིག་ཡོང་གི་རེད་སྙམ། བུ་ཁོ་རང་ལའང་དེ་ལྟར་བཤད།

ང་སྡོད་ས་ནས་འོས་ཤོག་འཕེན་སར་མེ་འཁོར་ནང་སྐར་མ་ ༢༥ ཙམ་དང་། དེ་རྗེས་སྤྱི་སྤྱོད་རླངས་འཁོར་ནང་སྐར་མ་ ༤༠ ཙམ་འགྲོ་དགོས། སྤྱི་སྤྱོད་རླངས་འཁོར་ནང་། ཕྱི་གླིང་མགོ་སེར་ལོ་ ༢༠ ཙམ་ལ་སོན་པ་ཞིག་གིས་སེམས་རྩེ་གཅིག་ཏུ་ཁ་འདོན་བྱེད་པ་མཐོང་། ཁ་ཆེ་བ་ཞིག་ཡིན་ས་རེད་བསམས་བསམས་ཞིག་འདུག ཁྱད་མཚར་ཞིག་ལ། དེང་སང་ཁ་ཆེའི་དད་པ་རྩེ་གཅིག་པ་དེ་འདྲ་མཐོང་དུས་འཇིགས་སྣང་བྱེད་མཁན་ཡང་ཡོད་པ་རེད།

ལམ་བར་དུ་རང་གི་བུ་ལ། དེ་རིང་གི་འོས་བསྡུའི་སྐོར་དང་། འོས་མི་ཁག་གི་སྐོར་མདོར་ཙམ་ངོ་སྤྲོད་ཐོག ང་རང་གིས་སུ་ལ་འོས་ཤོག་འཕེན་རྩིས་ཡོད་མེད་དང་། འོས་མི་དེར་འོས་འཕེན་དགོས་པའི་རྒྱུ་མཚན་གང་དང་གང་ཡིན་མིན་ངོ་སྤྲོད་གོ་བདེ་ཞིག་བྱས། དེ་ལ་བུས་དོ་སྣང་ཆེན་པོས་ཉན་སོང་།

2015-11-10

རང་དབང་དབྱངས་སྒྲོག་མ།

ཀ་ཤ་མང་བའི་འཆར་སྣང་ཐང་ལ་ཤེའུ་ཆུང་མང་པོ་ལྡིང་བཞིན་རྩེ།།
ཁ་ཆར་ཁྲོད་ཀྱི་དངོས་ཡོད་འདི་ན་སེམས་པ་སྤྲིན་བཞིན་ལང་སེ་ལིང་།།
ག་ཤེད་ཅིག་ནས་ཡོང་བའི་ཁྱེད་རང་ཕྱི་མིག་མེད་པར་གཤེགས་ན་གཤེགས།།
ང་རང་སྒྱུ་མའི་དབྱངས་ལ་བཞོན་ཏེ་སྙན་ངག་ཞིང་ཁམས་མྱུལ་ནས་འགྲོ།།
 
ཅ་ག་བྱས་པའི་སེམས་ཀྱི་ཤེལ་བུམ་ཧོབ་སྟེ་ཐང་ལ་ལྷུང་བཞིན་དྲིལ།།
ཆ་ལ་ཡོང་བའི་འགྲུལ་རོགས་དེ་ཡང་ད་ནས་འགྲོ་བར་མི་གཏུབས་ཟེར།།
ཇ་ཆང་འདོད་རྒུའི་ཕ་རོལ་དེ་ན་གཅིག་གིས་ང་ལ་བསྒུགས་ཡོད་པས།།
ཉ་ཆུ་ལྟ་བུའི་བརྩེ་དུང་ཡོད་ཀྱང་ང་རང་སྙན་ངག་ལྷན་དུ་འགྲོ།།

2015-10-09

སེམས་འདི་རྩྭ་ཐང་བཞིན་ཡངས་དུས།

སེམས་འདི་རྩྭ་ཐང་བཞིན་ཡངས་དུས།
ཁྱེད་རང་མེ་ཏོག་བཞིན་འཛུམ་བྱུང་།
བསིལ་རླུང་དལ་གྱིས།
དྲི་བསུང་རྒྱང་ནས།

བརྩེ་དུང་གཙང་པོ་བཞིན་དྭངས་དུས།
ཁྱེད་རང་ཉ་མོ་བཞིན་འཁྱུག་བྱུང་།
རླབས་རིས་ཁ་ནས།
ཆུ་རྡོ་གཏིང་ནས།

2015-09-15

སྤྱི་འཐུས་དང་བླངས་པ་ཚོའི་འགུལ་ཤུགས།

ད་ལོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་སྔོན་དང་མ་འདྲ་བར་མང་པོ་འབྱུང་བཞིན་ཡོད་པ་རེད། གནས་ཚུལ་དེ་ལ་“བཟང་ཕྱོགས་ཀྱི་འགྱུར་བ་”རེད་ཅེས་པའི་འགྲེལ་བཤད་ཙམ་གྱིས་འགྲིག་པ་ཞིག་རེད་དམ། ཡང་ན་ད་དུང་དེ་ལས་གཞན་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟ་རྒྱུ་ཡོད་དམ། ཡོད་ན་དེ་ལ་བལྟ་བ་ནི་དོན་སྙིང་ཡོད་པ་ཞིག་ཡིན་ནམ། དྲི་བ་འདི་ཚོ་ནི་སྤྱི་ཚོགས་འཕེལ་འགྱུར་ལ་དོ་སྣང་ཡོད་པ་ཚོས་བསམ་དགོས་པ་ཞིག་རེད།

སྔོན་ཆད་ང་ཤེས་རིག་ལས་ཁུངས་སུ་ཡོད་སྐབས། སྒང་ཏོག་ཁུལ་དུ་ལོ་མང་རིང་། ས་གནས་ཀྱི་སློབ་གྲྭའི་དགེ་ཆེ་དང་། ས་གནས་དེ་གའི་མི་མང་དབར་ལབ་རྙོག་མང་པོ་ཞིག་བྱུང་བས། ཐེངས་ཤིག་ངས་སྒང་ཏོག་ཁུལ་དུ་དམིགས་བསལ་གྱིས་ལབ་གླེང་མང་པོ་ཡོང་དོན་ཅི་རེད་ཅེས་དྲིས་པ་ཡིན། དེ་ལ་ཉམས་ཞིབ་པ་ཞིག་གིས། སྒང་ཏོག་ས་གནས་ཀྱི་མང་ཚོགས་ཚོའི་འཚོ་གོས་གནས་སྟངས་དེ། བཙན་བྱོལ་བོད་མི་གནས་ཡུལ་གཞན་ལས་ལེགས་པ་ཡོད་པས་རེད་ཅེས་བཤད་བྱུང་། སྐབས་དེར་ངས་སྐད་ཆ་དེའི་གོ་དོན་ཡག་པོ་ཞིག་མ་རྟོགས།

2015-08-25

སྙིང་གི་ཇ།

གཟའ་འཁོར་གཉིས་ཀྱི་གོང་གི་རེས་གཟའ་སྤེན་པའི་ཉིན། ངས་ནམ་རྒྱུན་བཞིན། བོད་མི་བགྲེས་སོང་ ༡༨ ཙམ་མཛེས་སྡུག་ལྡན་པའི་སྤྱི་གླིང་ཞིག་ཏུ་སྤྲོ་གསེང་ལ་འཁྲིད། ཉིན་གུང་གི་སྐབས་སུ་ཨ་མ་ལགས་གཅིག་གིས་ང་ལ་བོད་ཇ་ཕོར་པ་ཆེན་པོ་གང་གནང་བྱུང་བ་དེ་ཧ་ཅང་ཞིམ་པས་ལམ་སང་བཏུང་པ་ཡིན། དེ་འཕྲལ་ཁོང་གིས་ཡང་བསྐྱར་ཇ་དེམ་བཀྱག་སྟེ་ཨུ་ཚུགས་ཀྱིས་ཡང་བསྐྱར་ཕོར་པ་ཆེན་པོ་དེ་གང་བླུགས་བྱུང་། ངས་ཉིན་གུང་གི་ཁ་ལག་བཟའ་བཞིན་ཇ་དེ་བཏུང་པ་མ་ཟད། བགྲེས་སོང་ཚོར་ཁ་བརྡ་བྱས་པ་ཡིན།

ང་རང་སྐྱིད་པའི་རང་ཡུལ་དང་བརྩེ་བའི་ཕ་མ་བཞག་སྟེ་ལོ་མང་སོང་ཞིང་། དུས་ཡུན་དེའི་རིང་ངའི་ཕ་མ་གཉིས་འདས་གྲོངས་སོང་། ད་ལྟ་གཞན་ཡུལ་དུ་བོད་མི་བགྲེས་སོང་ཚོ་དང་མཉམ་དུ་ལོགས་སུ་འཛོམས་ཏེ་ཁོང་ཚོར་ཞབས་ཕྱི་ཕྲན་བུ་ཞུ་རྒྱུ་བྱུང་དུས་ང་རང་གི་དྲིན་ཅན་ཕ་མ་གཉིས་དྲན་སོས་འོང་བ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད་ལ། ང་རང་བགྲེས་སོང་ཚོའི་མཉམ་དུ་དུས་ཚོད་གཏོང་རྒྱུར་དགའ་དོན་ཡང་དེ་རེད།

2015-07-30

སྙན་ངག་པ་ཞིག་དང་ཁོང་གི་སྙན་ངག

ཁ་སྒང་བསམ་གཏན་རྒྱ་མཚོ་དང་ཕྲན། ས་གནས་ཧྥ་རན་སིའི་རྒྱལ་ས། པར་པ། ཁེ་ལའེ་མོང་སེ། ༢༠༡༣
༄༅།། སྙན་ངག་པ་ཞེས་པའི་ཚིག་འདི་ནི་མི་དང་སྙན་ངག་གཞི་གཅིག་པར་སྟོན་པའི་ཐ་སྙད་ཅིག་རེད། ཐ་སྙད་དེའི་གྲུབ་ཚུལ་སྟབས་བདེའི་ཨང་རྩིས་ཀྱིས་གསལ་བར་བྱས་ན།

    “མི་+སྙན་ངག་=སྙན་ངག་པ་” རེད།

འོན་ཀྱང་དངོས་ཡོད་འཚོ་བའི་ནང་དུ་ཨང་རྩིས་དེ་དེ་འདྲའི་སྟབས་བདེ་ཞིག་མ་རེད། ང་ཚོའི་མི་མང་པོ་ཞིག་སློབ་འབྲིང་དང་མཐོ་སློབ་འགྲིམས་སྐབས་“སྙན་ངག་པ་”ཆགས་འགྲོ་བ་དང་། དེ་ནས་འཚོ་བ་དངོས་ནང་ཞུགས་ཏེ། ལས་ཀ་ཐོབ་པ་དང་བཟའ་ཟླ་བརྙེད་པ། བྱིས་པ་བཙའ་བ་སོགས་ཀྱི་མཇུག་ཏུ། དེ་འདྲའི་སྙན་ངག་པ་ཕལ་མོ་ཆེ་སྙན་ངག་པ་མིན་པར་གྱུར་འགྲོ། དེར་བརྟེན་གོང་གི་སྟབས་བདེའི་ཨང་རྩིས་དེ་

“མི་+སྙན་ངག་=སྙན་ངག་པ - འཚོ་བ་= མི”རེད། དེར་བརྟེན་སློབ་གྲྭའི་རྩོམ་གཞུང་ཁག་ཏུ་འཚོ་བའི་ཉམས་མྱོང་ནི་རྩོམ་རིག་གི་འབྱུང་ཁུངས་རེད་ཅེས་བསྐྱར་ཟློས་ཡང་ཟློས་སུ་བཤད་པ་དེ། དོན་དུ་འཚོ་བའི་ཉམས་མྱོང་ནི་རྩོམ་རིག་གི་གཤེད་མ་ཡིན་ཞེས་བརྗོད་ཆོག་པ་ལྟ་བུར་གྱུར།

2015-07-02

འགྲོ་བ་མིའི་ཀུན་སྤྱོད་རགས་བཤད།

ཆུང་ཚེ་རིང་། 

འགྲོ་བ་མིའི་ནར་མའི་སྤྱོད་པ་ལ་“ཀུན་སྤྱོད་”ཅེས་བྱ་ཞིང་། སྐྱེ་ཁམས་ཚན་རིག་པ་ཚོས་དབང་རྩ་དང་རྨེན་བུའི་མ་ལག་གིས་ཀུན་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྟབས། རྙོག་ཟིང་ཅན་གྱི་དབང་རྩའི་མ་ལག་ལྡན་པའི་སེམས་ཅན་ཚོར་ཕྱི་རོལ་ཡུལ་ལ་བསྟུན་ཏེ་ཀུན་སྤྱོད་འགྱུར་བ་གཏོང་བའི་ནུས་པ་ཆེ་བ་ཡོད་པར་བཤད། དོན་དངོས་སུའང་རང་རེའི་འགུལ་སྟངས་དང་། སྐད་ཆ་བཤད་སྟངས་ཚུད་པའི་བྱ་སྤྱོད་མང་པོ་ཞིག་ལུས་པོའི་ཆགས་སྟངས་དང་། འཚར་ལོང་གི་བརྒྱུད་རིམ། ལུས་པོ་གནས་ཤིང་རྒྱུ་སའི་ཁོར་ཡུག་གི་གནས་སྟངས་བཅས་དང་འབྲེལ་བ་ཡོད་པ་དེ་གསལ་པོ་ཡིན། རྩོམ་ཐུང་འདིའི་ནང་། ཀུན་སྤྱོད་སྐོར་གྱི་བཞེད་པ་མི་མཐུན་པ་དང་། དབྱེ་སྒོ་ཁག་དོར་ཏེ་གཙོ་བོ་ཀུན་སྤྱོད་ཀྱི་འབྱུང་རྩ་དང་གནད་འགག་འགའ་ཞིག་གི་ཐད་ང་རང་གི་ལྟ་ཚུལ་ཞུ་གི་ཡིན།

འགྲོ་བ་མིའི་ཀུན་སྤྱོད་ལ་བཟང་ངན་གཉིས་སུ་དབྱེ་བ་དེའི་རྒྱུ་མཚན་གཙོ་བོ་ནི། ཀུན་སྤྱོད་ཀྱིས་མིའི་སྤྱི་ཚོགས་རང་ལ་བསྐྱེད་པའི་འབྲས་བུ་བཟང་ངན་གཉིས་རྨང་གཞིར་བྱས་ཏེ་བཞག་པ་རེད་སྙམ། དཔེར་ན། མི་སྒེར་དང་སྤྱི་ཚོགས་གང་ལ་ཡང་། ཚིག་རྩུབ་དང་དྲག་སྤྱོད། རྐུ་འཕྲོག གཡོ་སྒྱུ་སོགས་ཀྱིས་འབྲས་བུ་མི་སྐྱིད་པ་དང་། མི་བདེ་བ་བསྐྲུན་ཞིང་། གཞན་ཕན་དང་། འཆམ་མཐུན། དྲང་བདེན་སོགས་ལ་བརྟེན་ནས་འབྲས་བུ་བདེ་འཇགས་དང་བདེ་སྐྱིད་འབྱུང་བས། སྔ་མ་སྤྱོད་ལམ་ངན་པ་དང་། ཕྱི་མ་བཟང་པོའི་ཁོངས་སུ་བཞག

2015-06-18

༄༅།། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསང་གསུམ་མཛད་པ་ལ་བསྟོད་པའི་སྙན་ཚིག་ཏམ་བུ་རའི་སྒྲ་དབྱངས།



༸གོ༵ང་ས༵་སྣང་བྱེད་ཟླ་བ་སྟེ།།
རྒྱུ་སྐར་དབུས་སུ་མངོན་པར་འཕགས།།
ཕྱི་ནང་སྨག་ཆེན་མཐའ་རུ་བསྐྲད།།
མཁྱེ༷ན་པའི་སྣང་བས་ས་ཆེན་ཁྱབ།།

༸སྐྱབ༵ས་མགོ༵ན་ཉི་མ་གཞོན་ནུ་སྟེ།།
དུས་ལས་མ་ཡོལ་དགུང་དུ་ཤར།།
འོད་ཀྱི་སྣང་བ་ཕྱོགས་བཅུར་འགྱེད།།
བྱམས་བརྩེ༷འི་དྲོད་ཀྱིས་སྐྱེ་རྒུ་དྲོད།།

2015-05-18

ཡིག་སྒྱུར་གྱི་བྱ་རིམ་དང་དཀའ་གནད་འགའ་ཞིག་གླེང་བ།

(གཤམ་གསལ་གྱི་གཏམ་བཤད་དེ། ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༨ པའི་ནང་ས་རཱ་མཐོ་སློབ་ཏུ། ཡིག་སྒྱུར་སྐོར་ལ་མཁས་པའི་བགྲོ་གླེང་ཞིག་ཚོགས་པའི་མདུན་སར་སྤེལ་བ་དེ། ཚོགས་འདུ་གོ་སྒྲིག་པས་ཡིག་ཐོག་ཏུ་ཕབ་འདུག་པར་སྣོན་བཅོས་ཕྲན་བུ་ཞུས་ཏེ་འདིར་བཀོད་པ་ཡིན། མ་རྩོམ་ཆ་ཚང་ཚོགས་འདུའི་ཆེད་རྩོམ་ཕྱོགས་སྒྲིག་ནང་པར་སྐྲུན་བྱས་ཟིན།)
༅༅།། རྣམ་པ་ཚོ་ཚང་མར་འཚམས་འདྲི་ཞུ་བ་དང་སྦྲགས། ད་རེས་ཀྱི་བརྗོད་གཞི་དེ་ཡིག་སྒྱུར་ཁྲོད་ཀྱི་དཀའ་གནད་འགའ་ཞིག་གླེང་བ་ཟེར་བ་དེ་རེད། དེའི་ཐད་ལ་རྩ་བའི་ཆར་བཤད་དགོས་པ་མང་པོ་ཡོད་རེད་དེ་གཙོ་བོ་ང་རང་གི་མྱོང་ཚོར་འདྲ་བོ་ཞིག་ཞུས་ན། རྗེས་སུ་རྣམ་པ་ཚོ་ལོ་ཙཱའི་ལམ་ཁ་ལ་ཕེབས་ན་ཕན་ཐོགས་ཡོང་གི་རེད་དྲན་བྱུང་། ངས་ད་ལྟ་བར་ཡིག་སྒྱུར་བྱས་པའི་དེབ་བཅུ་གསུམ་བཅུ་བཞི་ཞིག་ཡོད་རེད། དེ་ཚོ་དབྱིན་ཇི་ནས་བོད་ཡིག་ལ་བསྒྱུར་བཞག་པ་རེད། ངས་ཐོག་མར་བསྒྱུར་བའི་ཡིག་ཆ་དེ་སྟེས་དབང་གིས་བསྒྱུར་བཞག་པ་རེད་མ་གཏོགས་ཡིག་སྒྱུར་བ་ཞིག་བྱེད་བསམ་པའི་དམིགས་ཡུལ་ང་ལ་མེད། ང་དབྱིན་ཇིའི་སྐད་ཡིག་ཡག་པོ་དེ་འདྲ་ཡང་མ་རེད། གང་ཡིན་ཟེར་ན་ང་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་ཚད་དང་ལྡན་པ་དང་བརྒྱུད་རིམ་ཚང་བ་ཞིག་བྱེད་མྱོང་མེད།

སྟེས་དབང་གང་འདྲ་བྱས་ཏེ་བྱུང་བ་ངས་མདོར་བསྡུས་ཤིག་ཞུས་ན། ༡༩༩༨ ལོར་ཤེས་རིག་ལས་ཁུངས་ནང་ལ་རྒྱ་གར་གཞུང་གི་སྔོན་འགྲོའི་དགེ་རྒན་དེ་ཚོ་ལ་ལམ་སྟོན་ཀྱི་ཡིག་ཆ་ཞིག་ཛ་དྲག་ངང་སྒྱུར་དགོས་བྱུང་བ་རེད། ཤེས་རིག་གིས་ཤེས་རིག་ལས་བྱེད་ནང་ནས་བོད་ཡིག་ཡག་པ་དང་དབྱིན་ཇི་ཡག་པ་མི་གཉིས་གསུམ་རེ་ཚོགས་ཆུང་བཟོས་ཏེ་ཤོག་བུ་བཅུ་གྲངས་རེ་བགོས་ནས་བསྒྱུར་བཅུག་པ་རེད། ང་བོད་ཡིག་ཏོག་ཙམ་ཡག་པའི་གྲས་ཡིན་ཙང་ཚོགས་ཆུང་གཅིག་གི་ནང་ལ་བཞག་བྱུང་། ང་ཚོས་བསྒྱུར་བའི་སྐབས་སུ་ངའི་རོགས་པ་གཉིས་དབྱིན་ཇི་ཡག་པོ་ཡོད་རེད། ཡིན་ནའང་དེ་ཚུར་བོད་སྐད་ཐོག་འགྲེལ་བཤད་བརྒྱབ་དུས་"ག་རེ་ཟེར་དགོས་རེད་གཅིག་ཡོད་པ་"ལྟ་བུ་མ་གཏོགས་དོན་དག་ག་རེ་ཡིན་པ་ཏག་ཏག་ལབ་ཐུབ་ཀྱི་མི་འདུག དེ་འདྲ་དེང་སང་ང་རང་ཚོའི་སྤྱི་ཚོགས་ནང་ལ་མང་པོ་ཡོད་རེད། དཔེར་ན་ང་ཚོས་གློག་བརྙན་ལྟ་དུས། འོ་ད་གནག་པོ་ཞེ་དྲག་ལབ་སོང་ཟེར་གྱི་རེད། "གང་ལབ་སོང་"ཞེས་དྲིས་དུས་"འོ་གཅིག་ཡོད་པ། ག་འདྲ་ལབ་དགོས་རེད།"ཅེས་བརྡ་འཕྲོད་པ་ཞིག་བརྗོད་མ་ཐུབ་པ་ཞིག་ཡོང་གི་ཡོད་པ་ལྟ་བུ་རེད། ང་ཚོར་བགོས་པའི་ཤོག་གྲངས་བཅུ་དེ་ཚར་བ་བྱ་དགོས་དུས་ངས་ཚིག་མཛོད་མང་པོ་ཞིག་ལ་བལྟས་ནས་བསྒྱུར་བ་ཡིན། ང་ཚོས་བསྒྱུར་བ་དེ་ཡག་པོ་འདྲ་པོ་ཞིག་ཆགས་འདུག དེར་བརྟེན་ང་ལ་ཡིག་སྒྱུར་གྱི་ཐད་ལ་ནུས་པ་ཡོད་པ་དེ་གོང་རིམ་ནས་གཟིགས་པ་རེད།

2015-05-14

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡིག་སྒྱུར་གྱི་གལ་གནད་དང་གནས་བབས།

(གཤམ་དུ་བཀོད་པ་དེ་ནི། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གར་དྷ་སའི་ཉེ་འདབས་ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཡིག་སྒྱུར་སྐོར་ལ་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་པའི་སྐབས་ཕྲན་མགྲོན་འབོད་ལྟར་གཏམ་བཤད་བྱས་པ་དེ་ཉིད་ཚོགས་འདུ་གོ་སྒྲིག་པས་སྒྲ་ཕབ་བྱས་འདུག་པར། ཞུ་བཅོས་ཕྲན་བུ་ཞུས་ཏེ་འདིར་བཀོད་པ་ཞིག་ཡིན། གཏམ་བཤད་འདི་ཉིད་ཚོགས་འདུ་གོ་སྒྲིག་པས་དེབ་གཟུགས་པར་སྐྲུན་བྱས་ཟིན་པའི་ཁོངས་སུ་ཡོད།)

༄༅།། ད་རེས་ཀྱི་བགྲོ་གླེང་གོ་སྒྲིག་གནང་མཁན་དང་འབྲེལ་ཡོད་མཐུན་འགྱུར་གནང་མཁན་ཚང་མར། དེ་རིང་ང་ལ་གཏམ་བཤད་བྱ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སྦྲགས། དུས་ཚོད་ཞེ་དྲག་མེད་ཙང་གཏམ་རྙོག་མང་པོ་མི་དགོས་པར་ངས་དོན་དག་རང་གི་སྟེང་ལ་བབས་ནས་བཤད་ཀྱི་ཡིན།

དེ་རིང་གི་བརྗོད་གཞི་དེ། ང་རང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། ཡིག་སྒྱུར་གྱི་གལ་གནད་དང་། ད་ལྟ་གནས་བབས་གང་འདྲ་ཞིག་ལ་སླེབས་ཡོད་མེད་སྐོར་རེད། དེའི་སྐོར་ལ་ཞིབ་འཇུག་གང་ཙམ་བྱས་ནས་སྐད་ཆ་བཤད་དགོས་པ་ཞིག་རེད་དེ། ལས་བྲེལ་དབང་གིས་ངས་ཞིབ་འཇུག་ཞིབ་ཚགས་བྱེད་ཁོམ་མ་བྱུང་། བྱས་ཙང་། གཤམ་དུ་ཞུ་རྒྱུའི་དོན་དག་ཚང་མ་རགས་ཟིན་ལྟ་བུ་ཡིན་པས། རྣམ་པ་ཚོས་དགོངས་པའི་དཔྱད་གཞིར་འཛིན་རྒྱུ་ལས། དཔྱད་པ་མཐར་སོན་པའི་མཐའ་བསྡོམས་སུ་མ་བརྩི་རོགས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། ཡིག་སྒྱུར་གལ་ཆེ་སྟངས་དེ། འོས་འགན་གྱི་ཆ་ནས་དང་། རང་དབང་གི་ཁོར་ཡུག་ཆ་ནས། སྐད་ཡིག་དང་འགྲུལ་བཞུད་ཀྱི་ཆ་ནས། གཞིས་ལུས་བོད་མིའི་རེ་བཅོལ་གྱི་ཆ་ནས། བོད་ཀྱི་ཕུགས་འདུན་གྱི་ཆ་ནས། མི་ཆའི་ཆ་ནས་བཅས་ཕྱོགས་ཁ་ཤས་ནས་ཞུ་དགོས་པ་ཞིག་རེད།

འོས་འགན་གྱི་ཆ་ནས་ཞུས་ན། ང་རང་ཚོ་ཆེ་ས་ནས་བཤད་ན་འགྲོ་བ་མི་རེད། མིའི་རིགས་ཀྱི་ཤེས་རིག་ཚང་མ་རིན་ཐང་ཆེན་པོ་རེད། རིན་ཐང་ཆེ་བའི་ཤེས་རིག་དེ་ཚོ་རྒྱུན་འཛིན་དང་མཉམ་སྤྱོད། ཕན་ཚུན་སྤེལ་རེས་བྱ་རྒྱུའི་འགན་དེ་ང་རང་ཚོར་རང་ཆས་སུ་ཡོད་རེད། ང་རང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ན། བོད་པ་ཚང་མར་སོ་སོའི་སྐད་ཡིག་རིག་གཞུང་རྒྱུན་འཛིན་དང་མཉམ་སྤྱོད། གོང་འཕེལ་དུ་གཏོང་བའི་འོས་འགན་ཡོད་པ་རེད། རྒྱུན་འཛིན་དང་མཉམ་སྤྱོད། སྤེལ་རེས། གོང་འཕེལ་གཏོང་བར་ཡིག་སྒྱུར་གྱི་ལས་ཀ་དེ་གཙོ་གནད་ཅིག་རེད། གལ་ཏེ་འགྱུར་རམ་ལོ་ཙཱའི་ལས་ཀ་འདི་མེད་ན། སྐད་ཡིག་དང་རིག་གཞུང་མི་འདྲ་བའི་མི་རིགས་དང་མི་རིགས་ཕན་ཚུན་བར་དུ་ལེགས་ཆ་སྤེལ་ལེན་དེ་ཚོ་ཡོང་ཐབས་མེད་པ་རེད་ལ། མི་རིགས་སོ་སོའི་རིག་གཞུང་རྒྱུན་འཛིན་དང་ཡར་རྒྱས་གཏོང་རྒྱུ་ཡང་མི་སྲིད་པ་ཞིག་རེད། ལྷག་པར་ང་རང་ཚོའི་མི་རིགས་འདི་གནས་དང་མི་གནས་གཙོ་བོ་ང་རང་ཚོའི་སྐད་ཡིག་གི་འཆི་གསོན་ལ་ཐུག་བསྡད་ཡོད། ང་ཚོའི་སྐད་ཡིག་མུ་མཐུད་གསོན་གནས་ཐུབ་མིན་དེ་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཡོད་མེད་ལ་རག་ལས་ཡོད། ད་ལྟ་ང་ཚོའི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁྱབ་ཁོངས་ག་ཚོད་ཙམ་ཡོད་མེད་ཚང་མས་མཁྱེན་གསལ་རེད། དེར་བརྟེན་ང་ཚོའི་སྐད་ཡིག་ནང་དེང་རབས་ཀྱི་ཤེས་བྱ་དེ་ཚོ་བསྒྱུར་ནས་བེད་སྤྱོད་ཡོད་པ་བཟོ་དགོས་པ་དེ་འགག་རྩ་གལ་ཆེ་ཤོས་ཤིག་རེད། མདོར་ན་ཡིག་སྒྱུར་གྱི་ལས་ཀ་འདི་མིའི་རིགས་ཧྲིལ་པོའི་ཕན་བདེ་དང་འབྲེལ་བསྡད་ཡོད་རེད་ལ། ང་རང་ཚོ་བོད་མི་རིགས་ཀྱི་འཚོ་གནས་དང་འབྲེལ་བསྡད་ཡོད་རེད།

2015-05-12

ལྷོ་ཕྱོགས་ལ་ག་རེ་ཡོད་དམ།

༄༅།། བདག་ཆུང་ངུའི་དུས་སུ། ཕྱོགས་བཞིའི་ནང་ནས་ལྷོ་ཕྱོགས་ནི་ལྐོག་གྱུར་གྱི་གནས་ཤིག་ལགས།
དེ་ཡང་། ངའི་རྨོ་རྨོས་ནམ་རྒྱུན་དགོང་མོ་ཉལ་ཁར་ལྐོག་ལྐོག་སུད་སུད་ངང་མགོ་བོ་ལྷོ་རུ་ཕྱོགས་ནས་ཕྱག་གསུམ་རེ་འཚལ་བར་བྱེད་ཅིང་། ང་ཚོའི་གྲོང་ཚོའི་ལོ་རྒན་བསམ་ཤེས་ཅན་རེ་ཟུང་མཉམ་དུ་འཛོམས་དུས་ཀྱང་། ལྷོ་ཡི་ཕྱོགས་སུ་མཆུ་ཏོའམ་ལག་པས་བསྟན་ཚོར་ཤབ་ཤུབ་ཏུ་ཅི་ཞིག་གི་སྐོར་ལ་གླེང་མོལ་བྱེད་པས། བདག་གི་སེམས་ན། ལྷོ་ཕྱོགས་ནི་ཡ་མཚན་དང་ལྐོག་འགྱུར་གྱི་ཡུལ་ཞིག་ཏུ་གྱུར།
“ལྷོ་ཕྱོགས་སུ་གང་ཡོད་དམ་”ངས་ཕྱག་བཙལ་ཚར་ནས་ཉལ་རྩིས་བྱེད་བཞིན་པའི་རྨོ་རྨོར་དྲིས། 

“ཨཱ་”རྨོ་རྨོས་ངས་གང་ཟེར་མ་མཁྱེན་པའི་ངང་ང་ལ་གཟིགས་བཞིན་དེ་ལྟར་གསུངས།
“ལྷོ་ཕྱོགས་ལ་ཉིན་ལྟར་ཕྱག་འཚལ་གནང་གི་ཡོད་པ་དེའི་རྒྱུ་མཚན་གང་ཡིན་ནམ་”
“དེ་ཟེར་གྱི་ཡོད་དམ། ཕྱག་འཚལ་རྒྱུ་ནི་ངས་བླ་མ་རིན་པོ་ཆེའི་དྲུང་ནས་ཁས་ལེན་ཞུས་པའི་དམ་བཅའ་ཞིག་ཡིན། དེ་གང་ལྟར་ཕྱོགས་གང་རུང་ལ་ཁ་གཏད་ནས་འཚལ་དགོས་པས་སྟེས་དབང་གིས་ལྷོ་ཕྱོགས་སུ་ཕྱག་འཚལ་བ་དེ་གོམས་གཤིས་ཆགས་པ་རེད། ཡ། ད་ཉོལ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་་་་”རྨོ་རྨོས་ཉལ་ས་བཟོ་བཞིན་ང་ལ་དེ་ལྟར་གསུངས་པ་དང་འབྲེལ་མ་ཎི་དྲངས།
“རྨོ་རྨོ་”
“ཨཱ་”རྨོ་རྨོས་ཅུང་སུན་པའི་ངང་ང་ལ་ཨ་ལན་བྱིན། “ང་ཚོའི་གྲོང་ཚོའི་མི་རྒན་ཚོས་ཀྱང་ཁ་ལྷོ་ལ་གཏད་ནས་ག་དུས་ཡིན་རུང་གཅིག་བཤད་ཀྱིན་འདུག དེ་ཡང་སྟེས་དབང་ཡིན་ནམ་”
“སུས་ཤེས། ད་གཉིད་ཁུགས། བཞུ་མར་གྱི་སྣུམ་ཡང་རྫོགས་གྲབས་འདུག ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་་་་ ཕུ་་་”རྨོ་རྨོས་དེ་ལྟར་གསུངས་རྗེས་སྣུམ་བཞུ་དེར་ཕུ་བཏབ་པས་ཁང་ཁྱིམ་ཆ་ཚང་མུན་ནག་གི་ཡོལ་བས་བཏུམས། མུན་སྨག་གི་ཁྲོད་དུ་ངས་རང་གི་ལག་མཐིལ་ཡང་མི་རིག་ན། ལྷོ་ཕྱོགས་ནི་ག་ནས་མཐོང། འོན་ཀྱང་“ལྷོ་ཕྱོགས་ལ་དངོས་འབྲེལ་དམིགས་བསལ་གང་ཡང་མེད་དམ་”ཞེས་པའི་དྲི་བའི་རྔ་སྒྲ་འདི། ངའི་རྣ་བར་བར་མཚམས་མེད་པར་གྲགས་འོང་བས་ང་རང་ཁུ་སིམ་གྱི་རྨི་ལམ་དུ་རོལ་རྒྱུ་ནི་ཅི་འདྲའི་དཀའ་ཨང་།

2015-05-11

འཁྱམ་པོ། ཁ་དོག་མེད་པའི་འཚོ་བ།

གཅིག
༅༅།། ཁྱི་སྐྱག་གིས་ཉལ་ཁྲིའི་ཐོག་ནས་སྟོད་ཡར་དགྱེ་སྟེ། ལག་པས་མིག་འཕུར་འཕུར་བྱས་རྗེས་ལག་མགོའི་རང་འགུལ་ཆུ་ཚོད་ལ་ལྟ་ཙམ་བྱས། ཞོགས་པའི་ཆུ་ཚོད་བཅུ་པ་ཡོལ་ཟིན་པས་གསེར་མདོག་གི་ཉི་འོད་སྒེའུ་ཁུང་བརྒྱུད་ནས་འཕྲོས་ཡོང་ལ། ནམ་རྒྱུན་མཐོང་མི་ཐུབ་པའི་རྡུལ་མང་པོ་ཞིག་འོད་ལ་བརྟེན་ནས་མཐོང༌། ཁོས་ཉལ་ཁྲིའི་འགྲམ་དུ་ཡོད་པའི་ཅོག་ཙེ་གོབ་ཏོ་དེའི་ཐོག་ནས་མདང་ནུབ་འཐེན་འཕྲོར་ལུས་པའི་ཐ་མག་རྐང་གཅིག་དེ་བླངས་ནས་མེ་སྒྲོན། ཁོས་ཐ་མག་འཐེན་ཞོར་གཅིག་འཐུང་འདོད་སྐྱེས་ཏེ། ཅོག་ཙེའི་ཐོག་གི་རྦི་རག་ཤེལ་དམ་དེ་བླངས་ནས་སྐྱོམ་སྐྱོམ་ཞིག་བྱས། འོན་ཀྱང་དེ་སྟོང་པ་ཡིན་པ་ཤེས་རྗེས། ཉལ་ཁྲིའི་འོག་ཏུ་གཡུག སྐད་ཅིག་སྐད་ཅིག་ལ་འགྱུར་ལྡོག་འགྲོ་བཞིན་པའི་ཐ་མག་གི་དུ་བའི་བཟོ་དབྱིབས་ལ་ལྟ་བཞིན་ཁོ་རང་བསམ་གཞིགས་ཀྱི་ནང་དུ་ལྷུངས་

“ཁྱི་སྐྱག་ལགས། གསོལ་ཇ་མཆོད་” སྒྲོལ་མས་འཛུམ་དམུལ་དམུལ་ངང་ཁྱི་སྐྱག་གི་མགོའི་ཐོག་གི་ཉལ་ཆས་ཚུར་འཐེན་བཞིན་སྨྲས། ཁོས་སྟོད་ཡར་དགྱེ་བ་དང་འབྲེལ་མིག་འཕུར་ཙམ་བྱས་རྗེས། ཇ་བསྲུབས་མ་སེར་ཐིང་ངེར་བླུགས་པའི་ཇ་དཀར་ལག་ཏུ་བླངས་ནས་ཇ་བཏུང༌། “ཁྱི་སྐྱག་ལགས་” སྒྲོལ་མས་ཉལ་ཁྲིའི་ཟུར་དུ་བསྡད་དེ་མགོ་གུག་གུག་ངང་སྨྲས། “ང་ལ་དགོངས་པ་མ་བཞེས་ནའང༌། ཁོག་ནང་གི་ཕྲུ་གུ་ལ་དགོངས་པ་བཞེས་ཏེ། ཕྱི་ལ་འཁྱམས་ཏེ་བཞེས་རག་མ་མཆོད་རོགས” ཁོས་མ་འདོད་པའི་སྣ་ཤུ་ཞིག་དང་བཅས་ཇ་དཀར་བཞག་སྟེ་ཡང་སྐྱར་ཉལ་ཆས་མགོ་ལ་གྱོན་ནས་ཉལ། “ཁྱི་སྐྱག་ལགས། སྐུ་མཁྱེན། དགོངས་པ་བཞེས་རོགས། ཁྱེད་ཀྱིས་རྟག་པར་འདི་འདྲ་གནང་ན། ངས་སྡུག་རུས་ཐུབ་ས་མ་རེད” 

“ཨཱ། སྡུག་རུས་མ་ཐུབ་ན་སྡུག་གྱོང་རེད། ངའི་མཉམ་དུ་སྡུག་རུས་མི་ཐུབ་བཞིན་དུ་སུས་སྡོད་ཟེར་རམ་” ཁྱི་སྐྱག་གིས་ཉལ་ཆས་ནང་ནས་ཧོབ་ལངས་བྱས་ཏེ་དེ་ལྟར་བཤད། 
“ཁྱི་སྐྱག་ལགས། དེ་འདྲ་མ་གསུངས་དང༌། ང་ཡག་ཀྱང་རུང༌། སྡུག་ཀྱང་རུང༌། ཁྱེད་ཀྱི་བཟའ་ཟླ་རེད ” 
“ཧ་ལས་རྒྱུ་གང་ཡོད། ཁྱེད་རང་སྡུག་རུས་ཐུབ་ནའང་འདྲ། མ་ཐུབ་ནའང་འདྲ། ང་འདི་འདྲ་ཡིན་” ཐ་མག་གི་མེ་ཁོའི་ལག་པའི་མཛུབ་མོར་ཐུག་པས་ཁོ་དང་སྒྲོལ་མ་གཉིས་དབར་བྱུང་བའི་མཐའ་མའི་འཁྲུག་རྩོད་དེ། ཕྱིར་དྲན་བྱེད་མཚམས་ཆད། ཁོས་ནང་འཇམ་གྱོན་ནས་ཡར་ལངས་རྗེས་ཁྲུས་གཞོང་ཁྱེར་འོང་ནས་གདོང་བཀྲུ་རྩིས་བྱས། འོན་ཀྱང་ཆུ་ཟོམ་སྟོང་པ་ཡིན་པ་ཤེས་རྗེས་དབུགས་རིང་ཤིག་བཏང༌། དེ་ནས་དུང་པན་ཁྱེར་ནས་སྒོར་ཐོན། དུད་ཁྱིམ་སུམ་ཅུ་ཙམ་ཡོད་པའི་སྒོ་རྭའི་དབུས་ཀྱི་ཆུ་ཀ་ལའི་གཡས་གཡོན་དུ་གོས་དང༌། ཚལ་སོགས་འཁྲུད་མཁན་ཧ་ཅང་མང་ཡང་ཚང་མ་ཁྱི་སྐྱག་མཐོང་བ་དང་ཁུ་སིམ་མེར་གྱུར། ཁོས་ཁ་ཐུག་ཀ་ལའི་ཕྱོགས་སུ་ཕྱིན་པས། མགོ་སྐྲ་འཁྲུད་བཞིན་པའི་གཡང་སྐྱིད་ཀྱིས་དགོད་ཙམ་ངང་ཁོ་ལ་ཆུ་ལེན་དུ་བཅུག ཁོས་ཆུ་དུང་པན་གང་བླངས་རྗེས་མགོ་དང་ངོ་གདོང་བཀྲུས། 
“ཁྱི་སྐྱགས་ལགས། དག་རྫས་དགོས་ན་འདིར་ཡོད་” གཡང་སྐྱིད་ཀྱིས་དག་རྫས་ཤིག་ཁོའི་ཕྱོགས་སུ་རྐྱོང་བཞིན་དེ་ལྟར་བཤད། 
“མི་དགོས་”ཁོས་ལན་གྲང་མོ་ཆུ་འདྲ་བ་ཞིག་བཏབ་རྗེས་དུང་པན་ནང་གི་ཆུ་རྣམས་གཤོས་ནས་ལོག མི་ཚང་མས་ལྕེའི་རྒྱ་གྲོལ་བ་བཞིན་གླེང་མོལ་བྱས་ཤིང༌། དེ་དག་གི་ཁྲོད་དུ་གཡང་སྐྱིད་གཅིག་པུས་ཁ་ཁུ་སིམ་པོའི་ངང་སྐྲ་ཆུ་བཤལ་བཏང༌།

2015-05-05

རྒྱ་དཀར་ནག་དང་། ནུབ་ཕྱོགས་ཀྱི་ཁྲིམས།

ང་རང་བོད་དུ་ཡོད་དུས། རྒྱ་ནག་གི་ཁྲིམས་ལུགས་ལ་དོ་སྣང་ཧ་ལམ་བྱེད་མ་མྱོང་། ང་རང་རྒྱ་གར་ལ་ཡོད་དུས། རྒྱ་གར་གྱི་ཁྲིམས་ལུགས་ལའང་དེ་ཙམ་དོ་སྣང་བྱེད་མ་མྱོང་། ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་སླེབས་རྗེས་ཁྲིམས་དང་སྒྲིག་ལམ་ལ་དོ་སྣང་བྱེད་དགོས་པར་གྱུར། ལྟར་སྣང་ལ། དེ་རང་བཞིན་དུ་བྱུང་བ་ལྟར་མངོན་ཡང་། དོན་དུ་ཡུལ་ལུང་སོ་སོའི་ནང་གི་ཁྲིམས་ཀྱི་གནས་བབས་དང་ང་རང་གི་གནས་བབས་བར་གྱི་འབྲེལ་བ་ལ་ཐུག་ཡོད་པ་འདྲ།

2015-04-11

ལོ། ལོ་ཏོག ལོ་གསར།

ལོ་ངོ་བཅུ་གྲངས་གོང་། ཕྲན་གྱིས་བོད་ཀྱི་ལོ་གསར་སྐོར་ལ་ཞིབ་འཇུག་བྱས་ཏེ། “ཕ་ཡུལ་ཤེས་བྱའི་བང་མཛོད་”ནང་རྩོམ་ཡིག་ཅིག་སྤེལ་བ་ཡིན། རྩོམ་ཡིག་དེ་ཕྱིས་སུ་“བོད་ཀྱི་དུས་ཆེན་”ཞེས་པའི་དཔེ་དེབ་ནང་བཀོད་ཡོད། རྩོམ་ཡིག་དེའི་ནང་། “ལོ་གསར་”ཞེས་པའི་ཐ་སྙད་དེ་དང་། “ལོ་ཏོག་”ཅེས་པའི་ཐ་སྙད་བར་འབྲེལ་བ་ཡོད་ཚུལ་བྲིས་ཡོད།

༡༽ ལོ།
སྔོན་མ་གངས་སྐྱིད་དུ། བོད་ཀྱི་གཞུང་ཞབས་རྙིང་གྲས་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་ཀྱིས། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭའི་འགོ་འཛིན་དང་དགེ་རྒན་ཚོར་སྔར་སྲོལ་ཡིག་སྲོལ་རྣམ་གཞག་ངོ་སྤྲོད་གནང་སྐབས། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བཀའ་རྩའི་ནང་གི་“གཉིས་ལོ་དྲང་བཞག་”ཅེས་པའི་ཚིག་དེ་དྲངས་ཏེ་འགྲེལ་བཤད་གནང་། ཁོང་གིས་“གཉིས་ལོ་དྲང་བཞག”གི་“གཉིས”ནི། ཕྱོགས་ཁག་གཉིས་ཀྱི་“གཉིས་”ལ་གོ་དགོས་པ་དང་། “ལོ་”ནི་ཚོང་ཟོག་ལྟ་བུ་ཡིན་ན། ཚོང་ཟོག་དང་དེའི་རིན་དོད་གཉིས་ཀྱི་རིན་ཐང་མཚུངས་པའམ་མཉམ་པར་གོ་དགོས། དཔེར་ན་རྟ་ཞིག་བཙོངས་པར་ཆ་བཞག་ན། དེའི་རིན་དོད་དུ་“བོང་བུ་”གཅིག་སྤྲད་ན། བོང་བུ་གཅིག་གིས་རྟ་གཅིག་ལ་“ལོ་”གི་མ་རེད། བོང་བུ་གསུམ་གྱིས་རྟ་གཅིག་ལ་“ལོ་”གི་རེད། “གཉིས་ལོ་”ཞེས་པ་ཕྱོགས་གཉིས་ཀར་ལོ་པ་སྟེ། ཕྱོགས་གཉིས་ཀར་འཚམས་པར་གོ་དགོས་ཞེས་གསུངས། “ལོ་”ལ་ཁོང་གིས་གསུངས་པའི་གོ་དོན་དེ་ལས་གཞན་པའི་གོ་བ་གཞན་ཞིག་ཀྱང་ཡོད་པ་ནི། བཟའ་ལོ་བ་དང་། བཟའ་མི་ལོ་བ་ཞེས་པའི་སྐབས་ཀྱི་“ལོ་”དེ་རེད། དེ་ནི་ཚིག་གཞན་གྱིས་བཤད་ན། “བཟའ་རུང་བ་”དང་“བཟའ་མི་རུང་བ་”ཞེས་པའི་དོན་དང་གོ་དོན་གཅིག་པ་རེད།

༢༽ ལོ་ཏོག
གོང་གསལ་འགྲེལ་བཤད་ལས་མཐོང་ཐུབ་པ་ལྟར་“ལོ”ནི་དངོས་པོ་གཉིས་ཀྱི་རིན་ཐང་ངམ་གནས་བབས་མཉམ་པའམ་མཚུངས་པར་སྟོན་པའི་བྱ་ཚིག་གཅིག་ཡིན་པ་མ་ཟད། རུང་བ་དང་མི་རུང་བ་སྟོན་པའི་ཚིག་ཅིག་ཀྱང་ཡིན་པ་གསལ་པོ་རེད། དེ་འདྲའི་བྱ་ཚིག་ལས། “ལོ་ཏོག་”ཅེས་པའི་ཚིག་དེ་བྱུང་བར་ཚོད་དཔག་བྱས་ཆོག་པ་ཞིག་རེད། དེ་ཡང་ལོ་རེར་བཟའ་ལོ་པ་དང་བཟའ་མི་ལོ་བའི་སྐྱེ་དངོས་མང་པོ་ཞིག་གི་ནང་ནས་བཟའ་ལོ་བ་དང་། དེའི་ནང་ནས་ཀྱང་རྩེ་ཕུད་དམ་ཏོག་ལྟ་བུ་ནི་འབྲུ་རིགས་ཡིན་པས། ལོ་ཏོག་ཅེས་བཏགས་པར་སྲིད་ལ། ཞིང་པ་ཚོས་དབྱར་དགུན་སྟོན་དཔྱིད་བཞིར་དཀའ་ལས་བརྒྱབ་པའི་ངལ་རྩོལ་ལ་ལོ་བའམ་འཚམས་པའི་འབྲས་བུ་རྩ་བ་དང་། སྡོང་པོ། ཡལ་ག་སོགས་མང་པོ་ཐོན་པའི་ནང་གི་རྩེ་ཕུད་དམ་ཏོག་ལྟ་བུ་ནི། གྲོ་དང་ནས། སྲན་མ་སོགས་འབྲུའི་རིགས་རྣམས་ཡིན་པས། དེ་ཚོར་ལོ་ཏོག་ཅེས་བཏགས་པ་སྲིད་དོ།།

༣༽ ལོ་གསར།
རྒྱ་གར་རྒྱ་ནག་སོགས་ས་བབས་དམའ་ཞིང་། ཚ་དྲོད་ཆེ་ས་དང་མི་འདྲ་བར། བོད་ཀྱི་ཡུལ་སྤྱིའི་ས་བབས་མཐོ་ཞིང་། གནམ་གཤིས་གྲང་བས། དབྱར་དགུན་སྟོན་དཔྱིད་བཞིའི་ཡུན་གཅིག་ལ། ལོ་ཏོག་ཐེངས་གཅིག་ལས་འདེབས་མི་ཐུབ་ཅིང་། དེ་འདྲའི་ལོ་ཏོག་འདེབས་པ་དང་བསྡུ་བའི་དུས་ཀྱི་འཁོར་ལོ་གཅིག་ལ་་“ལོ་གཅིག་”ཅེས་འབོད། ད་ལོའི་ལོ་ཏོག་རྣམས་བརྔ་བསྡུ་ཟིན་ནས་ལོ་ཏོག་གསར་པ་འདེབས་ལས་ཀྱི་འགོ་འཛུགས་དུས། ལོ་ཏོག་གི་ཕུད་གྲོ་སོ་ཕྱེ་མར་དང་ཆང་སོགས་གྲ་སྒྲིག་གིས། དཀོན་མཆོག་མཆོད་ཅིང་ཡུལ་སྡེ་ཧྲིལ་པོ་དགའ་སྟོན་ལ་རོལ་བའི་བྱེད་སྒོ་རྒྱ་ཆེན་པོ་ཞིག་བྱེད་པ་དེ་ལ“ལོ་གསར་”ཟེར་ཞིང་། དེ་ནི་“ལོ་ཏོག་”གསར་དུ་འདེབས་པའམ། ལོ་ཏོག་འདེབས་པའི་དུས་ཚིགས་གསར་པ་ཞིག་ཡིན་པའི་ཆ་ནས་“ལོ་གསར་”ཞེས་བཏགས་པར་སྙམ། དེའི་དན་རྟགས་ཤིག་ནི། དབུས་གཙང་ཁུལ་དུ་སྤྱིར་བཏང་ལོ་གསར་ཚེས་གསུམ་ཉིན། ན་ཚོད་ལོངས་པའི་རྟ་བོང་ལ་སྒ་གསར་དུ་རྒྱག་པ་དང་། མཛད་སྒོ་གཟབ་རྒྱས་དང་བཅས་ཞིང་གི་རོལ་གསུམ་ཙམ་རྨོས་ཏེ། མིང་བཀྲ་བཟང་བའི་བྱིས་པ་ཞིག་གིས་རོལ་ནང་སོན་གཏོར་སྲོལ་ད་ལྟའང་མ་ཉམས་པར་ཡོད་པ་དེ་རེད།། །།

2015-04-08

ཆིབས་བསྒྱུར།

དེང་སང་ང་ཚོས་རྒྱུན་དུ་བོད་ཡིག་གི་གསར་ཤོག་དང་རླུང་འཕྲིན་སོགས་ལས། ༸གོང་ས་ཡིད་བཞིན་ནོར་བུ་མཆོག ཡུལ་ག་གེ་མོར་“ཆིབས་བསྒྱུར་”གནང་སྟེ། གང་ཟག་ཆེ་གེ་མོ་དང་མཇལ་མོལ་མཛད་པའི་སྐོར་གྱི་གསར་འགྱུར་མཐོང་ཐོས་ཡོང་གི་ཡོད། ང་ཚོས་གསར་འགྱུར་ནང་སྤྱོད་པའི་ཚིག་“ཆིབས་བསྒྱུར་”ཞེས་པ་དེ། འགྲོ་བ་དང་ཡོང་བ། ཕྱིན་པའི་ཞེ་ཚིག་ཅིག་ཡིན་པ་ཤེས་ཀྱི་ཡོད་ཀྱང་། ཞེ་ཚིག་འདི་ཇི་ལྟར་བྱུང་མིན་མི་མང་པོ་ཞིག་གིས་ཤེས་ཀྱི་མེད།
སྔོན་མ་རྒྱལ་པོ་དང་བླ་ཆེན། དཔོན་རིགས་རྣམས་ཕར་ཚུར་འགྲོ་སྐབས། རྟ་ལ་བཞོན་ནས་འགྲོ་ཞིང་། རྟ་དྲེལ་སོགས་ལ་བཞོན་པའི་བྱ་བའི་ཞེ་ས་ལ་“ཆིབས་”ཟེར། (འདས་པ་ལ་བཅིབས་སམ་ཆིབས ། ད་ལྟ་བར་འཆིབ། མ་འོངས་པར་བཅིབ། སྐུལ་ཚིག་ཏུ་ཆིབས་) ཇི་ལྟར་མིག་གིས་ལྟ་བའི་ཞེ་ཚིག་“གཟིགས་་”ཞེས་པ་ལས། ལྟད་མོ་ལ་“གཟིགས་མོ་”དང་། ལྟ་ཆས་ལ་“གཟིགས་ཆས” ལྟ་སྣང་དང་མཐོང་སྣང་ལ་“གཟིགས་སྣང་”སོགས་ཞེ་ཚིག་མང་པོ་ཞིག་གྲུབ་པ་བཞིན། བཞོན་པའི་ཞེ་ཚིག་“ཆིབས་”ཞེས་པ་ལས། བཞོན་བྱ་རྟ་དྲེལ་སོགས་ལ་“ཆིབས་པ་” རྟ་ཆས་”ལ་“ཆིབས་ཆས་” རྟ་དྲེལ་ལ་དོ་དམ་བྱེད་མཁན་གཙོ་བོར་“ཆིབས་དཔོན་” རྟ་ལ་གཡོག་བྱེད་མཁན་ལ་“ཆིབས་གཡོག” རྟ་དྲེལ་བཞོན་སྟེགས་ལ་“ཆིབས་བཀྱག་”སོགས་ཀྱི་ཞེ་ཚིག་མང་པོ་ཞིག་གྲུབ་ཡོད།

2015-04-07

མཐུན་འགལ།

ཐུར་འབབ་ཆུ་བོ་གྱེན་འབར་མེ་ལྕེར་སུ་ཡིས་མཐོང་།།
དགའ་བྱེད་གཏམ་དག་སྐྱོ་བྱེད་གླུ་རུ་སུ་ཡིས་བཤད།།
མཐུན་བྱེད་ལམ་བཟང་འགྲས་བྱེད་གཤེད་དུ་སུ་ཡིས་བཀྲལ།།
གྲོལ་བྱེད་དབང་དག་བསྐྱིགས་བྱེད་ལས་ལ་སུ་ཡིས་བསྐོས།།

བྱིའུ་འཕུར་བཞིན་ལོ་མ་ལྷུང་བཞིན་སེམས་པ་སེམས་ལ་མེ་བཞིན་འབར།།
ཁ་བ་བཞུར་བཞིན་ཟིལ་པ་སྦྲུམ་བཞིན་སྙིང་ནི་སྙིང་ལ་རླབས་བཞིན་འཁྲུག །

2015-04-04

“བཀྲ་ཤིས་བདེ་ལེགས་”གླེང་བ།

“བཀྲ་ཤིས་བདེ་ལེགས་”ཞེས་པ་ནི། བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར། མཁས་པའི་གསུང་འབུམ། གཞི་བདག་གི་བསང་མཆོད་སོགས་ཀྱི་ནང་དུ་ཡོངས་ཁྱབ་ཏུ་འཁོད་པའི་ཚིག་གཅིག་ཡིན་པ་མ་ཟད། དེང་སང་བོད་མི་ཕལ་མོ་ཆེའི་ངག་ཏུ་བྱང་བའི་རྒྱུན་སྤྱོད་ཀྱི་ཚིག་ཅིག་རེད། ཡིན་ནའང་ཚིག་འདི་ཇི་ལྟར་བྱུང་བའི་ཐད་དཔྱད་ཞིབ་བྱས་པ་མ་མཐོང་ལ། གོ་དོན་གྱི་ཐད་དུའང་བོད་ཡིག་ནང་“དགེ་ལེགས་ཀྱི་འབོད་ཚིག”ཅེས་སོགས་རགས་བཤད་ཙམ་ལས་མ་མཆིས། བོད་སྐད་རང་དུ་དེའི་འགྲེལ་བཤད་གསལ་པོ་ཞིག་མེད་པའི་དབང་གིས་དབྱིན་སྐད་སོགས་སུ་དེའི་དོན་འགྲེལ་སྐབས། ཕན་ཚུན་ཐུག་སྐབས་སྤྱོད་པའི་འཚམས་འདྲིའི་ཚིག་ཅིག་རེད་ཟེར་བ་དང་། བཀྲ་ཤིས་ནི་རྟེན་འབྲེལ་བཟང་བ་དང་། བདེ་ལེགས་ནི་བདེ་བའམ་ཐང་བའི་དོན་རེད་ཟེར་བ། ཡང་ལ་ལས། བྱིན་རླབས་དང་རླུང་རྟ་འཕེལ་བའི་དོན་དུ་བསྒྱུར་བ་དང་། ལ་ལས་ཁོར་ཡུག་འདིར་བཀྲ་ཤིས་པའི་རྟགས་ཡོངས་སུ་འཛོམས་པ་ཤོག་ཅེས་པའི་དོན་དུ་བསྒྱུར་བ། ལ་ལས་ཚིག་འདི་དབྱིན་སྐད་དུ་བསྒྱུར་ཐབས་མེད་པ་ཞིག་རེད་ཟེར་བ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད།

སྒྲོལ་མ་མེ་ཏོག

༄༅།། བོད་པས་དགའ་ཤོས་ཀྱི་མེ་ཏོག་གཅིག་ནི། སྒྲོལ་མ་མེ་ཏོག་རེད། གལ་སྲིད་ཁྱེད་རང་བོད་དང་དེའི་ནང་ནས་ཀྱང་ལྷ་སར་སོང་ན། མཐོ་བླ་མའི་གསེར་ཁྲི་དང་། དགོན་པའི་རྟེན་གཙོའི་མདུན་དུ་སྒྲོལ་མ་མེ་ཏོག་བསྒྲིགས་པ་མཐོང་གི་རེད་ལ། བར་གྲྭ་བཙུན་སོ་སོའི་གྲྭ་ཤག་དང་། དམའ་ཁྱིམ་ཚང་དཀྱུས་མ་ཚོའི་སྒེའུ་ཁུང་འཁྲིས་སུ་སྒྲོལ་མ་མེ་ཏོག་བཤམས་པ་མཐོང་གི་རེད།

སྒྲོལ་མ་མེ་ཏོག་གི་མིང་ལ་སྐྱེ་དངོས་ཚན་རིག་པ་ཚོས་(Matthiola incana)ཞེས་བཏགས་ཡོད། མེ་ཏོག་འདི་ལ་དུས་ནམ་ཞིག་ལ་གང་ཟག་སུས་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་བོད་མིང་སྒྲོལ་མ་མེ་ཏོག་ཅེས་བཏགས་མིན་གསལ་པོ་མི་ཤེས། 

བོད་དུ་སྐྱེ་བའི་མེ་ཏོག་འདིའི་སྡོང་པོའི་རིང་ཚད་ཕྲུ་གང་ཟིན་མ་ཟིན་ཙམ་ལ།

2015-02-23

ཕྱི་ལོ་ ༢༠༡༥ རབ་གནས་ཤིང་ལུག་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གཏམ་དྲང་སྲོང་མེ་ཏོག་མ།





ངའི་དྷ་སའི་ལས་ཤག་མདུན་གྱི་དྲང་སྲོང་མེ་ཏོག པར་པ་ཆུང་ཚེ་རིང་། པར་ལོ་ ༢༠༡༢
༄༅། །ཤིང་མོ་ལུག་གི་གནམ་ལོ་གསར་དུ་བཞད་པའི་སྐབས་འདིར། སྤུན་ཉེ་དང་གྲོགས་པོ། ངོ་ཤེས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་བ་མཚོན་ཕྱིར་དྲང་སྲོང་མེ་ཏོག་རབ་ཏུ་བཞད་པའི་འདྲ་པར་འདི་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་ཚུལ་དུ་འབུལ་གྱི་ཡོད།

མེ་ཏོག་འདི་ལ་ལོ་རྒྱུས་ཤིག་ཡོད། དེ་ཡང་ངའི་བཟའ་ཟླ་འཚམས་ལགས་ནི་རྩི་ཤིང་གི་རིགས་སྤྱི་དང་ལྷག་པར་མེ་ཏོག་ལ་ཧ་ཅང་དགའ་མཁན་ཞིག་རེད། ཁོང་གིས་རྩི་ཤིང་དང་མེ་ཏོག་གི་རིགས་མང་པོའི་དབྱེ་བ་དང་སྐྱེ་འཕེལ་བྱེད་སྟངས་ཤེས་པས། ནམ་རྒྱུན་ངེད་གཉིས་ནགས་ཚལ་དང་སྐྱེད་མོས་ཚལ་སོགས་སུ་འཆམ་འཆམ་ལ་འགྲོ་སྐབས། ཁོང་གིས་རྩི་ཤིང་དང་མེ་ཏོག་གི་སྐོར་ལ་འགྲེལ་བཤད་ཡིད་འཕྲོག་པ་གནང་གི་རེད།

དྷ་རམ་ས་ལར་ངེད་གཉིས་ཀྱི་ལས་ཤག་གི་རྒྱབ་མདུན་དུ། ངའི་བཟའ་ཟླས་མེ་ཏོག་སྣ་ཚོགས་འདེབས་གསོ་བྱས་ཤིང་། མེ་ཏོག་འདེབས་ས་ནི། ལས་སླ་པོར་ཐོབ་ཐུབ་པའི་འགྱིག་དམ་གྱི་ཁ་གཏུབས་པ་དང་། སྣུམ་གྱི་ལྕགས་ཊིང་གི་ཁ་བྲེག་པ་སོགས་ཀྱིས་འགྲིག་པར་བྱས་པ་ལས་རྒྱས་སྤྲོས་ཅན་གྱི་མེ་ཏོག་ཁོག་མ་དེ་འདྲ་མ་རེད། སྐབས་དེ་དུས་ངའི་བུ་མོ་བསྟན་འཛིན་ནོར་འཛིན་ལགས་རྒྱ་གར་མ་སུ་རིའི་ཉེ་འགྲམ་གྱི་སེ་ལ་ཀུའི་བོད་ཁྱིམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད་རེད།
ཐེངས་ཤིག་ངས་བུ་མོ་གུང་གསེང་དུ་བསུ་བར་འགྲོ་སྐབས། ཁྲོམ་གཞུང་དུ་དྲང་སྲོང་མེ་ཏོག་ཡལ་ག་དང་ལོ་མ་ཕྲན་བུ་ཡོད་པ་ཆུང་ཆུང་ཞིག་བཙོང་གི་འདུག་པས། བུ་མོ་ནོར་འཛིན་གྱིས་མེ་ཏོག་དེ་རང་གི་ཨ་མར་རྔན་པའི་ཚུལ་དུ་ཉོ་འདོད་འདུག་ཟེར། ངེད་གཉིས་དེའི་དགོང་མོ་སྤྱི་སྤྱོད་རླངས་འཁོར་ནང་དྷ་སར་ཐོན་དགོས་པ་དང་། དེ་ཡང་སྤྱིར་བཏང་གི་སྤྱི་སྤྱོད་རླངས་འཁོར་ནང་འཚང་ཁ་བརྒྱབ་སྟེ་འགྲོ་དགོས་པ་ལས། རྒྱས་སྤྲོས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་མིན་སྟབས། མེ་ཏོག་ཁོག་མ་དེ་ཉོས་ན་དཀའ་ངལ་ཆེ་རོགས་རེད་དྲན་ཏེ་ཁས་ལེན་མ་བྱས་པར་ཕར་ཙམ་སོང་བ་ཡིན། འོན་ཀྱང་བསམ་བློ་གཏོང་གིན་གཏོང་གིན། བུ་མོ་ཆུང་ཆུང་འདིས་རང་གི་ཨ་མར་ཨ་མའི་དགའ་ཤོས་ཀྱི་མེ་ཏོག་ཅིག་རྔན་པར་འབུལ་འདོད་བྱེད་པ་འདི་ཧ་ཅང་ཡག་པོ་རེད་དྲན་ནས་བུ་མོ་ནོར་འཛིན་གྱི་འདོད་པ་བཞིན་དྲང་སྲོང་མེ་ཏོག་དེ་ཉོས་པ་ཡིན།

མེ་ཏོག་དེ་དྷ་སར་འཁྱེར་ཡོང་སྐབས། དཀའ་ངལ་ཆེན་པོ་བྱུང་། བུ་མོ་ངེད་གཉིས་སྤྱི་སྤྱོད་རླངས་འཁོར་ནང་འཛུལ་སྐབས། མི་ཚོགས་མང་བས་རྡེ་ར་རྡོན་ནས། ཅན་དྷི་སྒར་བར་ཆུ་ཚོད་ཁ་ཤས་རིང་ལངས་ལངས་པར་ཡོང་། འཚང་ཁའི་ནང་རྒྱབ་ལ་ལྟོ་ཕད་ཡོད་པ་དང་། ལག་པས་ཕྱོགས་གཅིག་ནས་ངའི་བུ་མོ་ལ་སྲུང་སྐྱོབས་བྱེད་དགོས་པ་དང་། ཕྱོགས་གཞན་ནས་མེ་ཏོག་འཁྱེར་དགོས་དུས་དཀའ་ངལ་ཆེ་དྲགས་ཏེ། མེ་ཏོག་དེ་གཡུག་དགོས་མིན་ནམ་ཐེངས་ཁ་ཤས་དྲན། ཡིན་ནའང་ལམ་ཐག་ག་ཚོད་ཀྱིས་རིང་བ་སོང་བ་དེ་ཚོད་ཀྱིས། ད་འདི་བར་འཁྱེར་ཡོང་ཟིན་པས། ཏོག་ཙམ་བཟོད་མ་ཐུབ་པ་ག་རེ་ཡོད་དྲན།
ཅན་དྷི་སྒར་ནས་ངེད་གཉིས་ལ་རྐུབ་སྟེགས་ཐོབ་ཀྱང་། མེ་ཏོག་དེ་འཇོག་ས་བརྟན་པོ་ཞིག་སྤྱི་སྤྱོད་རླངས་འཁོར་ནང་མེད་སྟབས། ལག་པར་འཁྱེར་དགོས་ཤིང་། ལག་པར་འཁྱེར་ན་གཉིད་ཁུག་ཐབས་བྲལ། གང་ཟིན་ཟེར་ན། གཉིད་ཁུག་ན་མེ་ཏོག་ལག་ནས་ཤོར་ངེས་རེད། དེའི་མཚན་མོ། ངའི་བུ་མོས་སྡུག་རུས་ཆེན་པོས་གང་ཐུབ་ཀྱིས་མེ་ཏོག་དེ་ལག་པར་འཁྱེར་ནས་ཡོང་། ངེད་གཉིས་ཀྱིས་མེ་ཏོག་དེའི་ཆེད་དུ་དེ་འདྲའི་དཀའ་ལས་རྒྱག་གི་ཡོད་པ་དེ། སྤྱི་སྤྱོད་རླངས་འཁོར་གྱི་འཛིན་བྱང་འཚོང་མཁན་དེས་མཐོང་རྗེས། ཁོང་གིས་མེ་ཏོག་ཁོག་མ་ཆུང་ཆུང་དེ། འགྱིག་ཁུག་མཁྲེགས་པོ་ཞིག་གི་ནང་བླུགས་ཏེ། ཁ་ལོ་པའི་རྒྱབ་ཀྱི་ལྕགས་ཧྲང་ལྡེབས་ལ་བརྟན་པོར་བསྡམས་སོང་། འོན་ཀྱང་ང་རང་ད་དུང་བློ་མ་བདེ་བར་ཐེངས་ཁ་ཤས་བལྟ་དགོས་བྱུང་།


ཐ་མ་གང་ལྟར་མེ་ཏོག་དེ་ལ་སྐྱོན་ཆག་གང་ཡང་མེད་པར་དྷ་སར་འཁྱེར་ཐུབ་པ་བྱུང་ཞིང་། ངའི་བཟའ་ཟླས་མེ་ཏོག་དེ་མཐོང་བ་དང་གསེར་སྲང་སྟོང་ཕྲག་རག་པ་ལྟ་བུའི་དགའ་ཚོར་བྱས་ཏེ། ལམ་སང་ཁོག་མ་ཆེན་པོ་ཞིག་གི་ནང་ཉེ་ཁོར་ཤིང་ནགས་ཀྱི་ནང་ནས་ས་རྒྱུ་གཤིན་པོ་ཞིག་བླངས་རྗེས། མེ་ཏོག་དེ་དེའི་ནང་བཏབ། དེ་ནས་ཉི་མ་རིམ་སོང་གིས་མེ་ཏོག་དེ་ཇེ་ཆེར་འཚར་ཞིང་། གཟའ་ཉི་མར་ངེད་གཉིས་ཀྱིས་སློབ་གྲྭར་ཡོད་པའི་བུ་མོ་ནོར་འཛིན་ལགས་ལ་ཁ་པར་གཏོང་སྐབས། བརྗོད་གཞི་གཙོ་བོ་གཅིག་ནི་མེ་ཏོག་དེ་ད་ཆ་ཆེ་ཆུང་ཇི་ཙམ་ཆགས་ཡོད་མེད་དེ་རེད། མཐར་མེ་ཏོག་དེ་མཚར་སྡུག་རབ་ཏུ་ལྡན་པའི་ངང་བཞད་ཅིང་། དེ་ཡང་ཐེངས་གཅིག་བཞད་པ་ཙམ་མ་ཡིན་པར། ལོ་རྟག་པར་རྒྱུན་མཐུད་དུ་བཞད།
བུ་མོ་བསྟན་འཛིན་ནོར་འཛིན་དང་བུ་འྂཕྲིན་ལས་ལགས་གཉིས་ཨོ་སི་ཊོ་ལི་ཡའི་མཐོང་མདོག་རི་བོའི་ནགས་ཚལ་དུ་ལྟ་སྐོར་བྱེད་བཞིན་པ།
པར་པ། ཆུང་ཚེ་རིང་། པར་ལོ་ ༢༠༡༤

ང་རང་དྷ་སར་ཡོད་དུས་ཕྱི་དྲོ་ཇ་མངར་མོ་འཐུང་ཞོར་མེ་ཏོག་དེ་ལ་ལྟ་རྒྱུར་དགའ་པོ་ཡོད། མེ་ཏོག་དེ་ལ་ལྟ་བཞིན་ངའི་སེམས་ནང་རྟག་པར། ཕ་མའི་དགའ་མོས་ཀྱིས་ཕྲུ་གུར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་འདུག་སྙམ། ངའི་ནང་ལ་ཆ་བཞག་ན། ཨ་མ་རྩི་ཤིང་ལ་དགའ་བ་དང་། རྩི་ཤིང་སྐོར་གྱི་ཤེས་བྱ་ཕུན་སུམ་ཚོགས་པོ་ཡོད་པ་དེས། ངེད་གཉིས་ཀྱི་ཕྲུ་གུ་གཉིས་པོར་ཡང་ཤུགས་རྐྱེན་ཐེབས་ཏེ། དེང་སང་ཕྲུ་གུ་གཉིས་རྩི་ཤིང་དང་མེ་ཏོག་ལ་ཧ་ཅང་དགའ་བ་མ་ཟད། བུ་མོ་ནོར་འཛིན་གྱིས་གཞི་རིམ་གོང་མའི་སློབ་ཚན་གཙོ་བོར་སྐྱེ་དངོས་ཚན་རིག་བདམས་པ་དང་། འབྱུང་འགྱུར་སྐྱེ་དངོས་རིག་པའི་ཐད། རིགས་གཅིག་རྐང་འཛིན་བྱེད་འདོད་བྱེད་བཞིན་འདུག
གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།།།

2015-02-09

ཐང་སྟོང་གི་སྲིད་པ།

ཆར་པ་ཡར་ནས་བབས་རྗེས་རླངས་པ་མར་ནས་འཕྱུར་རོ།།
མར་གྱི་འཇམ་ཤའི་འོག་ན་རལ་གྲིས་མེ་དབལ་ངོམ་མོ།།
སྟག་རྒོད་ཕ་ནས་ཤི་རྗེས་སྡུག་བསྔལ་མ་ནས་མྱོང་ངོ་།།
རལ་གྲིའི་སོ་ཁ་དེ་ན་སྦྲང་རྩིའི་མངར་ཁ་ལྡན་ནོ།།

གཤིན་པོའི་ཁ་ཆེམས་ཟེར་ཡང་གསོན་པོའི་དམ་བཅའ་ཡིན་པའི།།
ཆུ་བོ་རབ་མེད་འདི་ནས་བརྒལ་མཁན་མི་རྒན་སུ་ཡོད།།

ཁྱེད་རང་རྟ་ལ་ཆིབས་ཏེ་ལག་པས་གྲི་རིང་གསོར་ཞོར།།
དུ་བ་སྒང་ནས་ལྡིང་བཞིན་རྡུལ་འཚུབ་འོག་ནས་ལངས་ཀྱིན།།
མུ་མེད་ཐང་ཆེན་དེ་ན་ཡར་མར་ཁེར་རྒྱུག་བྱེད་པ།།
གནམ་གྱིས་བལྟས་ཀྱང་མ་མཐོང་རྩ་དོན་ཞིག་ནི་ཡིན་སྐད།།

2014-12-23

གླིང་མེ་དང་བག་ཐུག ཞབས་དཀར་ཚོགས་དྲུག་གི་ལྔ་མཆོད་དགེ་སྐུལ།

དེ་རིང་དགའ་ལྡན་ལྔ་མཆོད་རེད། ང་བྱིས་པ་ཡིན་དུས། “དགའ་ལྡན་ལྔ་མཆོད་ཐོག་ཁའི་རྩེ་ལ་ཡོད།། ཐུག་པ་བག་ཐུག་ཁོག་མའི་གཏིང་ལ་ཡོད།།”ཅེས་པའི་ཚིག་བཅད་རྐང་པ་གཉིས་དེ། གྲོང་ཚོའི་ནང་གི་བྱིས་པ་ཚོས་ཞོགས་པ་ནས་དབྱངས་དང་བཅས་ཏེ་འདོན་གྱི་རེད། དེ་ནི་དེ་ཉིན་དགའ་ལྡན་ལྔ་མཆོད་རེད་ཅེས་དྲིལ་བསྒྲགས་བྱེད་པ་དང་འདྲ།

ཀ) གླིང་མེ།
གོང་གི་ཚིག་བཅད་རྐང་པ་གཉིས་ཀྱིས་དགའ་ལྡན་ལྔ་མཆོད་ཀྱི་བྱེད་སྒོ་གལ་ཆེ་ཤོས་གཉིས་ཏེ། ཁང་ཐོག་ཏུ་“མཆོད་མེ”སྦར་བ་དང་། ཁྱིམ་ཚང་རེའི་ཐབ་ཚང་དུ་“བག་ཐུག”བསྐོལ་བ་གཉིས་ཧ་ཅང་སྙན་འཇེབས་ལྡན་པའི་ངང་བསྟན་པ་རེད། ངའི་ཕ་ཡུལ་དུ་བཞི་མཆོད་དང་ལྔ་མཆོད་གཉིས་ཀར་མཆོད་མེ་སྤོར་ཞིང་། དེ་ཡང་བཞི་མཆོད་ཀྱི་མཆོད་མེ་ནི། ལོ་འཁོར་མོའི་རིང་གི་དུད་ཚང་སོ་སོའི་ཤ་ཚིལ་ཡག་ཤོས་ཀྱི་ཕུད་བསགས་པ་བཞུར་ཏེ་མཆོད་མེ་འབུལ་བ་དང་། ལྔ་མཆོད་ཀྱི་དགོང་མོར། དུད་ཚང་སོ་སོས་གཙགས་པའི་སྣུམ་གྱི་ཕུད་ཀྱིས་མཆོད་མེ་འབུལ་བ་རེད། (ང་ཚོའི་གྲོང་གསེབ་ཏུ་སྔོན་མ་ཁྱིམ་ཚང་སོ་སོའི་ཟ་སྣུམ་སོ་སོས་ཐོན་སྐྱེད་བྱེད་པ་རེད།) བཞི་མཆོད་དང་ལྔ་མཆོད་ཀྱི་མཆོད་མེ་དེ་ཁྱིམ་ཚང་སོ་སོའི་ཁང་ཐོག་གི་གོང་འཕྱོང་(ཁང་སྟེང་གི་ཕྱོགས་ཡོངས་བསྐོར་བའི་ར་བ)སྒང་ལ་འབུལ་དགོས་ཤིང་། བཞི་མཆོད་ཀྱི་དགོང་མོའི་ཚིལ་མཆོད་བཞེས་སྟོབས་ཆེ་ཆུང་ལ་གཞིགས་ཏེ་སྒོ་ཟོག་སེམས་ཅན་གྱི་འཕེལ་ཁ་དང་གོད་ཁར་བརྟག་པ་བྱེད་པ་དང་། ལྔ་མཆོད་ཀྱི་སྣུམ་མཆོད་བཞེས་སྟོབས་ཆེ་ཆུང་ལས་ལོ་ཏོག་དང་ནད་མུག་ཡོང་མིན་བརྟག་པ་བྱེད། ཁྱིམ་ཚང་སོ་སོས་དེ་ལྟར་མཆོད་མེ་ཕུལ་ཏེ་གྲོང་ཚོའི་གླིང་ཡོངས་ཁྱབ་པར་བྱེད་པས། ལོ་རྒྱུས་ཐོག་དེ་ལ་“གླིང་མེ་”སྤོར་བའི་ཐ་སྙད་ཆགས་ཡོད།

༄༅།། མཁས་དབང་དམ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཛད་པ་ཨང་དང་པོ་བཅུ་ལ་རྗེས་དྲན་ཞུ།

“ངས་རང་ཡུལ་གྱི་གནས་ཚུལ་ལ་ཟུར་ནས་ལྟ་བཞིན་རང་ཉིད་[ཨ་རིའི་གྲོང་ཁྱེར་]སི་ཡ་ཊལ་དུ་དྲོ་སྐྱིད་དང་ལྡན་ལ་ཉེན་ཁ་མེད་པར་སྡོད་པ་འདི། ཚུལ་དང་མཐུན་པ་ཞིག་ཡིན་པར་དག་འབུད་ཇི་ལྟར་བྱེད་ཐུབ་བམ། ་་་ཕྱིན་ཆད་ཅི་ཡོང་སྔོན་དཔག་དཀའ་བའི་བོད་ཀྱི་དོན་དུ། ད་ཡོད་ཀྱི་འཚོ་བ་གསར་པ་འདི་འདོར་རྒྱུའི་སྙིང་སྟོབས་ང་རང་ལ་ཨེ་ཡོད”______བཀྲ་ཤིས་ཚེ་རིང་གི་རང་རྣམ་"ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་"ཞེས་པའི་གླེང་གཞིར་གསལ།


༄༅།། ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༥ ཉིན་བོད་ཀྱི་ཤེས་ཡོན་སློབ་གསོ་དང་། ཚིག་མཛོད་རྩོམ་སྒྲིག སྤྱི་ཚོགས་གནད་དོན་བཅས་ཀྱི་ཐད་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་གཞིས་བཞུགས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་པས་སྐྱོ་གདུང་ཆེ།

མཁས་དབང་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་ནི་ཀྱག་ཀྱོག་མང་བ་ཞིག་རེད་ལ་ཁོང་ལ་ཐོབ་པའི་གྲུབ་འབྲས་ཡོངས་རྫོགས་རང་ཉིད་ཀྱི་ལྷག་བསམ་དང་འབད་བརྩོན། བློས་གཏོང་བཅས་ལ་བརྟེན་ནས་ཐོབ་པ་ཞིག་རེད། ང་ཚོས་དམ་པ་ཁོང་ལ་རྗེས་དྲན་ཞུ་ན། ཁོང་གི་སྙིང་སྟོབས་དང་། དམིགས་ཡུལ། ལྷག་བསམ། བློས་གཏོང་བཅས་ལ་སློབ་སྦྱོང་ཞུ་དགོས་པ་དེ་དོན་གྱི་སྙིང་པོ་རེད། དེར་བརྟེན་གཤམ་དུ་ཁོང་གི་ལོ་རྒྱུས་འགའ་ཞིག་གླེང་གི་ཡིན།

དམ་པ་ཁོང་ ༡༩༢༩ ལོར་གཙང་ཁུལ་གུར་ཕྱོགས་གྲོང་ཚོར་འཁྲུངས་ཤིང་ ༡༩༣༩ ལོར་བོད་གཞུང་གི་མཆོད་སྤྲིན་གར་རོལ་པའི་ཁོངས་སུ་ཚུད། ༡༩༤༧ ལོར་བོད་གཞུང་འཕྲལ་སྡེ་ལས་ཁུངས་ཀྱི་ལས་བྱར་ཡིག་རྒྱུགས་ཀྱི་ལམ་ནས་ཞུགས། ༡༩༥༧ ལོར་རྒྱ་གར་རྡོ་རྗེ་གླིང་དུ་སློབ་གཉེར་གནང་། ༡༩༥༩ ལོར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་མགོ་ཁྲིད་འོག བོད་མི་བཙན་བྱོལ་བའི་ས་ནས་རྒྱ་གཞུང་གིས་བོད་ནང་ཁྲིམས་འགལ་དྲག་སྤྱོད་དང་གཏོར་བཤིག་བཏང་བའི་བདེན་དཔང་ཚིག་ཐོ་བསྡུས་པ་དབྱིན་ཡིག་ཏུ་བསྒྱུར་ཏེ་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་སུ་ཕུལ། དེ་བཞིན་འབྲས་ལྗོངས་སུ་ཡོད་པའི་བོད་གཞུང་གི་གསེར་དངུལ་རྣམས་ཀ་ལི་ཀ་ཏར་འོར་འདྲེན་རྗེས་སྲུང་སྐྱོབས་ཀྱི་འགན་ཁུར། ༡༩༦༠ ལོར་རང་ངོས་ནས་ཐབས་ཤེས་གནང་ནས་ཨ་རིར་སློབ་སྦྱོང་དུ་ཕེབས། ༡༩༦༤ ལོར་བོད་ལ་ལོག་ཀྱང་རྒྱ་ནག་ཏུ་བཀག་སྟེ་བཙོན་འཇུག་དང་དཀའ་ངལ་སྣ་མང་མྱངས་མཐར་ ༡༩༨༢ ལོར་ལྷ་སར་གཏན་ལོག་ཐུབ་པ་བྱུང་། ཁོང་གིས་ད་ཕན་ཤེས་ཡོན་སློབ་ཁྲིད་དང་། ཚིག་མཛོད་རྩོམ་སྒྲིག སློབ་གྲྭ་གསར་འཛུགས། དྲང་བདེན་མིན་པའི་སྲིད་བྱུས་ལ་ངོ་རྒོལ་སོགས་ལས་དོན་སྣ་མང་གནང་ཡོད་ཅིང་། དེ་ཚོའི་ནང་གི་མང་པོ་ཞིག་ནི་བོད་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་སྟེ།

2014-11-16

སྒྱུ་མའི་དྲན་གདུང་།



ཉི་མ་ཤར་ནས་ནུབ་ཅིང་ཟླ་བ་ནུབ་ནས་ཤར་།།
ཆུ་མོ་ལོག་པར་འདོད་ཀྱང་གྱེན་གྱིས་བཀག་སོང་ཟེར།
མི་ཚོ་སོང་ནས་ལོག་ཅིང་རི་དྭགས་ནགས་ནས་སོང་།།
སྐོམ་གདུང་སྐྱེལ་ཆང་སྐྱུར་མོས་ངེས་པར་གསོ་དགོས་འདྲ།།

ཁྱེད་ཀྱིས་མཇལ་ཡོང་ཟེར་བཞིན་ལག་གཡོབ་ནུབ་མཐའི་སྤྲིན་ལ་བྲིས།།
ཁྲུང་ཁྲུང་མང་པོས་སྤྲིན་མཛེས་ཟེར་ཞོར་ཤེའུ་ཚོགས་ལ་བང་ཁ་འགྲན།།
ཡུ་མོ་ཁྱུ་ཅིག་སྙིང་རྩ་འཕག་བཞིན་བྲག་ཐོག་འགྱིངས་པའི་ཤ་ཕོར་བལྟས།།
ཁྲག་རྭ་ཆག་པའི་སྙིང་ཆེན་དེ་ཡིས་སྙིང་པོ་མེད་པའི་སྙིང་ཞིག་རིག །

སྙིང་རྩ་དེ་ནས་ཁྲག་རྒྱུན་བཞུར་ཅིང་གེ་སར་སྒྲུང་གླུ་ཁེར་ལེན་བྱེད།།
བྲག་ཆ་དེ་ཡང་ཡང་ཡང་གྲགས་ནས་རི་རྩེའི་དར་ལྕོག་སྒྱེལ་སྙམ་སྙམ།།
ཤིན་ཏུ་ཚ་བའི་མེ་འོབས་དེ་ཡིས་རྣམ་ཤེས་བརྒྱ་ཕྲག་བསུ་བའི་མདུན།
རྡེའུ་འབུམ་ཁོ་ནས་ལ་རྩེར་ལངས་ནས་ང་ཚོའི་དྲན་གྲངས་ཟློ་བཞིན་འདུག །
རྡེའུ་འབུམ་ཁོ་ནས་མཐོ་སར་སྒྲེང་ནས་ང་ཚོའི་བློས་གཏོང་ཤོད་བཞིན་མཆིས།།

རི་གཤམ་དེ་ན་མཚེའུ་ཆུང་སྦལ་པས་གླལ་འགྱིངས་བྱེད་ཞོར་སྐད་ངན་འབྱིན།།
མཚོ་འགྲམ་རྩྭ་ཡན་ཁྲམ་གླུ་ལེན་བཞིན་ཕར་ཡོ་ཚུར་ཡོའི་ཚུགས་ཀ་ངོམས།།
འབུ་སྲིན་མང་པོས་རིལ་མར་འཐབ་ཞོར་ནག་པོ་གཤེད་ལ་འཛིངས་ཡོད་ཟེར།།
ཁ་ནག་སྐད་ཆ་ཚོན་ནང་བཙོས་པས་ཐོག་མའི་སྐད་གདངས་མཐོང་ཐབས་བྲལ།།
གང་ན་འཐབ་ཅིང་བྲལ་ན་དེ་ན་ཞི་བདེ་ལྷན་འཛོམས་དྲན་ནོ་ཞེས།།
གཞིས་བྱེས་ཡ་བྲལ་རྡོ་རིང་དེ་ན་མ་བྲིས་གསལ་བ་གནམ་གྱིས་རིག །

ཆུ་འགྲམ་བྱེ་མས་སྣག་ཚ་བཏུང་སྟེ་སྙན་ངག་འཇའ་ཚོན་མཚོ་ལ་བྲིས།།
དྲི་བཞོན་བུ་མོ་སྙིང་ག་མྱོས་ཏེ་ཕར་ལ་འཁྱོར་ཅིང་ཚུར་ལ་འཁེན།།
ང་ཡི་ལོ་མ་ལྗང་ཁུ་དེ་ཡང་གང་ན་ཅུང་ཟད་སྐྱིད་དམ་ཞེས།།
བྱ་སྒྲོ་དཀར་པོས་མཚོ་གླིང་ཞིག་ནས་ཁེར་ལབ་བྱེད་པ་སུ་ཡིས་གོ།། །།

2014-11-05

ང་ཡི་ཆང་གཞས།

སེར་ལ་དྲི་བསུང་འཐུལ་བའི།།
ནས་ཆང་གར་མ་འཁྱོགས་ཅིག།།
བུ་ངའི་མགྲིན་འགུག་ཞན་ཡང་།།
ཆང་གཞས་ཐབས་རྡུགས་ལོས་ཐུབ།།

ད་ནངས་དབུགས་རིང་ཤོར་བྱུང་།།
ཁ་སང་སྤོབས་པ་སྐྱེས་མྱོང་།།
སང་ཉིན་ཅི་ཡོང་མི་ཤེས།།
གླུ་འདིར་མཐོ་དམའ་ལོས་ཡོང་།།

སེམས་ཀྱི་གཏིང་ནས་དྲན་བཞིན།།
གཏམ་གྱི་ནང་དུ་གཞན་ཞིག །
ངལ་གསོ་སྙིང་ལ་ཉར་བའི།།
ཞབས་བྲོ་རྫུན་མ་ལོས་མཛེས།།

རྫུན་གྱི་ཚང་ཚིང་གསེང་ན།།
བདེན་པའི་མེ་ཏོག་འཛུམ་ཡོད།།

རོལ་དབྱངས་འདི་ཡི་བཅུད་དེ།།

2014-10-14

ཁྱེད་ཀྱི་ཡིད་ཆེས་བརླག་པ་ང་ཡིས་ཐོས།།

མཐོང་རྒྱ་ཡངས་པའི་སྒེའུ་ཁུང་ཕྱེ་བཞིན་དུ།།
མངར་ཁ་ཆེ་བའི་ཞོགས་ཇ་འཐུང་བཞིན་དུ།།
ཁོ་བོའི་སྨྱུ་གུས་ཁྱེད་རང་འབྲི་བཞིན་ཡོད།།
བྲིས་ནས་མི་ཡོང་ཤེས་ཀྱང་འབྲི་བཞིན་ཡོད།།

མཚོ་རླབས་བསྙེགས་པའི་གྲུ་ཆུང་ལྟ་བཞིན་དུ།།
རྐང་རྗེས་མང་བའི་མཚོ་མཐར་མྱུལ་བཞིན་དུ།།
ཁོ་བོའི་སེམས་པས་ཁྱེད་རང་སྒུག་བཞིན་ཡོད།།
ཡོང་རྒྱུ་མིན་པ་ཤེས་ཀྱང་སྒུག་བཞིན་ཡོད།།

2014-06-30

ཕྲན་གྱི་དཔེ་དེབ་གསར་པ།

༄༅།། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དེབ་ཕྲེང་ ༡༧ པར། ཕྲན་ཆུང་ཚེ་རིང་གི་རྩོམ་ཡིག་ཁོངས་ནས། སྐད་ཡིག་རྩོམ་རིག་དང་འབྲེལ་བ་ཁག་ཅིག་ཕྱོགས་སྒྲིག་གིས་མིང་དུ་ཨོཾ་ཏོགཅེས་པའི་དཔེ་དེབ་ཅིག་ཉེ་ཆར་པར་སྐྲུན་གནང་འདུག
      
  བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་གསལ་བཤད་ནང་འདི་ནས་རྩོམ་པ་པོ་རེ་ཟུང་གི་བརྩམས་ཆོས་ལ་དམིགས་བསལ་ཁྱད་ཆོས་མཐོང་ཚེ་ང་ཚོར་དཔར་སྐྲུན་བྱེད་དུ་འཇུག་རྒྱུའི་གོ་སྐབས་གནང་རོགས་ཞུ་གི་ཡོད་ན། ད་ལམ་གྱི་བརྩམས་ཆོས་འདི་ཡང་དེ་དག་ཁྲོད་ནས་གཅིག་ཡིན་ཞེས་བཀོད་འདུག
        དཔེ་དེབ་འདིའི་ནང་། ཕྲན་གྱིས་བརྩམས་པ་དང་བསྒྱུར་བ་ཅི་རིགས་ཀྱི་སྒྲུང་རྩོམ་ཁག་བརྒྱད་དང་། སྙན་ངག་དང་ལྷུག་རྩོམ་ ༣༠ ལྷག  དཔྱད་རྩོམ་དང་མྱོང་བྱང་ཁག་དྲུག་བཅས་བཀོད་འདུག
        དེབ་ཀྱི་མིང་གི་ཐད་ཕྲན་གྱི་སྔོན་གླེང་ནང་་རྩོམ་རིག་ནི་ང་ལ་མཚོན་ན། མི་ཚེའི་ཉམས་མྱོང་གི་གཏེར་ནས་ཐོན་པའི་གཏེར་རྫས་ཡིན་ཞིང་། གལ་ཏེ་ཉམས་མྱོང་དེ་དག་ཡི་གེ་ཨོཾཡིན་ན། རྩོམ་རིག་ནི་དེའི་སྟེང་གི་ཏོག་ ཡིན། ངས་བོད་གཞིས་བྱེས་དང་སྐྱ་སེར། བཙོན་ཁང་དང་བཙོན་ཁང་གི་ཕྱི་ལོགས། ཞིང་ཁུལ་དང་གྲོང་ཁྱེར། ཤར་ཕྱོགས་དང་ནུབ་ཕྱོགས། དམར་ཤོག་དང་དམངས་གཙོ། སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས། གཞུང་ཞབས་དང་མི་མང་། དགེ་རྒན་དང་སློབ་ཕྲུག་སོགས་སྤྱི་ཚོགས་ཀྱི་གནས་བབས་མང་པོ་འགྲིམས་པའི་དེ་རིང་། རང་རྒྱུད་ལ་ཐོབ་པ་ནི་ཉམས་མྱོང་ཕྲན་བུ་ཡིན་ལ། དེ་དག་གི་སྙིང་པོ་ནི་རྩོམ་ཡིག་ཐར་ཐོར་དེ་ཚོ་ཡིན་ཞེས་བཤད་ཆོག་པ་འདྲ།ཞེས་བྲིས་ཡོད།

2014-06-18

ཤིན་ཏུ་གསལ་བའི་དྲན་ལ་མ་དྲན་ཁྱེད།

གསལ་ལ་མི་གསལ་དྲན་ཤེས་འདི་ཡི་ནང་།།
འདྲིས་ལ་མ་འདྲིས་ཁྱེད་རང་བརྟན་པོར་གནས།།
ཞིམ་ལ་མ་ཞིམ་ཞོག་ཁོག་བག་ལེབ་དེ།།
རྒྱགས་ལ་མ་རྒྱགས་ད་དུང་བཟའ་བཞིན་དུ།།

ཆར་གྱིས་བཀྲུས་པའི་ཡུལ་ལྗོངས་འདི་ཡི་ནང་།།
མིག་ཆུས་ཁེངས་པའི་སྒྲུང་ཞིག་ཡོད་རེད་ཟེར།།
ཀྱ་གེ་ཀྱོག་གེའི་རི་ལམ་དེ་ཡི་ངོས།།
སུ་ཡིས་སུ་ཞིག་དྲན་བཞིན་བསམ་བཞིན་དུ།།

རི་འགོ་དེ་ནས་ཤུགས་པའི་བསང་ཞིག་ཕུལ།།
ཐལ་མོ་སྙིང་གར་སྦྱར་ཏེ་འཕྲིན་ལས་བཅོལ།།
དར་ལྕོག་དེ་ཚོས་སུ་ཞིག་བརྗེད་པ་མེད།།
གཟུངས་སྔགས་དེ་ཚོ་ཆར་ཆུས་ཟུབ་བཞིན་དུ།།

ཆུ་མིག་དྭངས་གཙང་ནང་ན་མིག་ཟུང་གསལ།
རི་ཞིང་ཆུང་ཆུང་ནང་ན་འཛུམ་མདངས་འཁྱིལ།།
གཅིག་ལས་གཅིག་མཐོའི་རི་ཚོགས་དེ་ཚོའི་སེམས།།
དགའ་སྤྲོས་མྱོས་པ་བརྩེ་བས་ཚོར་བཞིན་དུ།།

2014-05-31

སྙིང་འདོད།

དེ་རིང་སྙན་ངག་ཅིག་འབྲི་བར་འདོད་ལ་རོལ་དབྱངས་ཤིག་ཀྱང་ཉན་སྙིང་འདོད། གློག་བརྙན་ཞིག་བལྟ་སྙིང་འདོད་ལ་ལས་ཀ་ཞིག་ཀྱང་བྱེད་པར་འདོད། འདོད་འདོད་མང་པོ་འདི་ཀུན་གྱི་མཐའ་ན་ཅི་ཞིག་ཡོད་དམ།

བསམ་ཕྱོགས་ཤིག་ལ། བཟི་གཏན་ནས་མ་མྱོང་བའི་ངས། མཚན་མོ་དེར་ཆང་རྔམ་འཐུང་བྱེད་པ་དྲན་ལ། དགོང་མོ་དེར། ངས་ཁྱེད་ལ་རྨ་ཁ་གཏོད་པའང་དྲན།

འཆར་གཞི་ཞིག་ལ། རི་བོ་མཐོ་ཞིང་ཆུ་མོ་རིང་ལ། སྤང་རྒྱན་མེ་ཏོག་མཛེས་པའི། རང་གི་ཕ་ཡུལ་དུ། རང་གི་སྐྱེ་ཡུལ་དུ། ཁྱེད་རང་འཁྲིད་ནས་འགྲོ་རྩིས་ཡོད། འགྲོ་རྩིས་སྙིང་ནས་ཡོད།

ཡིན་ནའང་། ད་ལྟ་ཁོག་རྒྱ་ཁབ་མིག་ཙམ་འཁྱེར་ཏེ། སྐད་ཆ་སྦོམ་པོ་ཤོད་མཁན་གྱི་ཁྲོད་དུ། ང་རང་ཅི་ཞིག་བྱེད་ཀྱིན་ཡོད་དམ། ཆང་ཕོར་ཁོ་ན་མ་གཏོགས་མི་དྲན་མཁན་དེ་ང་ཡིན་འོས་སམ།

ད་ལྟ་དངོས་གནས་སྙན་ངག་ཅིག་འབྲི་བཞིན། རོལ་དབྱངས་ཤིག་ཉན་གྱིན། ཁྱེད་ཀྱིས་བསྐོལ་བའི་ཇ་དེ་འཐུང་འདོད་འདུག་སྟེ། རུལ་བཞིན་པའི་ནགས་ཚལ་འདིའི་ཁྲོད་ན། ཇ་ཡི་བྲོ་བ་དང་ཁྱེད་ཀྱི་ལུས་དྲི་ཞིམ་པོ་དེས། ངའི་སྙིང་གི་རེ་འདོད་དེ་ཇི་ཙམ་བར་སྐོང་ཐུབ་བམ།
    གློ་བུར་ཉེ་འགྲམ་གྱི་སྒེའུ་ཁང་ལས་ཕྱི་ལ་བལྟ་བཞིན། ཤེལ་སྒོར་ཧ་ཅིག་བཏབ། ཤེལ་སྒོའི་ངོས་སུ་སྐད་ཅིག་ལ་ཆགས་པའི་ཁ་རླངས་གྱི་གཡའ་དེ་སྐར་ཆ་ཁ་ཤས་ལས་གནས་མི་སྲིད་པ་ངས་ཤེས་ཀྱང་། དེ་ལ་“གཏན་དུ་ཁྱེད་ལ་དགའ་”ཞེས་པའི་ཡི་གེ་ཞིག་འབྲི་བར་བརྩམས།

     དེ་ནི་རོལ་དབྱངས་དང་སྙན་ངག གློག་བརྙན། ད་དུང་མི་ཚེ་རེད།


2014-02-27

མཛའ་བཤེས་ཚོ། ལོ་གསར་ལ་བཀྲ་ཤིས་བདེ་ལེགས།




ལོ་གསར་ཟིན་པ་རེད་ཟེར། ང་ལ་ལོ་གསར་གྱི་ཚོར་སྣང་ཅི་ཡང་མི་འདུག
ཡིན་ནའང་། ངའི་སེམས་ནང་གི་མཛའ་བཤེས་ཚོ་ཧ་ཅང་ཧ་ཅང་དྲན།

གལ་ཏེ། གལ་ཏེ། གལ་ཏེ།
ང་ཚོ་མཉམ་དུ་ཕ་ཡུལ་དུ་འཛོམས་རྒྱུ་ཞིག་བྱུང་ན།
དུས་སྐབས་དེ་ལོ་གསར་མིན་ཡང་ང་ཚོའི་དོན་དམ་གྱི་ལོ་གསར་རེད།

གཞན་ཡུལ་ནས། ལོ་ངོ་གཅིག་རྗེས་གཉིས་མཐུད་དུ་མི་ལོ་ ༢༠ འདས་ཟིན།
ང་ཚོའི་གདོང་ལ་གཉེར་མ་དང་མགོ་ལ་སྐྲ་དཀར་སྐྱེ་འགོ་ཚུགས།

གལ་ཏེ། གལ་ཏེ། གལ་ཏེ།
ང་ཚོར་རང་དབང་གི་ངང་ནས་ལྷ་སའི་སྐྱིད་ཆུ་འཐུང་རྒྱུ་ཞིག་བྱུང་ཚེ།
ང་རང་སྐད་ཅིག་ཉིད་དུ་རྒན་འཁོག་ཏུ་གྱུར་ཏེ།
ཆུ་ཚོད་གཅིག་ལས་འཚོ་རྒྱུ་མེད་ཀྱང་འགྲིག་སྟེ། དེ་ནི་ངའི་ལོ་གསར་ཡིན།

མཛའ་བཤེས་ཚོ། ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
 ང་རང་སྐྱོ་རུང་ཁྱེད་རྣམ་པ་ངའི་དགའ་འཛུམ་སྟོན་ས་དེ་ཡིན་ལ།
ང་རང་སྡུག་རུང་ཁྱེད་རྣམ་པ་ངའི་སྨོན་ཚིག་འབུལ་ས་དེ་ཡིན།

ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

2014-01-19

མ་བི།

༅།། བོད་ཀྱི་ཡུལ་དབུས་ཀྱི་ཁ་སྐད་དུ། “མ་བི་”འམ་”མ་བིན“ཞེས་པ་ཞིག་རྗོད་སྲོལ་ཡོད་ཅིང་། དེ་སྤྱོད་སྟངས་དཔེར་ན། “མ་བི་(བིན་)མ་ཤོད་དང་།” “ཁོང་མ་བིན་(བི་)བཟོས་འདུག” ལྟ་བུར་མཚོན་ན། སྔ་མ་རྫུན་གཏམ་དང་ཕྱི་མ་རྫུན་མཁན་དུ་གོ་བར་མངོན།
“མ་བི་”ཞེས་པའི་ཚིག་འདིའི་འབྱུང་རྩ་གང་ཡིན་ཚིག་ཐག་ཆོད་པ་ཞིག་ཞུ་དཀའ་ཡང་། ཕྲན་གྱིས་ད་བར་དཔྱད་ཞིབ་བྱས་པ་ལྟར་ན། “མ་བི”ཞེས་པ་དེ། ཏུན་ཧོང་གི་ཡིག་རྙིང་ནང་དུ། མཐོ་ས་ལ་ “ཡ་བི་”དང་། དམའ་ས་ལ་“མ་བི་”ཞེས་གསལ་བའི་ཕྱི་མ་“མ་བི”དང་འབྲེལ་བ་ཡོད་ས་རེད་སྙམ། དེ་ཡང་ཏུན་ཧོང་ཡིག་རྙིང་ལས།
འབངས་ཀྱིས་ནི་རྗེ་བཀོལ་ཏམ། །
རྗེ་འིས་ནི་འབངས་བཀོལ་བའ། །
དགུང་སྔོན་ནི་ཡ་བི་མཁྱེན། །
མྱི་འིས་ནི་རྟ་བཞོན་ནམ། །
རྟ་འིས་ནི་མྱི་བཞོན་བ།། 

པྱྭ་འི་ནི་གཙུག་མཁན་མཁྱེན།།
རྩི་འིས་ནི་ཟོར་གཆད་དམ།།
ཟོར་གྱིས་ནི་རྩྭ་གཆད་པ།།
དོག་མོ་ནི་མ་བི་མཁྱེན།།1 ཞེས་གསལ་ཡོད།

2013-12-31

ངག་སྐུད།

མཐུད་མཚམས་མེད་པའི་སྐུད་པ་དེས།།
ཁྱེད་དང་ང་རང་སྦྲེལ་ཡོད་ན།།
སྣག་ཚ་མེད་པའི་སྨྱུ་གུ་ཟུང་།།
ལྷན་དུ་གཙང་པོར་བསྐྱུར་བར་བྱ།།

ཁྱེད་ཀྱིས་ཁོ་བོ་ག་ལ་མཁྱེན།།
ངས་ཀྱང་ཁྱེད་རང་ཤེས་ཀྱི་མེད།།
ཁྱེད་རང་སྙན་ངག་མཁན་རེད་ཟེར།།
ང་རང་སྙན་ངག་པ་རུ་རློམ།།

2013-12-16

འགྲམ་ཆང་།

སྤྲིན་བཞིན་རྒྱུ་བའི་རླངས་པ་དེ་ཡི་འོག །
མཆུ་སྒྲོས་འཛུམ་པའི་འོད་ཀྱིས་ཁྱབ་པ་ཡི།།
ཞལ་ཟས་ཆང་གི་རོ་ཡིས་སྙེམས་པ་དེ།།
སྙིང་ཁ་འགུལ་བའི་རོལ་དབྱངས་བཞིན་དུ་མཚར།།

ཁང་ཆུང་དཀར་པོའི་སྒོ་ཆུང་དེ་ག་ནས།།
ཁྱེད་ཀྱི་རྒྱབ་གཟུགས་དེ་ལ་རྣམ་པར་འཁྲེན།།
རང་བཞིན་གཤིས་ཀྱིས་ཉེ་བའི་ཁྱེད་དང་ང་།།
ཧ་ཅང་ཉེ་ཡང་ཧ་ཅང་ཧ་ཅང་རིང་།།

གཞན་དང་མི་གཅིག་གཤིས་ཀའི་ཚེར་མ་འདིས།།
ང་རང་མེ་ཏོག་ལྡུམ་རར་ཚུད་མི་སྲིད།།
ལག་པ་བསྲིངས་སའི་རི་དེ་འགྱུར་བ་ནས།།
རི་སྐྱེས་ང་རང་རི་བོ་གང་ལ་འཁེན།།

2013-11-25

བདུད་རྩི་འཐུང་བའི་ན་རོ་པ།

ཡལ་འདབ་སྐྲ་བཞིན་ཟིང་པའི་སྡོང་པོའི་བར།།
ཚོན་ལྡན་དར་གྱི་ལྡ་ལྡིས་ཅི་ཞིག་ཟློ།།
གསལ་ལ་མི་གསལ་ཟླ་འོད་དེ་ཡི་འོག
ཁྱེད་ཀྱི་དོ་ཧས་ང་རང་ཐོས་སྙམ་བྱེད།།

ནམ་མཁའ་སྐྱ་བོས་མཐོང་བ་ང་ཨེ་རེད།།
ས་གཞི་ནག་པོར་ཤོང་བ་ཁྱེད་ཡིན་ནམ།།
ཁུ་སིམ་འདི་ཡི་ཡོལ་བའི་ཕག་དེ་ན།།
ཁྱེད་ཀྱིས་བདུད་རྩི་བཞེས་ཏེ་བཞུགས་ཡོད་ཨང་།།


2013-11-04

བློང་བློང་ཡིད་གདུང་འདི་འདི་ཅི་ཞིག་རེད།།

དཀར་པོའི་མེ་ཏོག་ལྟ་བུའི་ཁ་བ་འདིས།།
ཁོ་བོའི་མགོ་བོ་ཡོངས་སུ་གཏུམ་གྱུར་ན།།
དམར་པོའི་མེ་ལྕེ་འདྲ་བའི་ཁྱེད་ཀྱི་སྙིང་།།
ད་ལྟ་བཞིན་དུ་ང་ལ་གཏོད་གྱུར་ཏམ།།

ནམ་ཞིག་འཇིག་རྟེན་འཁོར་མཚམས་ཆད་པ་ན།།
ང་ལ་གཏན་དུ་དགའ་ཞེས་གསུང་མཚམས་དེར།།
བརྟན་པར་བཞུགས་ཏེ་རྟག་བརྟན་འཛུམ་པའི་མདངས།།
ཁོ་བོའི་མིག་ཆུའི་གདོང་ལ་སྟོན་གྱུར་ཏམ།།

བློང་བློང་ཡིད་གདུང་འདི་འདི་ཅི་ཞིག་རེད།།
དུང་དུང་ངག་ཚིག་སྙན་སྙན་སུ་ལ་གྱེར།།
དྭངས་དྭངས་ཡིད་ཆེས་གཙང་གཙང་གང་ལ་བྱེད།།
ཁྱེད་ཁྱེད་གསུངས་དང་དང་བས་ཉན་ནས་ཡོད།།